ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > ༄༅། །མདོ་སྨད་རེབ་གོང་གི་དགོན་སྡེ་འགར་ཤིང་དཔར་འཚོལ་སྡུད་དུ་ཕྱིན་པའི་སྐོར་གྱི་ཟིན་ཐོ་ཕྲན་བུ།
༄༅། །མདོ་སྨད་རེབ་གོང་གི་དགོན་སྡེ་འགར་ཤིང་དཔར་འཚོལ་སྡུད་དུ་ཕྱིན་པའི་སྐོར་གྱི་ཟིན་ཐོ་ཕྲན་བུ།
རྩོམ་པ་པོ།:ཟླ་ཞེན།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-03-11 09:22:53
ཀློག་གྲངས།:
༄༅། །མདོ་སྨད་རེབ་གོང་གི་དགོན་སྡེ་འགར་ཤིང་དཔར་འཚོལ་སྡུད་དུ་ཕྱིན་པའི་སྐོར་གྱི་ཟིན་ཐོ་ཕྲན་བུ།
ཟླ་ཞེན།
ད་ལོའི་ལྔ་གཅིག་གི་ངལ་གསོའི་དུས་ཚོད་སྤྱད་དེ་གུས་པ་སོགས་ཞིབ་འཇུག་སློབ་མ་འགའ་དགེ་རྒན་ཆེན་མོ་ཀུན་དགའ་དབང་ཕྱུག་གི་མཛུབ་ཁྲིད་འོག་རེབ་གོང་ཕྱོགས་སུ་ཡུལ་དངོས་རྟོག་དཔྱོད་དུ་བསྐྱོད་པའི་གོ་སྐབས་བྱུང་། ཐེངས་འདིའི་རྟོག་དཔྱོད་ཀྱི་སྒྲུབ་བྱ་གཙོ་བོ་ནི་རེབ་གོང་གི་དགོན་སྡེ་འགའི་ཤིང་སྤར་གྱི་ཡིག་ཆ་ཐོ་འགོད་དང་འབྲེལ་ཡོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་དེ་ཡིན། འདི་ནི་ངེད་ཅག་གི་ཆེད་ལས་ལའང་འབྲེལ་བ་ཤིན་ཏུ་ཆེ་སྟབས། ལོ་ངོ་གསུམ་གྱི་རིང་སྦྱངས་པའི་ཤེས་བྱ་གང་དེ་དངོས་ཡོད་འཚོ་བའི་ཁྲོད་ལག་ལེན་དུ་བསྟར་བའི་གོ་སྐབས་བྱུང་བ་ལ་སེམས་པ་རབ་ཏུ་དགའ་སྟེ་སྔ་མོ་ནས་སྟ་གོན་ཚགས་སུ་ཆུད་པ་བྱས། ཕྱི་དྲོ་དུས་ཚོད་གཉིས་ཡས་མས་སུ་ང་ཚོ་རྒན་ལགས་དང་ལྷན་དུ་ལམ་ལ་ཆས་ཤིང་། དུས་ཚོད་གསུམ་གྱི་མྱུར་འགྲོས་ཀྱིས་མདོ་སྨད་རིག་པའི་གྲོང་དུ་འབོད་པ་གང་དེའི་པང་དུ་སླེབས། རྒན་ལགས་ཀྱི་ངོ་ཤེས་ཤིག་གིས་ང་ཚོར་མགྲོན་བསུ་གྱ་ནོམ་པ་བྱས་ཤིང་ཁ་བརྡ་དང་ལབ་གླེང་གང་མང་བྱས་མཐར་མཚན་མོའི་སྨག་རིག་གཞི་ནས་སླེབས་འདུག་སྟབས། ཕྱིར་ངལ་གསོ་སར་ལོག་ནས་ཕྱི་ཉིན་གྱི་ཡུལ་དངོས་རྟོག་དཔྱོད་ལ་ཡང་བསྐྱར་གྲ་སྒྲིག་དང་འཆར་གཞི་གང་ལེགས་བཟོས་རྗེས་གཉིད་དུ་ཡུར།
ཤ་སྦྲང་ཕུན་ཚོགས་ཆོས་གླིང་།
ཕྱི་ཉིན་གྱི་ཞོགས་པར། ངེད་ཚོ་ཐུན་རིན་གྲོང་ཁྱེར་ནས་ནུབ་བྱང་གི་ཕྱོགས་ཀྱི་ཤ་སྦྲང་དགོན་པར་ཆས་པ་ཡིན། ང་རང་སྔོན་མ་ནས་རེབ་གོང་དགོན་པར་ཐེངས་འགར་ཡོང་མྱོང་མོད་དགོན་པ་ལས་གནས་གཞན་དུ་འགྲོ་མྱོང་མེད་པས། གོ་སྐབས་འདི་འདྲ་བྱུང་བ་ལ་སེམས་སུ་སྤྲོ་བ་དཔག་མེད་ཅིག་སྐྱེས་བྱུང་། ལམ་སྐབས་སུ་རེབ་གོང་བློན་ཆོས་ནས་ཡིན་པའི(རྒན་ལགས་ཀྱི་སློབ་མ་ཞིག་ཡིན)སློབ་གྲོགས་ཤིག་དང་ངེད་ཅག་ལྷན་དུ་རླངས་འཁོར་གཅིག་གི་ནང་འགྲོ་དགོས་བྱུང་པས། ངས་ཁོ་ལ་བསེ་རི་ཆུ་ལུང་གསུམ་དང་ཤ་སྦྲང་སྡེ་བ། དེར་ཡོད་ཀྱི་རི་ཆུ་དང་ས་མིང་སོགས་དྲིས་པར་ཁོས་རེ་རེ་བཞིན་ངོ་སྤྲོད་གནང་། མ་ཟད་སྔོན་ཆད་བྱུང་བའི་ས་རྩོད་ཆུ་རྩོད་ཀྱི་སྡེ་གཟར་དང་ད་ལྟའི་འཆམ་མཐུན་གྱི་གནས་བབ་ཡང་རེ་རེ་བཞིན་རགས་བསྡུས་སྒོས་བཤད་སོང་། དུས་ཚོད་ཕྱེད་ཀ་བརྒྱུད་མཐར་གཞི་ནས་ཤ་སྦྲང་དགོན་དུ་སླེབས་བྱུང་། ཤ་སྦྲང་དགོན་པ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་སྤྱི་ལོ༡༣༤༦ལོར་ཕྱག་འདེབས་མཛད་ཅིང་། མཚན་ཆ་ཚང་ལ་ཤ་སྦྲང་དགོན་ཕུན་ཚོགས་ཆོས་གླིང་དུ་འབོད།(མཚན་འདི་རྗེས་སུ་བཏགས་པར་བཤད)དམ་པ་ཁོང་གིས་གནས་འདིར་དགོན་སྡེ་ཁག་དྲུག་དང་བྱམས་པ་མཐོང་བ་དོན་ལྡན་བཅས་གསར་བཞེངས་གནང་ཞིང་། འཆད་ཉན་གྱི་ལམ་སྲོལ་ཡང་བཙུགས་མོད་ཐུགས་བཞེད་ལྟར་མ་འགྲུབ་པས་དབོན་པོ་ཤཱཀྱ་བཟང་པོ་གདན་སར་བསྐོས་ཏེ་བྱ་ཁྱུང་དུ་གནས་གཞི་འདིང་བར་བཤད། རྗེས་སུ་དགེ་ལྡན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པའང་དགུང་ལོ་བདུན་ལ་ཕེབས་སྒང་ཆོས་རྗེ་མཆོག་གིས་གནས་འདི་རུ་ཁྲིད་ཡོང་སྟེ་བསྙེན་སྒྲུབ་མཛད་ནས་ལོ་འགར་བཞུགས་པར་གྲགས། མན་ཆིན་གོང་མའི་དུས་སྐབས་སུ་དགོན་འདིར་ཆགས་འཇིག་བྱུང་སྟེ་མིང་གི་ལྷག་མར་ལུས་ཤིང་། རིག་གསར་སྐབས་དགོན་པའི་ས་ནི་སྡེ་བའི་ཞིང་སར་བསྒྱུར་ཏེ་ཉམས་དམས་ཆེན་པོ་བྱུང་། སྤྱི་ལོ༡༩༤༩ལོར་གཡེར་གཤོང་མཁན་ཆེན་ནོམ་ཆི་མཁན་པོས་དགོན་ཤུལ་དུ་འདུ་ཁང་སོགས་བསྐྱར་བཞེངས་གནང་སྟེ་མཚན་ཡང་ཤ་སྦྲང་དགོན་ཕུན་ཚོགས་ཆོས་གླིང་ཞེས་གསོལ། དོན་དབེན་གནས་འདིར་ཐོག་མའི་རྨང་འདིང་མཁན་ནམ་སྒར་བ་ཕྱག་འདེབས་མཛད་མཁན་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་ཡིན་ལ། རྗེས་སུ་ཉམས་རྒུད་ལས་བསྐྱར་བཞེངས་གནང་སྟེ་ཕུན་ཚོགས་ཆོས་གླིང་འཛུགས་མཁན་ནི་ནོམ་ཆི་མཁན་པོ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་ཡིན་འདུག ད་ལྟ་དབེན་གནས་འདིར་གྲྭ་བ་དྲུག་ཅུ་ལྷག་དང་གཞི་གསུམ་གྱི་ཆོ་ག་ཕྱག་ལེན་ཡང་ཅུང་ཆ་ཚང་བར་ཚུགས་ཡོད་པར་བཤད་དོ། །ང་ཚོར་འདིར་སླེབས་དུས། དགོན་པའི་དགེ་སྐོས་སྔོན་དུ་སླེབས་ཏེ་སྣེ་ལེན་བྱས་བྱུང་། ང་ཚོས་ཀྱང་འཚམ་འདྲི་བྱས་ཤིང་ལེགས་སྐྱེས་ཕུལ་རྗེས་སྔོན་མར་དགོན་པ་འདི་རུ་དཔར་དུ་བསྐྲུན་པའི་ཡིག་ཆའི་རིགས་གང་ཡོད་རྩད་གཅོད་བྱེད་འགོ་བརྩམས། དགེ་བསྐོས་ལགས་ནས་ཀྱང་ངེད་ཅག་དགོན་པའི་འདུ་ཁང་ནང་ཁྲིད་དེ་དགོན་པ་སྤྱིའི་ལོ་རྒྱུས་དང་འབྲེལ་ཏེ་ལྷ་སྐུ་དང་ཐང་ཀ་སོགས་རེ་རེ་བཞིན་ངོ་སྤྲད། དེར་སྒོ་དམར་གྱི་ལྷ་བཟོ་ཞིག་གིས་ང་བརྒྱད་སྔོན་དུ་བྲིས་པའི་རྗེ་སྐུའི་གྱན་ཐང་རྩ་ཆེན་ཞིག་དང་གཡེར་གཤོང་གི་ཐང་ཀ་ལས་བྲིས་པའི་ཆོས་རྗེ་ཡི་སྐུ་ཐང་གོས་སྒྲུབ་ཅན་ཞིག་ཀྱང་གདའ། འདི་གོ་ནི་ཅུང་རྩ་ཆེན་ཡིན་སྐད། གཞན་འདུ་ཁང་གི་གཡོན་ཕྱོགས་ཀྱི་ཕུག་ཏུ་ཆོས་རྗེ་དོན་གྲུབ་རིན་ཆེན་སྐུ་མཐུ་ལྡོག་མ་ཞིག་དང་ནོམ་ཆི་མཁན་ཆེན་གཉིས་བཞེངས་འདུག དོན་ལ་ཁོང་རྣམ་པ་གཉིས་ནི་དགོན་སྡེ་འདི་ཕྱག་འདེབས་གནང་མཁན་ཡིན་པས་ཆེད་དུ་རྗེས་དྲན་གྱི་དོད་དུ་བཞེངས་པ་ཡིན་ངེས། སྔོན་མ་གནས་འདིར་དཔར་བའི་དཔེ་རྙིང་གི་རིགས་ནི་མང་པོ་མཆིས་མོད་གོད་ཆགས་ཀྱིས་མེད་བརླག་ཏུ་བཟོས་འདུག་ཟེར། དཔེར་ན་ནོམ་ཆི་མཁན་པོའི་གསུང་འབུམ་ཕལ་ཆེ་བ་ཡོད་པར་བཤད་ཀྱང་དངོས་འཇལ་བྱུང་མ་སོང་། ཆོས་རྗེའི་གསུང་ཐོར་འགའ་འདིར་དཔར་ཡང་རྗེས་སུ་ཞྭ་དམར་ཚང་གིས་བྱ་ཁྱུང་དུ་སྤར་བར་བཤད། དེ་མིན་ད་དུང་ཐར་མདོའི་ སྤར་མ་དང་སྨན་བླའི་སྟོང་མཆོད། ནོམ་ཆིའི་བཅའ་ཡིག་སོགས་མཆིས། ང་ཚོས་དེར་ཡོད་ཀྱི་ཤིང་སྤར་ཡིག་ཆར་ཐོ་ཡིག་བཀོད་ཚར་རྗེས་དགོན་པའི་ཕྱི་ཡི་རྟེན་གལ་ཆེན་ཞིལག་ལ་མཇལ་དུ་ཕྱིན།
དགོན་པའི་ཕྱི་ལ་ཕྱིན་ཏེ་ཤར་ཕྱོགས་སུ་གོམ་པ་བརྒྱ་ལྷག་སྤོས་ན་མཆོད་རྟེན་སྐྱ་རིལ་ཞེས་དེའུ་འབུར་ཆེན་པོ་མཐའ་ན་མ་ཎི་འཁོར་ལོ་ཡོད་པ་ཞིག་འདུག དེ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་དགུང་གྲངས་ལྔ་བཞི་བཞེས་སྐབས་ཏེ་སྤྱི་ལོ༡༣༦༣ལོར་བཞེངས་བསྐུན་གནང་བར་བཤད་ཅིང་། རྟེན་དུ་ཆོས་རྗེའི་ན་བཟའ་ཆ་ཚང་དང་དབུ་སྐྲ། ཕྱག་ཕྲེང་དང་ཕྱག་འཁར། རྗེ་རིན་པོ་ཆེའི་ན་བཟའ་དང་དབུ་ལོ། ཕྱག་ཕྲེང་བཅས་ནང་བཞུགས་བྱས་ཡོད་པས། ནོམ་ཆི་མཁན་པོས་ཞལ་ནས། སྔོན་ཚེ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས། །རྗེ་ཉིད་ཆུང་ངུའི་དུས་སུ་ཁྲིད་དེ་བྱོན། །བྱོན་ནས་ལོ་འགར་བསྙེན་སྒྲུབ་མཛད་ཅིང་བཞུགས། །བྱམས་ཆོས་སྡེ་ལྔ་འཆད་ཉན་བཤད་གྲྭ་བཙུགས། །ལེགས་བཤད་གང་འདོད་ཆོས་ཀྱི་ཆར་བ་ཕབ། །ལྗོངས་འདིའི་གདུལ་བྱ་མང་པོ་རྗེས་སུ་བཟུང་། །རྗེ་ཉིད་དགུང་ལོ་བདུན་པའི་ན་བཟའ་དང་། །དབུ་སྐྲ་ཁ་ཚང་ནང་བཞུགས་མཆོད་རྟེན་བཞེངས། །ཞེས་གསུངས་ཡོད་པ་དེ་བཞིན་ནོ། །དགེ་སྐོས་ཀྱིས་ངེད་ཅག་ཁྲིད་ནས་མཆོད་རྟེན་གྱི་མདུན་ངོས་ལ་སོང་སྟེ། ཕ་གིའི་ཆོས་རྗེ་མཆོག་གི་འཁྲུངས་གནས་དང་དགོན་རྟགས་ཟུར་ཁ། ཟལ་མོ་དགོན། ཨ་མྱེས་རྭ་རྫོང་གི་ལྷ་ཁང་། རྒྱལ་རོང་ལ་ཁ་སོགས་རེ་རེ་བཞིན་ངོ་སྤྲོད་གནང་། དེ་མིན་ལུག་བྲང་ངམ་ལུག་རང་ལེམ་ཡང་མཐོང་ཐུབ། དེ་བཞིན་མདུན་རི་རྩེ་ན་ནགས་ཀྱིས་བསྐོར་བ་ཞིག་ཀྱང་མཛུབ་མོས་བསྟན་ཏེ། “རི་གན་ནི་རི་སྔོ་སྡུག་ཟེར་བ་དེ་ཡིན་ཟེར།” དེའི་མུར་རྒན་ལགས་ཀྱིས“རི་སྔོ་སྡུག་གིས་མདུན་རི་མི་བཅའ། རི་གནའ་ཕུག་གིས་རྒྱབ་རི་མི་བཅའ། ཤྭ་ཤ་སྦྲང་གིས་གུང་ཚིགས་མི་ཉན།”ཞེས་པ་འདི་རེད་འདུག་ཅེས་བཤད་སོང་། སྤྱིར་ཤ་སྦྲང་ཞེས་པ་འདི་ལ་ཤ་བྲང་དང་ཤར་པང་། ཤབ་རང་། ཤ་རང་སོགས་འབྲི་ཚུལ་མང་པོ་ཡོད་ཀྱང་། ཐོགས་ཚུལ་གྱི་ཐད་དུ་གཅིག་མཐུན་གྱི་ལྟ་བུ་ཞིག་གྲུབ་མེད་དེ། ལ་ལས་ཆོས་རྗེ་དོན་གྲུབ་རིན་ཆེན་ནས་དར་བར་འདོད་པ་དང་། འགའ་ཤོས་ཀྱིས་རིགས་རུས་ཀྱི་མིང་ཞིག་ཡིན་པར་འདོད་པ་སོགས་བཤད་ཚུལ་སྣ་མང་མཆིས། གང་ལྟར་ཤ་སྦྲང་ཞེས་པ་དེ་རེབ་གོང་དང་མཚོ་ལྷོ་འབའ་རྫོང་སོགས་ས་ཆ་རེ་འགར་ཚོ་བའི་རྣམ་པར་གནས་ཡོད་དོ། །
གཡེར་གཤོང་བསམ་གཏན་ཆོས་འཕེལ་གླིང་།
ཤ་སྦྲང་ནས་ལམ་ལ་ཆས་ཏེ་ནུབ་བྱང་ཕྱོགས་སུ་བསྐྱོད་དུས། ལམ་ཕྲན་ཀྱག་ཀྱོག་དེ་ནི་རེབ་གོང་ས་ཁུལ་གྱི་གཞི་བདག་གཙོ་གྲས་ཨ་མྱེས་བྱ་ཁྱུང་གི་ཕྱོགས་སུ་འཐེན་འདུག ལམ་ཕྲན་དེ་ནི་དངོས་གནས་གུ་དོག་ཅིང་འགྲོ་མི་བདེ་བ་ཞིག་ཏུ་འདུག ལམ་སྐབས་སུ་དགེ་རྒན་ལགས་ནས་སྔོན་དུས་སུ་ཨ་མྱེས་བྱ་ཁྱུང་གི་འདབས་སུ་རི་བསང་ཕུད་དུ་སོང་ཚུལ་བཤད་ཅིང་། དེར་ཡོད་ཀྱི་བློན་ཆོས་གྲོགས་པོ་དེ་གཉིས་ཀྱིས་ཀྱང་ཨ་མྱེས་བྱ་ཁྱུང་གི་སྐོར་ལ་མྱོང་བ་སྣ་མང་གླེང་རྒྱུ་འདུག ངས་ནི་ཨ་མྱེས་བྱ་ཁྱུང་གི་རི་རྩེ་དངོས་སུ་མ་མཐོང་ཡང་། ཁོ་ཚོའི་སྐད་ཆ་ལས་རི་རྩེའི་དྲང་འཁྱག་སེམས་ཀྱིས་ཚོར་ཐུབ། རེད་དེ། དད་མོས་ཀྱི་སྟོབས་ཤུགས་ནི་འདི་འདྲ་ཞིག་ཡིན་དགོས་ངེས། དེང་སྐབས་དད་མོས་ཟེར་ན་དེ་འདྲའི་ཤུགས་དྲག་པོ་ཞིག་མིན་པར་འདུག མནོ་བསམ་གྱི་ཀློང་ཁམས་ནས་ངའི་ཡིད་ལ་འདས་དོན་ཞིག་ཤར་བྱུང་། དེ་ནི་ལོ་ངོ་ལྔ་ཡི་སྔོན་ཏེ། ང་རང་སློབ་ཆེན་གྱི་དངོས་གཞི་འགྲིམས་དུས། ངའི་དབྱིན་ཡིག་དགེ་རྒན་བཀའ་དྲིན་ཅན་སྐུ་ཞབས་རིན་ཆེན(Richard)ལགས་ཀྱི་སློབ་ཁྲིད་ཅིག་གི་སྐབས་སུ། ཁོའི་བོད་དང་ཨ་རི་གཙོའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རིག་གནས་འདུ་ཤེས་སྐོར་གླེང་དུས། ནུབ་ཕྱོགས་པས་གང་དུ་རི་མཐོན་པོ་ཞིག་ཡོད་ཚེ། དཀའ་བ་སྤྱད་དེ་རི་རྩེར་འཛེགས་ཨེ་ཐུབ་ལ་འབད་པ་བྱེད་ངེས། ཁོ་ཚོས་དེ་ལ་རང་བྱུང་ཁམས་འདུལ་བ་ཟེར།(Conquer the nature)བོད་ནི་དེ་ལས་ལྡོག་སྟེ། རི་མཐོན་པོ་མཐའ་དག་གཞི་བདག་གང་རུང་ཞིག་གམ་གཞི་བདག་གང་རུང་གི་བཞུགས་གནས་སུ་ངོས་འཛིན་བྱེད་ཅིང་། དེ་ལ་དད་མོས་བླ་ན་མེད་པ་བྱས་ཏེ་སྐྱབས་བཅོལ་ཅིང་བསང་ཕུད་པ་ཡིན། དེ་ལ་རང་བྱུང་ཁམས་ལ་བརྩི་བཀུར་བྱེད་པ་ཟེར། ཁོང་གི་སྤྲོ་བའི་སློབ་ཁྲིད་དེ་དྲན་པའི་ལྡེབས་རིས་ངོས་སུ་ཝ་ལེར་ཤར་པས། གཞི་ནས་གཞི་བདག་གི་སྐོར་ལ་མནོ་བསམ་ཐེངས་ཤིག་བཏང་པ་ཡིན།

གཡེར་གཤོང་པར་ཁང་གི་ཤུལ།
ཀྱག་ཀྱོག་གི་ལམ་ཕྲེང་དོག་མོ་དེ་མུ་རུ་བརྒྱུད་མཐར། གཞི་ནས་གཡེར་གཤོང་བསམ་གཏན་ཆོས་གླིང་དུ་འབྱོར། དགོན་འདི་ནི་སྔོན་ཆད་མདོ་སྨད་ཀྱི་དགོན་པ་ཁག་ལས་གཙོ་གྲས་ཤིག་ཡིན་པ་དང་གནས་འདིའི་དཔར་ཁང་གི་སྙན་པ་ཀུན་ལ་གྲགས་ཡོད་པར་གསུངས། ང་ཚོ་ཐོན་མ་ཐག་གྲྭ་བ་གཞོན་ཤས་ཤིག་ཡོང་སྟེ་ང་ཚོར་བསུ་མ་བྱས་ཤིང་ཟ་མ་བྱིན། ཟ་མ་ཟོས་རྗེས་ང་ཚོ་ཨ་ཁུ་རྒན་པ་གཉིས་ཀྱིས་ཁྲིད་དེ་འདུ་ཁང་གི་ནང་དུ་སོང་། སྔོན་ཆད་པར་མང་པོ་ཡོད་ཀྱང་། ད་ལྟ་དེ་འདྲའི་མང་པོ་མཇལ་རྒྱུ་མེད་ལ་འགའ་ཤོས་ཡོད་པ་དེའང་སྒམ་ལ་བཅུག་སྟེ་ལྡེ་མིག་གཞན་གྱིས་ཁྱེར་སྟབས་མཇལ་བའི་སྐལ་བ་མ་ལྡན། རྒན་ལགས་ནས་ཨ་ཁུ་རྒན་པ་དེ་གཉིས་ལ་དགོན་པའི་སྐོར་གྱི་ལོ་རྒྱུས་དྲིས་ཀྱང་དེ་འདྲའི་གསལ་ཁ་ཆོད་པ་ཞིག་བསྙད་རྒྱུ་མེད། ངས་སྔོན་ཆད་ཨ་ལགས་གཡེར་གཤོང་ཞེས་སློབ་གཉེར་ལ་ཐོས་པ་ཆེ་བའི་སྤྲུལ་སྐུ་ཞིག་ལས་གཡེར་གཤོང་དགོན་འདི་རིམ་བཞིན་ཐོས་ཤིང་ཤེས་པ་ཡིན་མོད། དགོན་པ་འདིའི་སྔོན་ཆད་ཀྱི་འཕེལ་རྒྱུས་ཅི་ལྟ་བུ་ཞིག་ཡིན་པ་མཐོང་མྱོང་མེད། སྐབས་འདིར་ངས་ཁོ་ཚོའི་སྐད་ཆ་ལས་དབེན་གནས་འདི་ཡི་དར་བའི་རྣམ་པ་དེ་ཡིད་ཀྱི་རྩིགས་ལྡེབས་སུ་བློས་བསླངས་བྱེད་ནུས། འོན་ཀྱང་ཤིན་ཏུ་ཕངས་དགོས་པ་ནི་ད་ལྟ་ཉམས་ཞན་དུ་གྱུར་ཏེ་དངོས་གནས་ཡིད་སྐྱོ་བའི་གནས་སུ་མཆིས་པ་དེ་རེད། འདིར་འདུ་ཁང་གསར་རྙིང་གཉིས་དང་ལྷ་ཁང་གཅིག་ལས་གཞན་ཅང་མེད། ཨ་ཁུ་རྒན་པ་དེ་གཉིས་ཀྱང་སྐྱོ་བའི་ཉམས་དང་བཅས་ཉམས་ཟིན་པའི་ལོ་རྒྱུས་ཀྱི་ཤུལ་ལུས་དག་དག་རེ་རེ་བཞིན་ང་ཚོར་མཛུབ་མོས་བསྟན། གྱང་ཆག་ཅིག་ལས་མེད་ཅིང་གམ་དུ་ལྕི་བ་སོགས་ཡོད་པས་ཕྱུག་ཟོག་རྡང་ལ་འདོགས་ས་ཡིན་སྣང་འཆར་བ་ཞིག་བསྟན་ཏེ་། ངས་ལག་གི་པར་ཆས་ཡར་བཀྱགས་ཏེ་འདི་ནི་སྔོན་གྱི་དཔར་ཁང་ཤུལ་རེད་ཟེར། ངས་ཀྱང་སྔོན་བྱོན་གྱི་སྐྱེས་ཆེན་དམ་པ་དག་གི་གསུང་གི་འཕྲིན་ལས་གཟུགས་ལྡན་གྱི་ཡི་གེར་ཕབ་སའི་གནས་གཞི་གལ་ཆེན་ཞིག་འདི་ལྟར་ཤུལ་མེད་དུ་ལུས་པ་ལ་ཕངས་སེམས་དང་བཅས་པར་མིག་ཏུ་བླངས་ཞོར། མཁས་པའི་ཞལ་གསུང་མང་པོ་ཤོག་དཀར་གྱི་ངོས་སུ་པར་དུ་བསྐྲུན་པའི་རྣམ་པ་ཞིག་ཀྱང་དབང་མེད་དུ་ཡིད་ལ་ཤར་བྱུང་། མི་རྟག་རྒྱུ་མའི་འཕྲུལ་ཞེས་པ་ནི་འདི་འདྲ་ཞིག་ཅི་ལ་མིན། དེ་བཞིན་བྱ་དངོས་གང་ཞིག་ཡིན་ཡང་དུས་རབས་དང་བསྟུན་ནས་ལྷན་དུ་བསྐྱོད་མ་ནུས་ཚེ། རྒུད་པའི་དུས་ནི་མགྱོགས་པ་རླུང་གི་འཁོར་ལོ་དང་འདྲ་ཨང་། དབེན་གནས་འདིའི་དར་རྒྱུད་ཀྱི་ལོ་རྒྱུས་ལ་རྣ་བའི་ཉན་ཞིང་ཤུལ་བཞག་གི་གྱང་ཆག་རེ་རེར་མིག་གིས་ཅེར་རྗེས། སླར་ཡང་ས་ཚིགས་རྗེས་མའི་ཕྱོགས་སུ་བསྐྱོད་འགོ་བརྩམས། དེ་ནི་བློན་ཆོས་ཆུ་མིག་སྟེ། གནས་འདི་ལས་ལམ་ཐག་ངེས་ཅན་ཞིག་ཡོད་ཅིང་། ལམ་སྐབས་སུ་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་དང་པོའི་བྱང་ཆུབ་ཀྱི་སེམས་སྒོམ་སའི་སྒྲུབ་ཕུག་ཅིག་ཡོད་པར་དེར་འགྲོ་དགོས་ཟེར། རླངས་འཁོར་ནང་དུ་བསྡད་ནས་ལམ་ལ་ཆས་དུས་ཉི་མ་ནུབ་རིའི་རྒྱབ་ལ་ཡོལ་ཙམ་བྱས་འདུག
འབྲུ་གུ་ཆུང་།
སྨག་ནག་གི་ཡོལ་བ་མ་བརྒྱབ་གོང་དུ། ང་ཚོ་ལུང་ཁུག་ཅིག་གི་མཐིལ་ནས་ཀྱག་ཀྱོག་གི་གཞུང་ལམ་བརྒྱུད་དེ་ནུབ་ཕྱོགས་སུ་སོང་། དེ་ནས་ཕྲན་ཙམ་བསྐྱོད་དུས་ཤར་སྐལ་ལྡན་རྒྱ་མཚོའི་སྒྲུབ་ཕུག་མཐོང་ཐུབ། ཆུ་ཕྲན་ཞིག་གི་གམ་དུ་ང་ཚོ་རླངས་འཁོར་ལས་བབས་ཏེ་རྐང་འགྲོས་ཀྱིས་རི་ངོས་སུ་འགོས། ལམ་བར་དུ་བློན་ཆོས་ནས་ཡིན་པའི་གྲོགས་པོ་དེས་ས་འདི་ཡི་མིང་ལ་འབྲུ་གུ་ཅུང་ཟེར་ཞིང་། འདི་ནི་བློན་ཆོས་ཀྱི་སྡེ་བ་ག་གེ་མོའི་དབྱར་ས་ཡིན་ལ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱང་ལེགས་ཚུལ་བཤད། ཁོང་ནི་རང་གི་ས་གནས་ལ་རྒྱུས་མངའ་ཆེ་བ་ཞིག་ཡིན་ལ། རྒྱུས་མངའ་ཡོད་པ་ལས་གླེང་བར་སྤྲོ་བ་ཞིག་ཀྱང་རེད་འདུག རྒན་ལགས་ནས་ངེད་ན་གཞོན་དག་གི་རྐང་འགྲོས་ལ་འགྲན་བསླངས་པས་ཚང་མ་ཀྭི་སྒྲ་དང་བཅས་ཤེད་ཤུགས་སྒོས་རི་དེའི་ངོས་སུ་འགོས་ཏེ་སྒྲུབ་ཕུག་གི་གམ་དུ་འབྱོར། དེ་ནི་རྡོ་ཕ་བོང་ཆེན་པོ་དག་གིས་གྲུབ་པའི་རང་བྱུང་གི་ཁང་བ་སྟབས་བདེ་ཞིག་རེད་ཅེས་ལབ་ཆོག ང་ཚོས་སྔོན་བྱོན་སྐྱེས་བུ་གང་དེའི་སྙིང་སྟོབས་དང་མཛད་པ་ལ་ཡི་རང་དང་བརྩི་མཐོང་གི་དོད་དུ་གུས་ཕྱག་ལན་གསུམ་འཚལ་རྗེས་ནང་དུ་འཛུལ། སྔོན་བྱོན་གྱི་དམ་པ་དེ་དག་གི་སྙིང་སྟོབས་དང་དད་པ་ནི་ཅི་འདྲའི་བློར་ཤོང་དཀའ་བ་ཞིག་རེད་ཨང་། དད་པ་ཟེར་བ་ནི་དངོས་གནས་འདི་འདྲ་ཞིག་ཡིན་འོས། གལ་སྲིད་ང་ཚོས་ཀྱང་རང་གི་ཕུགས་བསམ་གྱི་ཆེད་དུ་འདི་འདྲའི་དཀའ་བ་སྤྱད་ནུས་ན་འབྲས་བུ་ཁྱད་དུ་འཕགས་པ་ལོན་ངེས་མོད། ང་ཚོར་ཕུགས་བསམ་ཡོད་ཀྱང་དེ་ལ་རྩེ་གཅིག་གི་དད་པ་བརྟན་པོ་ཡོད་ཁག་པོ་རེད། ཤར་སྐལ་ལྡན་རྒྱ་མཚོ་མཆོག་གིས་ཀྱང་རང་གི་ཆེད་ལས་སམ་ཕུགས་བསམ་དེ་ཉིད་མ་དོར་བར་རྩེ་གཅིག་གིས་འབད་པ་བྱས་སྟབས། ཐ་མ་འབྲས་བུ་སྲིད་ན་དཀོན་པ་རྒྱུད་དུ་བླངས་པ་རེད། ངས་རང་གི་བློ་ཡིས་དཔོག་ཚད་ཅིག་གིས་སྐབས་དེའི་ཁོང་གི་སྒོམ་སྒྲུབ་བྱེད་སྟངས་དང་། འདུག་སྟངས། འདུག་གནས་སོགས་ལ་ཚོད་དཔག་བྱས་ཤིང་། ཁོང་གི་མངོན་རྟོགས་ཀྱི་བྱིན་རླབས་རིན་པོ་ཆེས་རང་རྒྱུད་ལ་སྙིང་སྟོབས་ཤིག་སྩོལ་པར་སྨོན་ལམ་ལན་གཅིག་བཏབ། དེའི་རྗེས་བྲག་ཕུག་གི་ཕྱི་ལ་བུད་དེ་ཉེ་འགྲམ་གྱི་བྲག་ཕུག་ཆུང་ངུ་དག་ལའང་ལྟ་རུ་བྱིན། བྲག་ཕུག་ཞྭ་མོ་ལྟ་བུ་རེ་འགའ་འདུག་ལ། དངོས་གནས་སྒོམ་སྒྲུབ་ལ་བཞུགས་སའི་བྲག་ཕུག་མང་པོ་གདའ། ཡིན་ཡང་། འདི་འདྲའི་ས་སྟོང་ཞིག་ཏུ་སྒོམ་སྒྲུབ་ཀྱི་བྲག་ཕུག་འདི་འདྲ་ཡོད་པ་ཁོང་ཅག་གིས་ཇི་ལྟར་མཁྱེན་པ་ཡིན་ནམ། བསྟན་པ་ལ་དད་པ་ཆེས་ཆེར་མངའ་བ་ཞིག་ལ་མ་གཏོགས་ལུང་བསྟན་ཡིན་ཞེས་བཤད་ཀྱང་ཡིད་ཆེས་ཁག་པོར་ཆགས་ངེས།
བློན་ཆོས་ཆུ་ཁོལ།
བློན་ཆོས་ཆུ་ཁོལ་དུ་སླེབས་དུས། མཚན་མོའི་ཡོལ་བ་འཐེན་ཟིན་ཅིང་མདུན་དུ་རི་མཐོན་པོ་ཞིག་ཡོད་པ་ལས་གཞན་ཅི་ཡང་མཐོང་རྒྱུ་མི་འདུག བློན་ཆོས་ནི་རེབ་གོང་རོང་བོ་ནང་སོའི་རྒྱུད་པ་ཡིན་པར་ཁོ་ཚོས་བཤད། ངས་སྔོན་ཆད་ལོ་རྒྱུས་ཀྱི་དེབ་ཐེར་སོགས་སུ་རོང་བོ་ནང་སོ་ནི་ས་སྐྱ་སྐབས་ཀྱི་ལྷ་རྗེ་བྲག་སྣ་བ་ལས་རིམ་གྱིས་མཆེད་པའི་སྐོར་ལ་ཕྲན་ཙམ་བལྟས་མྱོང་སྟེ། ལྷ་རྗེ་བྲག་སྣ་བའི་བུ་རབས་ཚ་རྒྱུད་དེ་མདོ་སྡེ་འབུམ་སོགས་ཀྱིས་བན་སྔགས་བརྒྱད་ཅུ་བཙུགས་ཏེ་ཆོས་ཕྱོགས་སུའང་མཛད་པ་འཕྲིན་ལས་མི་ཉུང་བ་བཞག་ཡོད་པའི་སྐོར་བལྟས་མྱོང་མོད། རོང་བོ་ནང་སོ་ཞེས་པ་ད་ལྟའི་བློན་ཆོས་ཡིན་པ་ཁྱོན་ནས་ཤེས་ཀྱིན་མེད། ངས་ཁོ་ཚོ་ལ་དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཞིག་འདྲི་འདོད་ཡོད་ཀྱང་། དུས་ཚོད་འཕྱི་དྲག་པ་མ་ཟད་ཁྱིམ་ཚང་ལ་ཕྱིན་ཏེ་དགོང་ཟས་གྲ་སྒྲིག་སོགས་བྱ་བ་ཙག་ཙིག་ཡོད་སྟབས་འདྲི་བའི་དུས་ཚོད་བྱུང་མ་སོང་། བློན་ཆོས་ནས་ཡིན་པའི་གྲོགས་པོ་དེས་སྔ་མོ་ནས་ཁྱིམ་ཚང་ཞིག་ལ་འབྲེལ་བ་བྱས་འདུག་སྟབས། ང་ཚོ་དུས་ཐོག་ཏུ་ཁྱིམ་དེར་ཕྱིན་ཅིང་དགོང་ཟས་ལ་རོལ་འགོ་བརྩམས། ཁྱིམ་བདག་མས་ང་ཚོར་ཉལ་ཐུལ་དང་ཆུ་ཁོལ་ཁྱེར་ཡོང་ལ། ངེད་ཚོས་ཀྱང་ལམ་ནས་ཉོས་པའི་སྟབས་ཐུག་དང་ཚོལ་མ། གོ་རེ་སོགས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་མཉམ་དུ་དགོད་སྒྲ་དང་བཅས་ལོངས་སུ་སྤྱད། ཟ་མ་ཟོས་རྗེས་དུས་ཚོད་ཅུང་འཕྱི་དྲག་པས་ཆུ་ཁོལ་དུ་འགྲོ་མ་ནུས། དེའི་མུར་དགེ་རྒན་གཙོ་བྱས་ཏེ་ཀུན་གྱིས་སྔུར་བ་གཟི་ལོང་བ་རེ་འཐེན་བཞིན་གཉིད་ཀྱི་ཞིང་ཁམས་སུ་ཉུལ། ཕྱི་ཉིན་གྱི་ཞོགས་པ་སྔ་མོར། སྐྱེས་པ་སློབ་གྲོགས་ངེད་ཚོ་དགེ་རྒན་དང་འགྲོགས་ཏེ་ཆུ་ཁོལ་ཁར་ཕྱིན་པ་ཡིན། ཆུ་ཚ་དྲག་པས་རེ་ཞིག་ཆུ་ནང་དུ་སྡོད་མ་ནུས་ཀྱང་། ཆུ་ཁོལ་གྱི་དྲོད་ཚད་འགབ་ཙམ་བྱུང་རྗེས་ཁྲུས་ལ་ཞུགས། ཆུ་ཁོལ་འདི་མི་ལུས་ཡན་ལག་དང་ཉིང་ལག་སོགས་ཀུན་ལ་སྨན་པར་བཤད་པས། ངེད་ཅག་དུས་ཚོད་གཅིག་ལྷག་ལ་བསྡད་པ་ཡིན། ཆུ་ཁོལ་གྱི་ཁ་རུ་དགེ་སློབ་ཀུན་པོས་དགོད་བྲོ་ལ་བརྗེད་པར་དཀའ་བའི་དོན་དག་རེ་འགའ་འཁྲབ་པས། བསྟུད་མར་དུས་ཚོད་རེ་འགར་ངེད་ཅག་གིས་དགོད་བྲོ་བའི་དོན་དག་དེ་གླེང་བཞིན་ཧབ་ཆ་ལྡིར་ལོང་ངེ་བ་རེ་བྱས། ངེད་ཚོས་གནས་ཚང་གཡར་བའི་ཁྱིམ་ཚང་དེ་ནི་དངོས་གནས་མགྲོན་བསུ་ལ་དགའ་བའི་ཁྱིམ་ཚང་ཞིག་ཡིན་འདུག ཞོགས་པར་ཁོང་ཚང་ནས་རྩམ་པ་ཟ་ཞོར་ལབ་གླེང་མང་པོ་བྱས་རྗེས་གཞི་ནས་ཕྱིར་རེབ་གོང་གྲོང་ཁྱེར་ཏུ་ལམ་ལ་ཆས་པ་ཡིན།
གཡའ་མ་བཀྲ་ཤིས་འཁྱིལ།
བློན་ཆོས་ནས་རེབ་གོང་གྲོང་ཁྱེར་དུ་ཐོན་དུས་ཉིན་གུང་ལ་སླེབས་འདུག ངལ་ཕྲན་ཙམ་གསོས་རྗེས་རེབ་གོང་བྱང་ཕྱོགས་ཀྱི་དབེན་གནས་གཡའ་མ་བཀྲ་ཤིས་འཁྱིལ་དུ་ཕྱིན་པ་ཡིན། དེ་ནི་ཞོ་འོང་དཔྱིས་ཀྱི་རི་མཐོན་པོ་ཞིག་གི་རྩེ་མོར་ཆགས་འདུག་ཀྱང་། ཞོ་འོང་ཞེས་པ་འདི་ཆུང་དུས་གོ་མྱོང་ཡོད་མོད་འགྲོ་མྱོང་མེད། ཡིག་ཆ་གཞན་ཞིག་ཏུ་ཞོ་འོང་ཞེས་པར་ཞོ་འཐུང་ཞེས་གནས་ལུགས་འགབ་མོ་ཞིག་གིས་མིང་གི་ཐོགས་དོན་སླ་མོ་ཞིག་བཤད་འདུག གང་ལྟར་ཀྱང་ཞོ་འོང་གི་ས་འདི་ནི་རི་དང་ནགས་མང་ས་ཞིག་ཡིན་པར་འདུག དགོན་པར་འཐེན་པའི་བགྲོད་ལམ་ནི་ཀྱག་ཀྱོག་ཆེ་ལ་གུ་དོག་པ་ཞིག་འདུག་པས་བགྲོད་པར་ཡང་དཀའ་ཙམ་གདའ། དགོན་དེ་ནི་སྤྱི་ལོ༡༧༨༥ལོར་རོང་བོའི་མཁན་སྤྲུལ་དགེ་འདུན་བསྟན་པའི་ཉི་མས་ཕྱག་འདེབས་མཛད་ཅིང་ད་ལྟ་གྲུབ་མཐའ་རྙིང་མའི་ཁོངས་སུ་གཏོགས་པར་འདུག གྲུབ་མཐའ་རྙིང་མར་འགྱུར་དགོས་པའི་དུས་ནི་ནམ་ཡིན་གསལ་ཁ་མ་ཆོད་པར་ལུས། གང་ལྟར་གནས་འདི་ནི་རྙིང་མའི་རྣལ་འབྱོར་བ་དང་གྲུབ་ཐོབ་པ་མང་པོའི་གདན་ས་དང་སྒྲུབ་གནས་རྐྱང་རྐྱང་རེད་འདུག དཔེར་ན་གྲུབ་དབང་པདྨ་རང་གྲོལ། དགུ་རོང་གྲུབ་དབང་དཔལ་ཆེན་ནམ་མཁའ་འཇིགས་མེད་དང་གང་དེའི་ཡང་སྤྲུལ་དགུ་རོང་སྣ་ཚོགས་རང་གྲོལ། དེའི་ཡང་སྤྲུལ་དགུ་རོང་ཧུ་ཐོག་ཐུ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ། ཞབས་དཀར་བ་ཚོགས་དྲུག་རང་གྲོལ་སོགས་དམ་པ་དུ་མའི་ཞབས་ཀྱི་པདྨོས་བྱིན་གྱིས་རླབས་ཡོད་པ་ཤ་སྟག་རེད། ཕྱིས་སུ་བོད་ཀྱི་རིག་པའི་དཔའ་བོ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་ཀྱང་གནས་འདིར་ཐོས་བསམ་ལྷོད་མེད་གནང་ཡོད་པས། དམ་པ་དུ་མའི་སློབ་གཉེར་ཕྱིས་ཕྱིན་གནང་སའི་དབེན་གནས་འདིས་མཐུན་རྐྱེན་གྱིས་བོད་ཀྱི་རིག་གནས་གོང་འཕེལ་ལ་ནུས་པ་གལ་ཆེན་བཏོན་ཡོད་པའི་ངེས་ཤེས་གསལ་བོར་འདྲོངས་ནུས། དགོན་དེར་དཔེ་རྙིང་མང་ཙམ་མཆིས་ཤིང་ཉར་ཚགས་ཀྱང་གང་ལེགས་གནང་ཡོད། དེར་ཡོད་ཀྱི་དཔེ་རྙིང་ནི་གཙོ་བོ་ཞབས་དཀར་པའི་གསུང་འབུམ་དང་ཆོ་གའི་སྐོར་ཡིན། ང་ཚོས་ཕྱི་དྲོའི་དུས་ཚོད་རིང་མོ་སྤྱད་དེ་དཔེ་རྙིང་ཡོད་ཚད་ལ་ཐོ་འགོད་བྱས་རྗེས་མཚན་དུས་ཙམ་ལ་ཕྱིར་ལོག་གོ །
སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་།
ཕྱི་ཉིན་སྔ་དྲོ། ངེད་ཚོ་རེབ་གོང་ཉེ་འགྲམ་གྱི་སྒོ་དམར་དགོན་དུ་ཕྱིན་པ་ཡིན། དགོན་དེ་ནི་རེབ་གོང་བྱང་ཕྱོགས་ཀྱི་སྤྱི་ལེ་བདུན་བརྒྱད་མཚམས་སུ་ཡོད་ཅིང་རེབ་གོང་ཁྲི་ཙེ་བཞིའི་ཡ་གྱལ་གཉན་ཐོག་ཞང་གི་ཁོངས་སུ་ཡོད། ང་ཚོ་གླ་གཏོང་རླངས་འཁོར་ལ་བསྡད་དེ་དགོན་དེར་ཕྱིན་དུས་མིག་མདུན་དུ་བཅར་ཡོང་བ་ནི་ཉི་ཟེར་གྱི་འོད་མདངས་པང་དུ་བླངས་ཏེ་ས་ཕྱོགས་ཀུན་ཏུ་འོད་ཀྱི་ཟེར་མ་འཕྲོ་བཞིན་པའི་མཆོད་རྟེན་མཐོ་ཞིང་བརྗིད་པ་ཞིག་རེད་འདུག མ་གཞི་མཆོད་རྟེན་དེ་ནི་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པའི་རེབ་གོང་སྒོ་དམར་མཆོད་རྟེན་ཞེས་པ་དེ་རེད། མཆོད་རྟེན་དེ་མཐོང་མ་ཐག་ངའི་དྲན་པའི་ལྡེབས་རིས་ངོས་སུ་སྔོན་ཆད་ངེད་ཚང་གི་མཆོད་ཁང་དུའང་མཆོད་རྟེན་འདིའི་འདྲ་པར་ཞིག་ཡོད་པ་དེ་དྲན་བྱུང་ལ། མཆོད་རྟེན་གྱི་མདུན་དུ་ལ་མོ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་བླ་མ་གཞན་ཞིག་ཡོད་པའང་ཝ་ལེར་དྲན། འདིར་འབྱོར་ནས་རྒྱུས་ལོན་བྱས་རྗེས་ལ་མོ་ཡོངས་འཛིན་གྱི་སྐུ་གམ་དུ་བཞུགས་པ་དེ་གཡེར་གཤོང་རིན་པོ་ཆེ་སྐུ་གོང་མ་ཚང་ཡིན་པ་གཞི་ནས་ཤེས། བལྟས་ཚོད་ཀྱིས་དགོན་པ་ནི་དེ་འདྲའི་རྒྱ་ཆེན་པོ་ཞིག་མིན་ཡང་། དགོན་འདིར་ལྡེབས་རིས་རྙིང་བ་དཀོན་པའི་རིགས་མང་པོ་མཇལ་རྒྱུ་ཡོད། དེ་ལས་དགོན་གནས་འདིའི་འདས་སོང་གི་འཕེལ་རྒྱས་ཀྱང་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་། གཞན་སྒོ་དམར་མཆོད་རྟེན་ཞེས་བརྗིད་ཆགས་ཀྱི་བང་རིམ་མཐོན་པོ་ཞིག་ལྷམ་མེར་ལྷན་ནེ་བཞུགས་པ་དེ་ནི་ཀུན་ལས་མངོན་པར་གསལ་འདུག ང་ཚོ་སློབ་གྲོགས་ལ་ཤོས་སྒོ་དམར་གྱི་ཁྱིམ་ཚང་ཞིག་ཏུ་དཔར་རེ་འགའ་ཉར་ཡོད་པ་ཐོས་འཕྲལ་ཁྱིམ་ཚང་དེ་ཡོད་སར་ཕྱིན་པ་ཡིན། ཁྱིམ་ཚང་དེར་ཆས་དུས་སྒོ་དམར་གནའ་མཁར་ཞེས་རྩིགས་མཐོ་བའི་སའི་ཁང་རྙིང་ཞིག་ཏུ་འཛུལ། མཁར་གྱི་སྒོ་འགྲམ་དུ་རི་མོ་སྣ་ཚོགས་ཀྱིས“སྒོ་དམར་གནའ་མཁར”ཞེས་ཚོན་མདོག་གིས་བྲིས་ཡོད། སྒོ་དམར་འདི་ལའང་ལོ་རྒྱུས་ལ་ལར་ཧོར་ཇི་མཁར་གྱི་ཟངས་སྒོ་ཐོར་ཏེ་དེའི་ཟངས་སྒོ་དམར་པོ་ཁྱེར་ཡོང་ནས་མཁར་སྒོར་སྤྲད་པ་ལས་སྒོ་དམར་ཞེས་ཐོགས་པར་བསྙད་ཀྱང་བདེན་མིན་གྱི་གསལ་ཁ་འབྱེད་ཁག་པས་རྒྱས་པར་མ་སྤྲོས། གང་ལྟར་མཁར་སྒོའི་ཡི་གེ་དང་རི་མོ་སྣ་ཚོགས་ལས་ལོ་རྒྱུས་དེ་འདྲ་ཞིག་ཀྱང་དྲན་སོས་བྱུང་བས་དེར་འབྲེལ་གྱིས་ཡི་གེར་བཀོད་པ་ལས་བདེན་ཁ་སྟེར་ཐུབ་བྲལ། སྒོ་དམར་གནའ་མཁར་ནི་རྩིགས་མཐོ་བའི་ཁང་རྙིང་དུ་མས་གྲུབ་ཅིང་། ལམ་ཕྲན་དུ་མ་བསྣོལ་མར་གྲུབ་ཏེ་ཁང་བ་སོ་སོའི་སྒོ་འགྲམ་དུ་འཐེན་ཡོད་པས་མགོ་འཁོར་ཕོ་བྲང(迷宫)ཞིག་དང་གཅིག་མཚུངས་སུ་སྣང་། ལམ་དེ་གར་རྒྱུས་མེད་ཚེ་ཕར་སོང་ནས་ཕྱིར་ཡོང་ཤེས་མིན་ཡང་ཐེ་ཚོམ་གྱི་གནས་རེད་དོ། །ཁྱིམ་ཚང་དེར་པར་རྐོ་ཞིག་ཡོད་པས་ང་ཚོ་ཆེད་དུ་གནས་ཚུལ་རྒྱུས་ལོན་དུ་ཕྱིན་པ་ཡིན། ཁོའི་མིང་ལ་སྒོ་དམར་སངས་རྒྱས་ཟེར་ཞིང་ད་ལོ་ལོ་ན་དགུ་བཅུར་ཉེ་བར་འདུག ཁོང་ནི་བྱས་རྗེས་ཆེ་ཞིང་མིང་གྲགས་ཡོད་པའི་པར་བརྐོ་བ་ཞིག་ཡིན་ལ། གཡེར་གཤོང་སྐུ་གོང་མའི་ཐུགས་བཀོད་ལྟར་རྟ་མགྲིན་གྱི་ཕུར་བ་སོགས་ཤིང་རིགས་དང་རྡོ་རིགས་ཀྱི་བརྐོས་རིས་སྣ་ཚོགས་བརྐོས་མྱོང་སྐད། ཁོང་གི་ཁྱིམ་དུ་པར་བརྐོའི་རྒྱུ་ཆ་དང་པར་དུ་བརྐོས་པའི་གླེགས་ཤིང་སོགས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་ཉར་ཚགས་ཁང་ཆུང་ཆུང་ཞིག་བཟོས་འདུག་པས་ལྟད་མོ་བའང་ཡོང་གིན་ཡོད་ཚོད་རེད། ཁང་བའི་ཉིས་ཐོག་ཏུ་གླེགས་ཤིང་སྣ་ཐུང་མང་པོ་བསྒྲིགས་ཡོད་ཅིང་པར་བརྐོ་བ་སངས་རྒྱས་ཁོང་ཉིད་དངོས་སུ་ཉིས་ཐོག་ཏུ་སླེབས་ཏེ་ང་ཚོར་ཁོང་གི་མི་ཚེའི་སྐོར་གྱི་ཁ་བརྡ་གནང་། ང་ཚོས་ཁོང་གི་པར་བརྐོ་བརྒྱུད་རིམ་སྐོར་ནས་རགས་ཙམ་དྲིས་པས། སྐད་ཆ་འཁྱར་འཁྱོར་སྒོས་ང་ཚོར་བརྒྱུད་རིམ་རགས་བསྡུས་ཤིག་བཤད་སོང་། ད་དུང་གཡེར་གཤོང་རིན་པོ་ཆེས་སྐུལ་ངོར་བརྐོས་པའི་རྟ་མགྲིན་གྱི་ཕུར་བུ་ཞིག་ཀྱང་ང་ཚོར་བསྟན། ཞིབ་ཚགས་དང་མཛེས་ཆ་མངོན་པར་གསལ་བས་དངོས་གནས་ཁྱད་དུ་མཚར་བ་ཞིག་བཟོས་འདུག་སྙམ། ད་ལྟ་ཁོང་གི་བུ་ཟོན་ཐར་རྒྱལ་ནས་རྒྱུད་འཛིན་བྱས་འདུག་སྟེ། འཇམ་དཔལ་གཞོན་ནུ་སོགས་ཀྱི་ཐང་སྐུ་བླུ་དགོས་ཚེ་མྱུར་མོར་དཔར་ཐུབ་པ་སོགས་སྟབས་བདེ་བར་འདུག

སྒོ་དམར་པར་བརྐོ་པ་སངས་རྒྱས་ཀྱི་ཁྱིམ་དུ་ཉར་བའི་དཔར་ཤིང་།
དེ་ནས་ཕྱིར་དགོན་པའི་ནང་དུ་བསྐྱོད་པ་ཡིན། དགོན་པ་འདིའི་མཚན་ཆ་ཚང་ལ་སྒོ་དམར་དགོན་དགའ་ལྡན་ཕུན་ཚོགས་གླིང་དུ་འབོད། དེར་འདུ་ཁང་རྙིང་བ་ཞིག་འདུག་སྟེ། གོང་གསལ་ཞུས་པའི་རྩེགས་ལྡེབས་ཀྱི་ཐང་སྐུ་རྙིང་བ་དག་ལ་རེ་རེ་བཞིན་མཇལ། ལོ་རྒྱུས་སུ་གནས་འདི་ནི་མཁའ་སྤྱོད་མའི་གནས་ཡིན་པར་བཤད། དགོན་འདི་ཐོག་མར་ཕྱག་འདེབས་མཁན་ནི་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་ཡིན་ཞིང་། རིམ་བཞིན་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་དང་གྲུབ་ཆེན་ཆོས་པ་རིན་པོ་ཆེ། གཡེར་གཤོང་མཁན་པོ་དང་རོང་རྒན་སོགས་ཀྱི་སྐུ་ཕྲེང་རིམ་བྱོན། སྒོ་དམར་གྲུབ་དབང་བློ་བཟང་རྒྱ་མཚོ་སོགས་སྐྱེས་ཆེན་དུ་མས་དྲིན་ལས་དགོན་འདིར་རྟེན་མང་པོ་ལེགས་པར་གྲུབ་ཅིང་། མདོ་སྔགས་གཉིས་ལ་བསླབ་པ་སློབ་གཉེར་ཕྱིས་ཕྱིན་གནང་མཁན་གྱི་སྐྱེས་བུ་དམ་པའང་དུ་མ་བྱོན་མྱོང་སྐད། འདིར་སྤར་མའི་དཔེ་ཐོ་མང་ཙམ་འདུག་སྟབས་བསྟུད་མར་ཉིན་གཉིས་ཙམ་ལ་ཐོ་འགོད་བྱས་ཏེ་ཆ་ཚང་བར་བཀོད། དེ་ནས་དགོན་པའི་ཕྱི་ལ་ཕྱིན་ཏེ་སྒོ་དམར་མཆོད་རྟེན་གྱི་གམ་དུ་བཅར་བ་ཡིན། མཆོད་རྟེན་འདི་ནི་སྤྱི་ལོ༡༩༨༧ལོར་གཡེར་གཤོང་ཆོས་པ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་འཇམ་དབྱངས་དགེ་འདུན་རྒྱ་མཚོས་ཐུགས་བཀོད་གནང་བ་ལྟར་བཞེངས་ཤིང་། མཐོ་ཚད་ལ་སྤྱི་ཁྲེ་བཞི་བཅུ་ལྷག་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ་བཞི་མ་བཞི་བརྒྱ་དང་ཞེ་གཅིག་ཡོད་ཟེར། མཆོད་རྟེན་གྱི་ཡང་རྩེའི་མཇལ་གནས་སུ་གཡེར་གཤོང་སྐུ་གོང་མའི་ན་བཟའ་ཆ་ཚང་རྟེན་དུ་ཉར་ཡོད།
རྐ་སར་འདུས་བཟང་ཆོས་གླིང་།
རྐ་སར་དགོན་ནི་རྨ་ལྷོ་ཁུལ་རོང་བོ་གྲོང་རྡལ་བྱང་ཕྱོགས་ཀྱི་མཚམས་སུ་ཡོད་ཅིང་། དགོན་པའི་མཚན་ཆ་ཚང་ལ་རྐ་སར་དགོན་དགའ་ལྡན་འདུས་བཟང་ཆོས་གླིང་དུ་གསོལ། འདི་ཉིད་ཐོག་མར་ཕྱག་འདེབས་གནང་མཁན་ནི་མ་ཧཱ་པཎྚི་ཏ་བིས་པ་ངག་དབང་མི་ཕམ་ཟླ་བ་ཡིན། དགོན་འདི་ཉིད་མ་བཏབ་སྔོན་དུ་གནས་འདིར་ཆོས་དཔེ་པར་དུ་བརྐོ་སའི་གནས་ཤིག་ཡིན་པ་ལ། བིས་བ་མི་ཕམ་ངག་དབང་ཟླ་བ་ཁོང་ཉིད་གནས་འདིར་སླེབས་ཏེ་མཚམས་ཁང་གཞི་བྱས་ཐོག་སྤྱི་ལོ༡༧༨༧ལོར་དགོན་པ་ཕྱག་འདེབས་གནང་ཚུལ་གྱི་ལོ་རྒྱུས་མཆིས། ད་ལྟའི་ཆར་ཡང་དགོན་འདིའི་དགོན་བདག་ནི་བིས་བ་མི་ཕམ་ཟླ་བའི་སྐུ་སྐྱེ་ཡིན་པར་བཤད། དགོན་འདི་གར་ཡང་པར་ཁང་ཡོད་པས་མ་ཎི་བཀའ་འབུམ་སོགས་གནའ་དཔེ་མང་པོ་པར་དུ་བརྐོས་ཡོད། སྤྱིར་གཉན་ཐོག་ཞང་གི་མངའ་ཁོངས་སུ་མཆིས་པའི་ཐོ་རྒྱ་སྡེ་བ་དང་སྒོ་དམར་སྡེ་བ། རྐ་སར་སྡེ་བ་དང་སེང་གེ་གཤོང་བཞི་ནི་རེབ་གོང་ཁྲི་རྩེ་སྡེ་བཞི་རུ་འབོད་ཅིང་། གནས་འདི་དག་དུ་པར་བརྐོ་ལག་རྩལ་རྒྱ་ཁྱབ་དུ་དར་ཡོད། ལྷག་པར་རྐ་སར་སྡེ་བར་པར་བརྐོ་བ་ལས་གཞན་ལྷ་བཟོ་བ་སོགས་རྩེར་སོན་གྱི་མི་སྣ་མང་པོ་བགྲང་རྒྱུ་ཡོད། དཔེར་ན་ཀུན་ལ་གྲགས་པའི་རྐ་སར་པཎྚི་ཏ་བློ་བཟང་ཤེས་རབ(༡༨༨༧-༡༩༦༦)ལྟ་བུ་སྟེ། ཁོང་ཉིད་ནི་ལྷ་རིས་སྒྱུ་རྩལ་བློ་གྲོས་ཀྱི་སྣང་བ་མཁའ་ལྟར་ཡངས་པའི་དམ་པ་ཞིག་ཡིན། མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོས་པིར་ཐོགས་པཎ་ཆེན་བློ་བཟང་ཤེས་རབ་ཅེས་བསྔགས་བརྗོད་ཚད་མེད་གནང་ཞིང་། པཎྚི་ཏ་ཁོང་གིས་རང་གི་བླ་མ་རྣམས་ཀྱི་བླ་བརྒྱུད་ཐང་ག་ཞིག་འབྲི་འཆར་ཡོད་པར་མར་ནང་ཚང་ལ་དེའི་ཕྱོགས་ཀྱི་ལྗགས་བཀོད་ཅིག་གནང་དགོས་ཞེས་ཞུས་པའི་ལན་དུ་མར་ནང་ཚང་གིས་ལྗགས་རྩོམ་ཞིག་མཛད་ཡོད་པའི་མཇུག་ཏུ། པིར་ཐོགས་པཎ་ཆེན་བློ་བཟང་ཤེས་རབ་ཀྱིས། །དོན་གཉེར་བྱུག་གུས་ཡང་ཡང་བསྣུན་པ་ལས། །མི་ཕམ་དབྱངས་ཅན་དགེ་བའི་རྡོ་རྗེའི་རྔ། །ལྷུན་གྲུབ་སྤོབས་པ་རྒྱས་པའི་ཀློང་ལས་ཁྲོལ། །སྐུལ་བ་པོ་ཡིས་ཡང་ཡང་བསྐུལ་ན་ཡང་། །རྩོམ་པ་པོ་ལ་རྩོམ་ཚིག་མ་ཤར་བས། །ལོ་གསུམ་བར་དུ་བསམ་བློ་བཏང་བཏང་ནས། །ད་ཙམ་བྱུང་བས་དཀའ་ལས་ཁུར་དུ་བཏེགས། །ཞེས་པའི་ཐང་ག་དང་ལྗགས་རྩོམ་གཉིས་ཀ་དེང་སྐབས་རེབ་གོང་གི་ལྷ་བཟོ་ཞིག་གི་ལག་ཏུ་ཡོད་པར་བཤད།[1] ད་ལྟའི་ཆར་རྐ་སར་དགོན་དུ་པར་ཁང་བྱུང་ནས་ལོ་ཉིས་བརྒྱ་ལྔ་བཅུ་ལྷག་འགོར་ཡོད་པར་བརྗོད།[2] དེ་ལས་ཀྱང་པར་ཤིང་གིས་བོད་ཀྱི་རིག་གནས་ཐད་དུ་བཞག་པའི་མཛད་རྗེས་དང་ཤུགས་རྐྱེན་ཅི་འདྲ་ཡིན་ཚུལ་ངེས་ཤེས་གསལ་བོ་འདྲོངས་ཐུབ་བོ། །ང་ཚོས་གནས་དེ་གར་ཡོད་པའི་དཔར་གྱི་གནས་ཚུལ་ཟིན་ཐོར་བཀོད་ཚར་རྗེས་སྟ་གོན་གྱོས་དགོན་སྡེ་གཞན་གྱི་ཕྱོགས་སུ་བསྐྱོད་མགོ་བརྩམས་སོ། །
ཡིད་དགའ་ཆོས་འཛིན་གླིང་།
ང་ཚོ་རེབ་གོང་ནས་ཡིད་དགའ་ཆོས་འཛིན་གླིང་དུ་ཆས་དུས་དགོང་མོའི་ཆུ་ཚོད་བདུན་ཡས་མས་ཡིན།[3] དགོན་སྡེ་དེ་རེབ་གོང་དང་ཐག་ཉེར་བོར་ཡོད་པས་རླངས་འཁོར་གྱི་མྱུར་འགྲོས་ཀྱིས་ཆུ་ཚོད་མང་པོ་མ་དགོས་པར་འབྱོར། དགོན་སྡེ་དེ་ནི་རི་བོ་ཞིག་གི་པང་དུ་ཆགས་ཡོད་ཅིང་མཐོང་ཡངས་ས་ཞིག་རེད་འདུག ངེད་ཅག་གིས་དུས་ཚོད་ཕྲན་ཙམ་ལ་དགོན་པའི་སྒོ་འགྲམ་དུ་སྒུག་རྗེས་ཨ་ཁུ་ཞིག་ཐོན་ཏེ་ཁོའི་གྲྭ་ཤག་ཡོད་སར་བསུས། ང་ཚོས་ཀྱང་དུས་ཚོད་དམ་འཛིན་གྱིས་མྱུར་དུ་ཨ་ཁུ་གང་དེར་ཡོང་བའི་དོན་གང་ཡིན་པ་གསལ་བོར་བཤད་རྗེས། ཁོས་ཀྱང་མྱུར་དུ་གང་ཤེས་ང་ཚོར་བཤད་པ་མ་ཟད་གང་དགོས་ང་ཚོར་མཁོ་སྤྲོད་གནང་། ད་ལྟ་དབེན་གནས་འདིར་གྲྭ་བ་དེ་འདྲ་མང་ཙམ་མེད་ཀྱང་སྔོན་བྱོན་མཁས་པ་དུ་མས་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་རླབས་མྱོང་བ་ཤ་སྟག་རེད་འདུག འོན་ཀྱང་དགོན་འདིར་རང་གི་ཆོས་བྱུང་གི་ལོ་རྒྱུས་ཐར་ཐོར་ལས་འཐུས་ཚང་བ་ཞིག་སྔོན་བྱོན་སྐྱེས་བུ་དམ་པས་ཀྱང་བརྩམས་གནང་མཛད་མེད་སྟབས། ཁོང་གིས་བྲིས་པའི་ཡིད་དགའ་ཆོས་འཛིན་གྱི་བྱུང་བ་ཁ་གསལ་གོ་བདེ་ཞིག་ང་ཚོ་མི་རེ་རེ་ལ་གནང་བྱུང་། དེ་ལས་དབེན་གནས་འདིའི་བྱུང་བ་ཆེ་ལོང་ཙམ་ཤེས་ཐུབ་པ་ནི་འདི་ལྟ་སྟེ། དགོན་སྡེ་འདི་ནི་བོད་རབ་བྱུང་བཅུ་གཅིག་པའི་བགྲང་བྱ་ང་དགུ་བ་ཆིང་གོང་མ་ཀོང་ཞུ་ཁྲི་ལོ་ཉེར་བཞི་བ་སྟེ་སྤྱི་ལོ༡༦༨༥ལོར། རྣམ་འདྲེན་བླ་མ་སྐལ་ལྡན་རྒྱ་མཚོའི་ཐུགས་བསྐྱེད་བཞེད་དགོངས་ལྟར་ཁོང་གི་དངོས་སློབ་ནགས་གྱའི་རབ་འབྱམས་པ་རིན་ཆེན་ནམ་ནགས་གྱའི་གྲུབ་ཆེན་མཆོག་གིས་ཕྱག་འདེབས་མཛད་ཅིང་། ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་རིམ་བྱོན། ཡབ་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ། ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རིགས་རྒྱ་མཚོ། ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ། རྡོ་རྗེ་འཆང་དངོས་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན། རྭ་རྒྱའི་གཡུ་རྔོག་པཎྜི་ཏ་རིན་ཆེན་རྡོ་རྗེ། རྡོ་རྗེ་འཆང་འཇིགས་མེད་དམ་ཆོས་རྒྱ་མཚོ། ཡོངས་འཛིན་བློ་བཟང་བློ་བཟང་དཔལ་བ། རོང་སྟོན་བདུན་པ་ཆེན་པོའི་ཆོས་ཀྱི་རྒྱལ་ཚབ་དམ་པ་མཁས་བཙུན་ལུང་རིགས་རྒྱ་མཚོ་སོགས་སྐྱེས་ཆེན་གསེར་རིའི་ཕྲེང་བ་དག་གིས་ཞབས་ཀྱི་པདྨོ་བཀོད་དེ་མདོ་སྔགས་ཟབ་རྒྱས་ཀྱི་ཆོས་ཆར་ཕབ་མྱོང་བར་བཤད།[4] སྔོན་ཆད་སྐྱེས་ཆེན་དུ་མའི་བཀའ་དྲིན་གྱིས་གནས་འདིར་སྒྲུབ་སྡེ་ཞིག་ལ་ཚང་ངེས་ཀྱི་འདོན་ཆོག་དང་སྒྲུབ་མཆོད། སྨོན་ལམ་དང་དུས་ཆེན་སོགས་རྒྱ་ཆེ་བར་ཚོགས་པར«མདོ་སྨད་ཆོས་འབྱུང»དུའང་འབྱུང་ཡང་། ད་ལྟ་མང་ཆེ་བ་ཉམས་ཏེ་ཚོགས་དུས་རྒྱ་ཆེན་པོ་མེད་པ་མ་ཟད་འཚོག་པའི་ཉིན་གྲངས་ཀྱང་ཉུང་དུ་སོང་འདུག་པ་སོགས་དགོན་པའི་ཨ་ཁུ་དགེ་འདུན་ཡར་འཕེལ་ལགས་ནས་བཤད། སྒྲུབ་སྡེ་འདིར་གཞན་དང་མ་འདྲ་བའི་ཁྱད་ཆོས་ཤིག་མཆིས་པ་ནི་ཟླ་རེའི་ཚེས་བཅུ་ཉིན་བདེ་མཆོག་རྩ་རྒྱུད་ལེའུ་ང་གཅིག་ཆ་ཚང་བ་མ་ཆད་པར་འདོན་པ་དེ་ཡིན་ཟེར། འདོན་ཆོག་དེའི་སྐབས་དབུ་མཛད་དཀྱིལ་དུ་བཞུགས་ཤིང་གྲྭ་བ་རྣམས་ཟླ་གམ་གྱི་དབྱིབས་ལྟར་མཐའ་རུ་བཞུགས་དགོས་པར་འདུག དེ་ལ་མཚོན་དོན་རེ་བཤད་རྒྱུ་ཡོད་མོད་ཨ་ཁུ་ཁོང་ནས་ཀྱང་ལན་གསལ་བོ་བཤད་མ་སོང་པས་རྟགས་གཞི།དགོན་འདི་དང་ཀླུ་ཚང་ཚོ་བའི་བར་འབྲེལ་བ་ངེས་ཅན་ཞིག་ཡོད་དེ། བཤད་ཚུལ་དུ་དགོན་འདིའི་བསྟན་པའི་སྦྱིན་བདག་ནི་ཀླུ་ཚང་དཔོན་པོ་ཡིན་སྐད་འདུག་ཀྱང་དེ་འབྲེལ་གྱི་ལོ་རྒྱུས་ངག་རྒྱུན་ཙམ་ལས་ཆུ་བུར་མིག་གི་མཐོང་བྱར་མངོན་པའི་དཔྱད་གཞི་རྒྱུ་ཆ་ལག་སོན་མ་བྱུང་སྟབས་གང་བྱུང་དུ་འབྲི་མ་སྤོབས། གཞན་རྭ་རྒྱའི་གཡུ་རྔོག་པཎྜི་ཏ་ཞུ་བ(ཁོང་རྣམ་པས་ཁ་ཡི་ཨ་ལགས་ཟེར)གནས་འདིར་རྒྱུན་བཞུགས་བྱས་པས་ཁོང་གི་གསུང«སྐྱབས་འགྲོའི་ཁྲིད་ཡིག» «སྔགས་ཀྱི་རྣམ་བཤད་དངོས་གྲུབ་སྙེ་མའི་འགྲེལ་བ»སོགས་དང་འོད་དཔག་མེད་ཀྱི་ཞིང་བཀོད་སོགས་བྲིས་ཐང་རེ་འགའ་བཞུགས། ཡིད་དགའ་རང་དགོན་ནས་པར་དུ་བསྐྲུན་པའི་དཔེ་ཆ་རེ་འགའ་ལས་ལག་སོན་མ་བྱུང་ཡང་དེར་འབྲེལ་གྱི་ལོ་རྒྱུས་དང་དབེན་གནས་ཀྱི་དེང་རབས་ཀྱི་ལུགས་དང་མཐུན་པའི་ཞིང་བཀོད་ཀྱི་འཛུགས་སྐྲུན་ཀྱིས་ཡིད་སེམས་རབ་ཏུ་དྲོས་པར་བྱས།
ཐོ་རྒྱ་བཀྲ་ཤིས་ཆོས་འཕེལ་གླིང་།
ཚེས་བཞི་ཉིན་ང་ཚོ་ཐོ་རྒྱ་དགོན་དུ་ཆས། ཐོ་རྒྱ་ནི་རྒྱའི་སྐད་དུ保安ཞེས་བྲིས་ཡོད་ཀྱང་། མིང་དངོས་ནི་བོད་སྐད་ཡིན་པར་བརྗོད་དེ། བཤད་རྒྱུན་ཞིག་ལས་སྔོན་དགོན་རྙིང་ཞིག་གི་ཤུལ་དུ་དུང་དཀར་ཐང་ཞེས་པའི་གནས་ཤིག་ཡོད་པར་དུང་དཀར་ཆུ་མིག་ཟེར་བའི་བྱམས་ཁང་རྟེན་བརྟེན་པ་བཞེངས་ཡོད་ལ། བྱམས་ཁང་མདུན་དུ་རྡོ་རིང་ཞིག་བཙུགས་ཡོད་པར། གོང་མས་བཀས། ས་ཆ་ནི་བོད་སྐོར་དགོན་པར་གཏོགས་པ་ཡིན། སྲིད་གཞུང་ལ་འདུག་སའི་མཁར་དང་འཐུང་སའི་ཆུ། འགྲོ་སའི་གོང་ཁའི་ལམ་བཅས་ལས་གཡོར་མི་དགོས་ཞེས་བྲིས་འདུག དེ་ནས་རིམ་བཞིན་དམག་ཁང་ལས་ཤིང་མཁར་བརྩིགས་པའི་ཤུལ་ཡོད་ཅིང་། དེ་ནི་ད་ལྟའི་ཐོ་རྒྱའི་དབྱིན་ཧྥང་ཟེར་བའི་ས་དེ་ཡིན། བོད་སྐད་དུ་བན་དེ་སྒང་ངམ་ལྷ་ཐོ་ཐོ་རི་ཟེར་བས། ཐོ་རྒྱ་ཞེས་པའི་རྒྱབ་རིའི་མིང་དེ་ཡུལ་སྡེར་ཐོགས་པར་གྲགས། ཡང་གཞན་ཞིག་ཏུ་ཐོ་རྒྱ་དང་ཁ་རྒྱ། ཐེར་རྒྱ་དང་དོ་རྒྱ་སོགས་ནི་བོད་བཙན་པོའི་དུས་སྐབས་ཀྱི་དམག་གི་ཁ་གྲངས་གཞིར་བཅས་གསལ་བྱེད་སུམ་ཅུའི་སྒྲིག་རིམ་ལྟར་བཏགས་པ་ཡིན་ཞེས་རིག་གཞུང་ཞིབ་འཇུག་གི་ངོས་ནས་བྲིས་པའང་ཡོད།[5] གང་ལྟར་མིང་གི་ཐོགས་ལུགས་སྔར་བཞིན་གཅིག་གྱུར་གྱི་བཤད་ལུགས་ཤིག་ཆགས་མེད། ཐོ་རྒྱ་དགོན་དུ་བླ་མ་སྤྲུལ་སྐུ་བཞུགས་མེད་ཀྱང་དགོན་པའི་འཛུགས་སྐྲུན་ཧ་ལས་པ་རེད་འདུག དེ་ནི་གཙོ་བོ་དགེ་རྒན་ཆེན་མོ་ཀླུ་རྒྱལ་འབུམ་ལགས་དང་འབྲེལ་བ་ངེས་ཅན་ཡོད། ཁོང་ཉིད་ལས་འཁྱུར་ངལ་གསོ་བྱས་རྗེས་གཞི་ནས་ཐོ་རྒྱ་དགོན་ལ་འཛུགས་སྐྲུན་གྱི་འཆར་འགོད་བཟོས་ཏེ་ད་ལྟའི་བར་དགོན་པའི་ངོས་ཐད་དུ་བྱས་རྗེས་གང་ལེགས་བསྒྲུབས་དང་སྒྲུབ་མུས་སུ་ཡོད། ད་དུང་སློབ་ཆེན་སློབ་མའི་དངོས་སྦྱོང་རྟེན་གཞི་ཞིག་ཀྱང་བཙུགས་ཡོད། དགོན་པའི་ནང་དུ་ཤིང་དཔར་དཔེ་ཆ་མེད་ཀྱང་སྡེ་བའི་ནང་དུ་མི་སྒེར་ནས་དཔར་བ་དང་ཉར་བའི་དཔེ་ཆ་མང་པོ་ཡོད། ང་ཚོས་རྒྱུ་ཆ་དེ་དག་ཐོ་ཡིག་བཀོད་ཚར་རྗེས་ཕྱིར་རེབ་གོང་དུ་ལོག
ཧོར་ནག་བཀྲ་ཤིས་འཁྱིལ།
ཧོར་ནག་བཀྲ་ཤིས་འཁྱིལ་ཞེས་པའི་དགོན་པ་གཞན་དང་མི་འདྲ་བར་རེབ་གོང་གི་ལུང་གཞུང་དེའི་ཁ་རུ་ཆགས་ཡོད་ཀྱང་ནགས་ཀྱིས་མཐའ་ནས་བསྐོར་འདུག་པས། དབེན་གནས་ཉམས་དགའ་བའི་གནས་ཤིག་ཡིན་པ་གོར་མ་ཆག སྤྱིར་ཧོར་ནག་ཞེས་པ་སྡེ་བའི་མིང་དུའང་བཏགས་ཡོད་མོད་ཧོར་ནག་ཞེས་པའི་དོན་ག་འདྲ་ཡིན་པ་དང་ཐོགས་ལུགས་ཇི་ལྟར་ཡིན་པའི་སྐོར་སུས་ཀྱང་བསྙད་མ་སོང་། འབྲེལ་ཡོད་ལོ་རྒྱུས་རེ་འགར་བལྟས་ཀྱང་ཧོར་ནག་ཞེས་པ་གླིང་སྒྲུང་དང་སྦྱར་ནས་འགྲེལ་འདུག་པས་ཡིད་རྟོན་ཕེར་བའི་གནས་མ་མཆིས་པར་སྙམ་སྟེ་འབྲི་མ་སྤོབས་ལ། ཟིན་ཐོའི་འདིའི་སྨྱུག་ཁ་ཡང་དགོན་པའི་སྐོར་གྱི་མཐོང་ཐོས་མྱོང་གསུམ་ལ་གཏད་དགོས་བྱུང་།

དགོན་དེར་དངོས་བཞུགས་ཀྱི་གྲྭ་བ་དེ་འདྲའི་མང་པོ་མེད་ཀྱང་རྟེན་འགངས་ཆེན་མང་པོ་བཞུགས། ལྷ་ཁང་ཞིག་གི་ནང་དུ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་སྐབས་སུ་བཞེངས་པར་མཛད་པའི་རྡོ་བརྐོས་ཡི་གེ་དང་ལྷ་སྐུ་མཚོན་ཅན་མང་པོ་བཞུགས། ཡི་གེ་དང་ལྷ་སྐུ་མཐའ་དག་དམ་པ་ཁོང་གི་སྐུ་དངོས་ཀྱི་ཕྱག་བྲིས་ཡིན་པར་བརྗོད། དེ་མིན་ད་དུང་ཁོང་དང་རེབ་གོང་གྲུབ་ཆེན་ཆོས་པ་རིན་པོ་ཆེའི་གཉིས་ཀྱི་སྐུ་ཐང་བྱིན་ཅན་ཞིག་ཀྱང་བཞུགས་པས། ཡིད་ཀྱི་དད་པ་དབང་མེད་དུ་བཀུག དགེ་རྒན་ལགས་ནས་རྡོ་བརྐོས་འདི་དག་ནི་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་སྐབས་སུ་བཞེངས་པ་ཡིན་སྟབས་ཞིབ་འཇུག་གི་རིན་ཐང་ལྡན་པ་སོགས་བསྙད་པས་ངས་ཀྱང་རྡོ་སྐུ་དང་ཡི་གེ་རེ་རེ་བཞིན་མ་ལུས་པར་པར་མིག་ཏུ་བླངས། དེ་ནས་སྤྱི་ལེ་གཅིག་ཙམ་བསྐྱོད་ན་ནགས་རི་ཞིག་གི་རྩེར་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་མགུར་སྡོང་ཞེས་གསོམ་ཤིང་གི་སྡོང་བོ་མཐོན་པོ་ཞིག་སྐྱེས་ཡོད། སྡོང་བོ་དེའི་འགབ་ཏུ་ཡབ་རྗེ་སྐུ་ཕྲེང་དང་པོ་སྐལ་ལྡན་རྒྱལ་མཚོས་ཟབ་ཆོས་སྙིང་བོ་མགུར་གྱིས་བཞེངས་ཏེ་གདུལ་བྱ་མང་པོར་ཐར་བའི་ལམ་སྣ་བསྟན་པར་གསུངས་། ང་ཚོས་ཀྱང་དད་པའི་ལྷ་དར་འཐེན་བཞིན་སོར་ལྔ་ཟུང་བཅས་བྲང་ཁར་སྦྱར་ཏེ་གུས་ཕྱག་འཚལ། དེ་ནས་གོམ་པ་སུམ་ཅུ་ལྷག་ཙམ་གྱིས་ནགས་རིའི་རྩེ་མོར་ཐོན་ཐུབ་པས། མགུར་སྡོང་སྐོར་གྱི་ངག་རྒྱུན་ལོ་རྒྱུས་ལ་ཉན་ཞོར་རྐང་པ་བརྒྱབས་ནས་རི་རྩེར་འཛེགས། རྩེ་དེ་རུ་མཐའ་འཁོར་གྱི་ཡུལ་ལྗོངས་མཐའ་དག་མཐོང་ལམ་དུ་འདྲེན་ནུས་པས་ཡིད་དང་མིག་གིས་ལེགས་པར་ལོངས་སུ་སྤྱོད་ནུས། རི་རྩེ་ནས་ངལ་གསོ་ཕྲན་ཙམ་གསོས་རྗེས་ཕྱིར་ལམ་ལ་ཆས་པ་ཡིན།
མཇུག་སྡུད།
བསྟུད་མར་ཉིན་ལྔ་ཡས་མས་ཀྱི་འགྲུལ་བཞུད་ལས་ངེད་ཅག་གི་དྲན་པའི་ལྡེབས་རིས་སུ་རིག་པའི་ཤེས་བྱ་དང་བྱ་བའི་མྱོང་བ་སོགས་མི་ཉུང་བ་ཞིག་གསལ་ལེར་བཀོད་ཅིང་། ངས་ཀྱང་བར་སྐབས་ཤིག་གི་རིག་གནས་ཀྱི་འགྲུལ་བཞུད་གང་ཞིག་དྲན་པའི་ཡིད་དབུས་སུ་ཝ་ལེར་བསླང་ཕྱིར་འགྲོ་ཞོར་དང་འདུག་ཞོར་དུ་དགོན་པ་སོ་སོའི་སྐོར་གྱི་མཐོང་ཐོས་མྱོང་བ་ཡི་གེར་དྲངས་ཏེ་བརྗེད་ཐོ་ཞིག་གི་དོད་དུ་ཉར། འདི་ག་སླར་མར་ཞིབ་ཅིང་རྒྱས་པ་ཞིག་བྲི་ནུས་མ་ནུས་གང་ཡང་རུང་སྟེ་རང་ངོས་ནས་དོན་སྙིང་ཆེ་རུ་སེམས་ཡོད། གུས་པ་ཤེས་བྱའི་གནས་ལ་སྤྲོ་བ་ཡོད་ཀྱང་དེ་འདྲའི་འཇོན་པོ་མེད་སྟབས། འདིར་བྲིས་ཀྱི་ཚིག་གི་སྡེབ་དང་དོན་གྱི་གནད་ལེགས་པོ་མ་ཐོན་པ་དང་མཐོང་ཐོས་ཞིབ་བརྗོད་འཁྲུལ་བའི་ཆ་ཡང་གང་མང་ཡོད་སྲིད་དེ་གང་ཟག་སྒེར་པ་ཞིག་གི་དྲན་རྟོག་སྐྱོན་ཅན་ལས་བྱུང་པས་ནོར་བ་ཅི་མཆིས་མཐོལ་ལོ་གཤགས་ཞུ། གཞན་དགེ་རྒན་བཀའ་དྲིན་ཅན་ཀུན་དགའ་དབང་ཕྱུག་ལགས་ནས་ང་ཚོར་འདི་ལྟར་ཤོག་ངོས་ཀྱི་ཤེས་བྱའི་གྲོགས་སུ་ལག་ལེན་གྱི་ཉམས་མྱོང་སྦྲན་པའི་གོ་སྐབས་གནང་བར་ཡིད་ཀྱི་གཏིང་རིམ་ནས་བཀའ་དྲིན་ཡང་ཡང་ཞུ་ཞུ།། །།སྨྲས་པ།
རིག་འབྱུང་གྲོང་གི་དབེན་གནས་འགྲིམ་པ་ལས། །
མི་བརྗེད་རྟེན་དུ་འདོགས་ཆེད་དྲན་ཐོ་འདི། །
གསལ་བྱེད་སུམ་ཅུའི་ཡི་གེར་ལེགས་དྲངས་ཏེ། །
ཤོག་དཀར་ཐང་ཆེན་ངོས་སུ་བསུས་པ་དགེ །
བརྡ་དག་བསྙད་པའི་རྗོད་པ་མི་ལེགས་ཀྱང་། །
སྡེབ་ནོར་སྙན་པའི་འགྱུར་ཁུགས་མི་ལྡན་ཡང་། །
མཐོང་ཐོས་མྱོང་བ་ཡི་གེར་བསྡེབས་པ་འདི། །
སྔོན་ནས་མ་བོར་རང་གི་གོམས་གཤིས་ཉིད། །
མི་བརྗེད་རྟེན་དུ་འདོགས་ཆེད་དྲན་ཐོ་འདི། །
གསལ་བྱེད་སུམ་ཅུའི་ཡི་གེར་ལེགས་དྲངས་ཏེ། །
ཤོག་དཀར་ཐང་ཆེན་ངོས་སུ་བསུས་པ་དགེ །
བརྡ་དག་བསྙད་པའི་རྗོད་པ་མི་ལེགས་ཀྱང་། །
སྡེབ་ནོར་སྙན་པའི་འགྱུར་ཁུགས་མི་ལྡན་ཡང་། །
མཐོང་ཐོས་མྱོང་བ་ཡི་གེར་བསྡེབས་པ་འདི། །
སྔོན་ནས་མ་བོར་རང་གི་གོམས་གཤིས་ཉིད། །
སྤྱི་ལོ༢༠༢༡ལོའི་ཟླ་ལྔ་པའི་ཚེས་བདུན་ཉིན་ཡོངས་སུ་གྲུབ།
དཔྱད་ཡིག
[1] ཚངས་དབང་དགེ་འདུན་བསྟན་པ། པཎྚི་ཏ་བློ་བཟང་ཤེས་རབ་མཚན་ཅན་གསུམ་དང་དེ་དག་གིས་བོད་ཀྱི་མཛེས་རྩལ་རི་མོའི་ཐད་ལ་མཛད་རྗེས་བཞག་ཚུལ་རོབ་ཙམ་གླེང་བ། [DB] ཡོངས་འཛིན་དྲ་བ།
[2] ཉི་མ་ཚེ་རིང་། ལྕགས་ཐར། མདོ་སྨད་རེབ་གོང་གི་ཁྲི་རྩེ་སྡེ་བཞིའི་ཡ་གྱལ་རྐ་སར་དགོན་པའི་ཤིང་དཔར་བྱུང་ཚུལ་སྐོར་གྱི་ཡུལ་དངོས་རྟོག་ཞིབ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ། [J] 2018-1
[3] དགོན་འདིར་ཀུན་གྱིས་ཡི་སྒར་དགོན་ཞེས་འབོད་ཀྱང་ཡི་གེར་འགོད་དུས་ཡིད་དགའ་ཞེས་བྲིས་འདུག མིང་བརྡ་འདི་གཉིས་ལ་ཁྱད་པར་ཡོད་མེད་གསལ་བོ་མ་ངེས་ཀྱང་དགེ་བཤེས་ཡི་སྒར་ཐུབ་བསྟན་ཞེས་གང་ཟག་གི་མིང་དུའང་འབྱུང་པས་ཡི་སྒར་ཞེས་པ་ས་མིང་དང་མི་མིང་གང་རུང་ལས་ཐོགས་པ་ཡིན་ནམ་སྙམ་ཡང་རྟགས་གསལ་བོ་འགོད་རྒྱུ་མེད།
[4] དགེ་འདུན་ཡར་འཕེལ། ཡིད་དགའ་ཆོས་འཛིན་གྱི་བྱུང་བ་བརྗོད་པ་བདེན་གཏམ་བདུད་རྩིའི་ཐུགས་པ། ནང་ཁུལ་གྱི་རྒྱུ་ཆ། 2010ལོ།
[5] འགྱན་སངས་རྒྱས་དོན་གྲུབ། མདོ་སྨད་ཡུལ་གྲུ་ཁག་གི་ས་མིང་སྐྱ་རྒྱ་དང་དོ་རྒྱ་སོགས་བཤད་པ། བོད་ལྗོངས་ཞིབ་འཇུག [J]
[1] ཚངས་དབང་དགེ་འདུན་བསྟན་པ། པཎྚི་ཏ་བློ་བཟང་ཤེས་རབ་མཚན་ཅན་གསུམ་དང་དེ་དག་གིས་བོད་ཀྱི་མཛེས་རྩལ་རི་མོའི་ཐད་ལ་མཛད་རྗེས་བཞག་ཚུལ་རོབ་ཙམ་གླེང་བ། [DB] ཡོངས་འཛིན་དྲ་བ།
[2] ཉི་མ་ཚེ་རིང་། ལྕགས་ཐར། མདོ་སྨད་རེབ་གོང་གི་ཁྲི་རྩེ་སྡེ་བཞིའི་ཡ་གྱལ་རྐ་སར་དགོན་པའི་ཤིང་དཔར་བྱུང་ཚུལ་སྐོར་གྱི་ཡུལ་དངོས་རྟོག་ཞིབ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ། [J] 2018-1
[3] དགོན་འདིར་ཀུན་གྱིས་ཡི་སྒར་དགོན་ཞེས་འབོད་ཀྱང་ཡི་གེར་འགོད་དུས་ཡིད་དགའ་ཞེས་བྲིས་འདུག མིང་བརྡ་འདི་གཉིས་ལ་ཁྱད་པར་ཡོད་མེད་གསལ་བོ་མ་ངེས་ཀྱང་དགེ་བཤེས་ཡི་སྒར་ཐུབ་བསྟན་ཞེས་གང་ཟག་གི་མིང་དུའང་འབྱུང་པས་ཡི་སྒར་ཞེས་པ་ས་མིང་དང་མི་མིང་གང་རུང་ལས་ཐོགས་པ་ཡིན་ནམ་སྙམ་ཡང་རྟགས་གསལ་བོ་འགོད་རྒྱུ་མེད།
[4] དགེ་འདུན་ཡར་འཕེལ། ཡིད་དགའ་ཆོས་འཛིན་གྱི་བྱུང་བ་བརྗོད་པ་བདེན་གཏམ་བདུད་རྩིའི་ཐུགས་པ། ནང་ཁུལ་གྱི་རྒྱུ་ཆ། 2010ལོ།
[5] འགྱན་སངས་རྒྱས་དོན་གྲུབ། མདོ་སྨད་ཡུལ་གྲུ་ཁག་གི་ས་མིང་སྐྱ་རྒྱ་དང་དོ་རྒྱ་སོགས་བཤད་པ། བོད་ལྗོངས་ཞིབ་འཇུག [J]
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།