ཁྲི་སྐལ་བཀྲའི་སྙན་ངག
རྩོམ་པ་པོ།:ཁྲི་སྐལ་བཀྲ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-03-25 10:50:34
ཀློག་གྲངས།:
ཁྱེད་རང་ལམ་ལ་ཆས་ཤུལ་དུ།
—སློབ་གཙོ་སྐལ་བཟང་སྒྲོལ་མར་ཕུལ་བ།
ཁྲི་སྐལ་བཀྲ།
ཁྱེད་རང་ལམ་ལ་ཆས་ཤུལ་དུ།
ནམ་ཟླ་འགྱུར་པའི་སེམས་ཁམས་འདི་རླུང་གིས་སྒུལ་བྱུང་།
སོམ་ཉིའི་དྲ་ལ་ཚུད་པའི་དཔྱིད་ཀའི་ནམ་མཁའ་རུ།
དཔེ་ཀློག་གི་སྐད་གདངས་ཟུག་པ་ཧ་ཅང་རྒོད།
ཡིན་ཡང་། རྣམ་དཔྱོད་ཀྱིས་བཞེངས་པའི་ཁྱེད་ཀྱི་ལམ་བུ།
དྭངས་གཙང་གི་ཕ་ས་ནས་རྒྱང་ལ་འཐེན་ཟིན་པས།
ཕྱི་མིག་གི་ཀློང་ན། བསྐྱུར་མི་ཕོད་པའི་ནོར་བུ་ཧ་ཅང་མོད།
དེ་དག་ནི་མི་ལོ་བཅུ་གསུམ་རིང་གི
ཆར་རླུང་དང་སྡེབ་པའི་ཟུངས་ཁྲག་གི་རྣམ་ཤེས་ཡིན་ལ།
སློབ་རའི་གཤོག་ཐོགས་ན་ཉར་པའི་རྨི་ལམ་དྲོན་མོ་ཡིན།
ད་ནི། ཅིས་ཀྱང་ཆང་རྫ་གང་བོ་འཐུང་འཕྲོར་ལུས་པ་བཞིན།
གཞི་ནས་ཁེར་རྐྱང་གི་སྨྲེང་གླུ་ཞིག་སྐྱོ་བས་གྱེར་དགོས་བྱུང་།
ཁྱེད་རང་ལམ་ལ་ཆས་ཤུལ་དུ།
དཔྱིད་སྡོང་འདར་བའི་བྱ་ཚང་འདི་འུར་གྱིས་བསླངས་བྱུང་།
གདུང་བའི་རྙི་ལ་ཟིན་པའི་སློབ་རའི་གྲུ་ཟུར་དུ།
སློབ་ཁྲིད་ཀྱི་གཟི་འོད་འཚེར་པ་ཧ་ཅང་མཛེས།
གང་ལྟར། ཤེས་རབ་ཀྱིས་བསྙལ་བའི་ཁྱེད་ཀྱི་བློ་རྒྱ།
མ་ཡུམ་གྱི་ཕང་བ་ནས་རྒྱང་ལ་ཕྱོགས་ཟིན་པས།
ན་ཟུག་གི་གསེབ་ན། བསྐྱུར་མི་འདོད་པའི་བརྩེ་བ་ཧ་ཅང་ཟབ།
དེ་དག་ནི་མི་ལོ་བཅུ་གསུམ་རིང་གི
འོ་ཆུ་དང་འདྲེས་པའི་ཕུགས་འདུན་གྱི་རྒྱབ་རི་ཡིན་ལ།
ཡུལ་འདིའི་སེམས་ཁོང་ན་སྒྲོན་པའི་མར་མེ་ཚེ་འབར་ཡིན།
ད་ནི། ཅིས་ཀྱང་སྙན་ངག་སྒྱོ་བ་གང་བོ་འབྲི་འཕྲོ་བསྐྱུར་པ་བཞིན།
དངོས་ནས་ཟླ་འོད་ལ་བསྙེས་པའི་སྐྱོ་གླུ་ཞིག་ཁེར་རྐྱང་དུ་གྱེར་དགོས་བྱུང་།
དེ་ལྟ་ནའང་། ཁྱེད་རང་ལམ་དུ་ཆས་ཤུལ་ན།
འོད་དུ་འཚེར་པའི་ལོ་རྒྱུས་ཤིག་རྐང་དུ་ཟུག་ཡོད་ལ།
ཆར་གྱིས་བཀྲུས་པའི་མིག་ཟུང་ཞིག་ཤུལ་ན་ལུས་ཡོད།
གང་ལྟར། གྱེས་ཕྱག་ཏུ་མཆོད་པའི་རོལ་དབྱངས་ཤིག
སེམས་ཀྱི་ཉི་འོད་དུ་བཞུར་བར་སྨོན།
༢༠༢༠ལོའི་ཟླ༢པའི་ཚེས༢༣ཉིན་གྱི་མཚན་མོར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།