འདབ་དྲུག་གི་དཔེ་ཀློག་རེག་ཟིག

རྩོམ་པ་པོ།:འདབ་དྲུག ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-03-08 09:10:34 ཀློག་གྲངས།:
བུད་མེད་ཀྱིས་བུད་མེད་བཀླགས་པ། ཡང་ན་ལོ་ཟླ་ལ་འཕངས་པའི་ཕྱི་མིག
                                 བསྡུས་དེབ«བུད་མེད་རྩོམ་པ་པོས་གསར་རྩོམ་གླེང་བ»བཀླགས་རྗེས།
འདབ་དྲུག

        དེ་རིང་། རྩོམ་རིག་བསྡུས་དེབ«བུད་མེད་རྩོམ་པ་པོས་གསར་རྩོམ་གླེང་བ།»ཞེས་པ་བཀླགས་ནས་ལེགས་པར་གྲུབ། དེབ་འདི་བཀླགས་པའི་གོ་རིམ་ཧྲིལ་བོར། ངའི་མིག་གིས་དེབ་ངོས་ཀྱི་ཡིག་འབྲུ་དག་དེད་ནས་མདུན་དུ་འགྲོ་བཞིན་ཡོད་མོད། དྲན་པས་རང་ཉིད་ཀྱི་འདས་སོང་གི་ལོ་ཟླ་དེད་ནས་རྒྱབ་ཕྱོགས་སུ་སྐྱོད་ཀྱིན་པའི་སྣང་བ་ཤར། དེ་ནི་རང་ཉིད་ལའང་རླབས་ཆེན་གྱི་རྩོམ་པ་པོ་ཁོང་མོ་ཚོ་དང་འདྲ་བའི་མི་ཚེའི་མྱོང་རྟོག་ཡོད་པ་ནི་ག་ལ་ཡིན་ཏེ་གཞར་ཡང་མི་སྲིད་མོད། རང་ཉིད་ཀྱང་ཁོང་མོ་ཚོ་དང་འདྲ་བའི་སྐྱེས་མ་ཞིག་ཡིན་པའི་ཆ་ཁོ་ནས། བརྩམས་ཆོས་རེ་རེའི་ཟ་ཟུར་གང་རུང་ནས་རང་ཉིད་ཀྱི་གྲིབ་གཟུགས་བཀླགས་ཐུབ་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་བྱུང་། དེ་བས་དྲན་པ་འདི་ལ་བརྟེན་ནས་རང་ཉིད་ཀྱི་འདས་སོང་གི་ལོ་ཟླ་དག་ལ་མྱ་ངན་གྱི་སྒྲོན་མེ་རྐང་གཅིག་འབུལ་འོས་པར་སེམས་སོང་།
        དེབ་འདི་རུ་དེང་རབས་བོད་ཀྱི་སྐྱེས་མའི་རྩོམ་སྟེགས་སུ་གོ་གནས་གལ་ཆེན་ཟིན་པའི་རྩོམ་པ་པོ་དགུ་ཡི་མི་ཚེའི་མྱོང་བ་དང་སྦྱར་བའི་གསར་རྩོམ་སྐོར་གྱི་བརྩམས་ཆོས་དགུ་འཁོད་ཡོད་ཅིང་། རྩོམ་པ་པོ་རྣམ་གྱིས་དུས་ཀྱི་གཞུང་ཕྱོགས་ལ་གཞི་བཅོལ་ཐོག སོ་སོའི་བྱིས་དུས་ཀྱི་ལོ་རྒྱུས་གླེང་བ་ནས་འགོ་ཚུགས་ཏེ། སློབ་སྦྱོང་དང་དཔེ་ཀློག་གི་གནས་བབ་ལ་ཕྱིར་རྟོགས་བགྱིས་ཤིང་། རིམ་བཞིན་གསར་རྩོམ་གྱི་ལམ་ལ་རྡོག་ཁ་ཇི་ལྟར་བསྒྱུར་ཚུལ། གསར་རྩོམ་གྱི་ལམ་ནས་དཀའ་ཁག་ཅི་ལ་འཕྲད་ཚུལ། རྒྱུན་སྐྱོང་ཇི་ལྟར་གནང་ཚུལ། སྙིང་རུས་གང་གིས་བསྩལ་ཚུལ། གྲུབ་འབྲས་གང་འདྲ་ཐོབ་ཚུལ། ཕུགས་འདུན་དང་རེ་སྙེག་གང་འདྲ་ཡོད་ཚུལ་སོགས་རང་རང་གི་འཚོ་བ་དངོས་དང་མྱོང་བ་དངོས་ལ་བསྒྲེས་ཏེ་ཚིག་གི་བསྟར་ལ་བརྒྱུས་ནས་ཀློག་པ་པོའི་སྤྱན་སྔ་ལ་གསལ་གྱི་ལེར་བཤམས་འདུག དེ་བས། དེབ་འདི་བཀླགས་པའི་གོ་རིམ་ཧྲིལ་བོར་ང་ལ་ཚད་མེད་པའི་སེམས་འགུལ་གྲངས་མེད་ཐེབས་ཤིང་། ཁོང་མོ་ཚོའི་སྨྱུ་གུའི་འགྲོས་དང་འགྲོགས་ནས་ང་རང་ཁོ་མོ་ཚོའི་འདས་ཟིན་པའི་ལོ་ཟླའི་ལྟེབ་ཁུད་རེ་རེར་ཉུལ། ཁོང་མོ་ཚོའི་དཀའ་སྡུག་གི་གོམ་པ་སྤོས་ཤུལ་གྱི་ཞབས་རྗེས་རེ་རེར་ལག་པས་རེག་ཐུབ་ཀྱིན་ཡོད་ལ། ཁོང་མོ་ཚོའི་ཡིག་འབྲུ་རེ་རེའི་ནང་ཁོང་དུ་འཛུལ་ནས་སོ་སོའི་ནང་སེམས་ཀྱི་འཇིག་རྟེན་དང་དེའི་ཁ་དོག་མཐོང་ཐུབ་ཀྱིན་ཡོད།
        འདིར་འཁོད་ཀྱི་རྩོམ་པ་པོ་རྣམ་ནི་དུས་རབས་ཀྱི་རྒྱབ་ལྗོངས་ཕལ་ཆེར་གཅིག་མཐུན་ཡིན་པའི་ལོ་རབས་ཤིག་གི་ན་མཉམ་དག་ཡིན་པས། ཁོང་མོ་ཚོའི་བྱིས་དུས་ཀྱི་འཚོ་བའི་གནས་བབ་དང་སློབ་སྦྱོང་གི་ཁོར་ཡུག དཔེ་ཀློག་གི་ཆ་རྐྱེན་སོགས་ནི་ཐུན་མོང་སྤྱི་བྱིངས་ལ་ཤིན་ཏུ་ཐབས་ཆག་ཅིག་དང་སྡུག་པོ་སྐྱོ་བོ་ཞིག་ཏུ་འདུག་པ་སྐབས་དེའི་ལོ་རྒྱུས་ལ་རྒྱས་མངའ་ཅུང་ཟད་ཡོད་པ་ཞིག་ཡིན་ན་མཁྱེན་གསལ་ལྟར་རེད། ལྷག་པར་ཁོང་མོ་ཚོ་ལས་མང་ཤོས་འབྲོག་ཁུལ་ཏུ་སྐྱེས་པ་ཤ་སྟག་ཡིན་སྟབས། དུས་སྐབས་དེའི་འབྲོག་མོ་ཕལ་བ་ཞིག་གི་ལས་འགན་ཡོངས་སུ་ཁུར་ཡོད་པ་དག་ཏུ་འདུག དེ་འདྲའི་འཚོ་བ་ངན་ངོན་དང་ཁོར་ཡུག་མག་མོག་ཅིག་ལས། ཁོང་མོ་ཚོ་ནི་དེ་ལྟར་ལས་དབང་ལ་མགོ་བོ་མ་བསྒུར་བར་མདུན་སྐྱོད་ཀྱི་གོམ་པ་ཨམ་གཙིགས་ཀྱིས་སྤོས་ཏེ་དུས་རབས་ཉེར་གཅིག་ལ་སླེབས་པ་རེད། དེ་བས་དུས་རབས་འདིའི་བོད་ཀྱི་སྤྱི་ཚོགས་སུ་ཁོང་མོ་ཚོ་ནི་བོད་མོ་རྩོམ་པ་པོ་ཙམ་དུ་མ་ཟད། བོད་མོ་ཤེས་ཡོན་པའི་ཚབ་མཚོན་ལྟ་བུར་གྱུར་བའི་མཛངས་མ་ཁྱུ་གཅིག་ཏུའང་གུས་མོས་མཐོང་སོང་། 
        ངས་འདི་རུ་བསྔགས་བརྗོད་ཀྱི་དཔེ་རུ་རུང་བ་ལྟ་བུའི་ཚིག་ཚོགས་མང་དུ་སྤུངས་པར་རྔོ་མི་ཐོགས་མོད། ཁོང་མོ་ཚོ་ནི་དངོས་འབྲེལ་བོད་ཀྱི་དེང་རབས་རྩོམ་རིག་གི་ལྡུམ་རའི་ནང་དུ་སྐྱེས་མའི་རྩོམ་རིག་གི་ས་བོན་གཏོར་མཁན་དང་ཆུ་ལུད་གཏོང་མཁན་ཡིན་ལ། འབྲས་བུ་སྡུད་མཁན་ཡང་ཅི་ལ་མིན། ད་ལྟའི་དུས་སུའང་། དེང་རབས་བོད་ཀྱི་སྐྱེས་མའི་རྩོམ་རིག་མེད་པ་ནས་ཡོད་པར་བྱ་མཁན་དང་། ཡོད་པ་ནས་འཕེལ་རྒྱས་སྙེག་མཁན། འཕེལ་རྒྱས་ནས་མདུན་ལམ་འཚོལ་མཁན་ཡང་ཁོང་མོ་ཚོ་ལས་གཞན་སུ་ཞིག་མཆིས།
        རབས་རྗེས་མ་སྟེ། ང་ཚོའི་མི་རབས་འདི་ནི། ཁོང་མོ་ཚོ་དང་བསྡུར་ན་ཁྱིམ་གྱི་འཚོ་བའི་ཆུ་ཚད་དང་། སློབ་སྦྱོང་དང་དཔེ་ཀློག་གི་ཆ་རྐྱེན་སོགས་ཀྱི་ཐད་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ཡར་རྒྱས་ལྡབ་འགྱུར་བྱུང་ཡོད་ནའང་། ནང་བསམ་པའི་བློ་སྦྱོང་དང་སློབ་སྦྱོང་གི་སེམས་ཤུགས། དཔེ་ཀློག་གི་ངར་ཤུགས་སོགས་ནི་ཁོང་མོ་ཚོའི་རྐང་རྡུལ་ལའང་མི་འདྲིས་པ་ཞིག་ཏུ་མཐོང་། ལྷག་པར་ད་ལྟའི་རང་ཅག་གི་སྐྱེས་མ་ཚོ་ནི་མང་ཤོས་བོད་ཡིག་བོད་སྐད་ཀྱི་སློབ་སྦྱོང་ལ་སྤྲོ་སྣང་མེད་མཁན་ཤ་སྟག་ཅིག་ཆགས་ཀྱིན་པའི་སྣང་ཚུལ་མངོན་འདུག སྤྱིར་འདི་ནི་སྐྱེས་མ་ཙམ་མ་ཡིན་པར་བོད་ཀྱི་གཞོན་རབས་སྤྱི་ལ་མངའ་བའི་སྣང་ཚུལ་སྐྱི་གཡའ་བ་ཞིག་ཡིན་ངེས་མོད། དུས་རབས་ཀྱི་རླུང་ཁར་འགྲེང་དུས་འགྱུར་བག་གི་དར་ལྕེ་སྐྱོམ་སླ་བ་ནི་སྔར་བཞིན་སྐྱེས་མ་ཚོ་ཨེ་ཡིན་སྙམ་པའི་བག་ཆགས་ཤིག་འཇགས་ཀྱིན་འདུག གང་ལྟར། ད་ལྟའི་གཞོན་རབས་སྐྱེས་མ་ཚོའི་ཁྲོད་དུ་ནི་ཁོང་མོ་ཚོ་དང་འདྲ་བར་བོད་སྐད་བོད་ཡིག་གི་གོ་ཆ་ལ་བརྟེན་ནས་རང་ཉིད་ཀྱི་ཕུགས་འདུན་དང་ལ་རྒྱའི་བཙན་ས་སྲུང་བར་བརྩོན་མཁན་ཤིན་ཏུ་དཀོན་པ་ནི་མིག་མཐོང་ལག་ཟིན་རེད། དེ་བས། འདི་ནི་ཅིས་ཀྱང་ནོངས་འགྱོད་སྐྱེས་དགོས་པ་ཞིག་རེད་ཨང་། ཡིན་ནའང་། གཞན་གྱི་ས་མཐའ་སྐོར་བ་ལས་རང་གི་སེམས་མཐའ་བསྐོར་ན་དགའ་ཞེས་པ་ལྟར། སྐད་ཆ་ནི་དེ་ལྟར་བཤད་རྗེས། བློ་སེམས་ནང་དུ་བསྡུས་ནས་རང་ཉིད་ཀྱི་ཕྱི་ནང་གསང་གསུམ་ལ་ཞིབ་ལྟ་དང་གཟབ་ཉན་བྱ་རྒྱུ་གལ་ཆེ་བ་ལས་ལེ་བདའ་དང་འཁང་རས་ནི་ཅི་ཕན།
        རང་ཉིད་ཀྱི་འདས་པའི་ལོ་ཟླ་དག་ལ་ཕྱིར་མིག་ཅིག་འཕངས་ན། དུས་ཀྱི་ཆ་ནས། དུས་རབས་གསར་བའི་སློབ་སྦྱོང་གི་ཁ་དབུགས་སྟུག་པོ་ཉམས་སུ་མྱོང་བའི་སྐལ་བཟང་ཐོབ་ཡོད་པས། དཔེ་ཀློག་དང་སློབ་སྦྱོང་ལ་ཕྱི་ཡི་མཐུན་རྐྱེན་ལེགས་པར་འཛོམས་ཡོད་མོད། རང་ཉིད་རྩོམ་རིག་ལ་བློ་ཁ་མོས་མཁན་ཞིག་ཏུ་རློམ་ཡོད་པ་ཞིག་གི་ངོས་ནས། ཁོང་མོ་ཚོ་དང་འདྲ་བར་གོ་སྐབས་དམ་འཛིན་དང་བརྩོན་པ་ཆེར་བསྐྱེད་ཀྱིས་རྩོམ་ཡིག་འབྲི་སྦྱོང་ལ་སེམས་ཤུགས་ཡོད་དགུ་བཏོན་ནས་སྟོབས་ཤུགས་རྩལ་སྤྲུག་བྱ་ཐུབ་མེད་པར་ལོ་ཟླ་མང་པོ་ཞིག་འདས་ཟིན་པའི་དོན་དངོས་འདིར་ཕངས་སེམས་ཆེ། དེ་ལྟ་ནའང་། འབྲོག་ཁུལ་གྱི་རི་ལུང་ཞིག་ནས་ཚེ་སྲོག་འབུས་ཤིང་ནོར་ལུག་གི་རྐང་རྗེས་མིག་གིས་འཚོས་མྱོང་བའི་འབྲོག་མོ་སློབ་གྲྭ་བ་ཞིག་གི་ངོས་ནས་དེབ་འདི་བཀླགས་པ་ཡིན་ན། ནར་སོན་གྱི་གོ་རིམ་དང་མི་ཚེའི་འགྲུལ་ལམ་གྱི་ཁུགས་པ་ག་གེ་མོ་རུ། ཅིས་ཀྱང་ཁོང་མོ་ཚོ་དང་ཆ་འདྲ་བའི་གོམ་པ་འཁྱར་འཁྱོར་རེ་དང་མངར་སྐྱུར་གྱི་མྱོང་བ་བན་བུན་རེ་ཡོད་འདྲ། མ་མཐའ་ཡང་ཁོང་མོ་ཚོའི་གྲིབ་གཟུགས་ལས་རང་ཉིད་ཀྱི་བྱིས་དུས་དྲན་སོས་པར་བྱེད་པ་དང་མྱོང་རྟོག་རེ་འགར་མཉམ་འུར་བྱུང་ཐུབ་ཀྱིན་འདུག འདི་ནི་སྐྱེས་མ་ཞིག་གི་ནང་སེམས་ནས་མཆེད་པའི་སྐད་ཆར་སྐྱེས་མ་ཞིག་གི་རྣ་བས་བླགས་པ་ཡིན་ན་ད་གཟོད་ངོ་མཚར་བའི་འཇིག་རྟེན་གཞན་ཞིག་རྟོགས་ཐུབ་པའི་ཐུན་མོང་གི་ལས་སྐལ་གཞན་ཞིག་ཡིན་ཀྱང་སྲིད། གང་ལྟར། དེབ་འདིས་ནི་ངའི་སེམས་ཀྱི་ཟབ་ས་ཞིག་ལ་སྨྲེང་སྐྱོ་ཡི་རི་མོ་སྣ་ཚོགས་པ་ཞིག་ཕབ་སོང་། 
        ཨ་ཅག་ཚེ་རིང་དབྱངས་སྐྱིད་ལགས་ཀྱི་གཟབ་ནན་ཞིབ་ཚགས་དང་ངང་རྒྱུད་རིང་པོས་ང་ལ་སེམས་འགུལ་ཐེབས་ཤིང་། བདེ་སྐྱིད་སྒྲོལ་མ་ལགས་ཀྱི་ཡུམ་གཤིས་ལྷུག་ལྷུག་འཇོ་བའི་བརྩེ་བ་དྲོན་མོས་ང་རང་མར་དུ་བཞུས། དགེ་རྒན་འཆི་མེད་ལགས་ཀྱི་མཐོང་རྒྱ་དང་ཟབ་ཡངས་ཀྱིས་ང་ཡི་བློ་ཁོག་ཕྱེས་ཤིང་། ར་རྫ་འཇམ་དབྱངས་སྐྱིད་ལགས་ཀྱི་སྙིང་སྟོབས་དང་སྤོབས་པས་ང་ལ་སྙིང་ཕུར་བརྡབས། དགེ་རྒན་དཔལ་མོ་ལགས་ཀྱི་ཕུགས་བསམ་དང་རེ་སྙེག་གིས་ང་ལ་སྐུལ་ལྕག་གཏོང་བཞིན་པ་དང་འདྲ་ལ། དགེ་རྒན་ཚེ་སྒྲོན་སྐྱིད་ལགས་ཀྱི་རིགས་ཞེན་དང་ལ་རྒྱས་ང་ཡི་སེམས་དཔང་བསྟོད་པར་བྱེད།བོད་བཞུགས་སྐྱིད་ལགས་ཀྱི་བརྩེ་སེམས་དང་གདམས་ཀས་ང་རང་མནོ་བསམ་གྱི་གཡང་ལ་འདེད་ཅིང་། མཁའ་མོ་རྒྱལ་ལགས་ཀྱི་བརྩོན་སེམས་དང་འགན་འཁྲིའི་འདུ་ཤེས་ཟབ་མོས་ང་ལ་གནོན་ཤུགས་ཀྱང་བསྩལ་ཡོང་།
        མདོར་ན། དེབ་འདི་ཡིས་ང་ལ་བསྐྱལ་ཡོང་བ་ནི་ཞིབ་འཇུག་གི་རྒྱུ་ཆ་ཙམ་ལས་འགོངས་ཏེ།ངའི་བརྩོན་པའི་ཆུ་རྒྱུན་ཆད་ཉེན་ལ་ཐུག་དུས་ལྟག་ཆུ་ལྟ་བུ་ཞིག་དང་ངའི་བསླབ་པའི་སེམས་ཤུགས་ཉམས་ཉེན་ལ་འཕྲད་དུས་མེ་ལོང་ལྟ་བུ་ཞིག  ལེ་ལོའི་རྨོངས་པ་མཐུག་དུས་ཅོང་སྒྲ་ལྟ་བུ་ཞིག་དང་གོམ་ཁ་ཕྱི་ལ་ནུར་དུས་ལྕག་ཚན་ལྟ་བུ་ཞིག་ཅིས་ཀྱང་ཡོང་བར་སྨོན།
༢༠༢༡ལོའི་ཟླ༣ཚེས༢༣ཉིན།
རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
        འདབ་དྲུག དངོས་མིང་ལ་གཡུ་སྒྲོན་འཚོ། ཕ་ཡུལ་བྲག་དཀར་རྫོང་ལུང་བཟང་ཡུལ་ཚོ་རི་ཕྱོར་སྡེ་བར་སྐྱེས། ༢༠༡༩ལོར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་དངོས་གཞི་སློབ་མཐར་ཕྱིན། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་དུ་ཤེས་རམས་ཞིབ་འཇུག་རིམ་པར་སློབ་སྦྱོང་བྱེད་བཞིན་ཡོད། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང«སྦྲང་ཆར» «མཚོ་སྔོན་བོད་ཡིག་གསར་འགྱུར» «གངས་རྒྱན་མེ་ཏོག»སོགས་སུ་སྦྱང་རྩོམ་རེ་ཟུང་སྤེལ་མྱོང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།