ར་སེ་དཀོན་རྒྱམ་ལགས་ཀྱི་རྩོམ་གསར།
རྩོམ་པ་པོ།:ར་སེ་དཀོན་རྒྱམ།
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2022-02-11 09:43:35
ཀློག་གྲངས།:
ཆོས་ཀྱི་ཆེ་བ་མཚོན་པར་གསེར་ཁྲི་དངུལ་ཁྲི་ངེས་པར་དུ་དགོས་སམ།
ར་སེ་དཀོན་རྒྱམ།
རང་རེ་བོད་ཀྱི་ཡུལ་གྲུ་ཆེན་པོ་འདིར་ནང་བསྟན་དར་ཞིང་རྒྱས་པའི་དུས་ཚོད་ཡུན་རིང་པོར་གྱུར་པ་ཡིན་ཞིང་། དེ་འབྲེལ་གྱི་གནའ་རྫས་ཧ་ཅང་མང་བ་དང་། ཆོས་གྲྭ་དགོན་སྡེ། ལྷ་ཁང་སོགས་ཧ་ཅང་མང་བ་དང་། བླ་མ་དང་སྤྲུལ་སྐུ་དགེ་བཤེས་སོགས་ཧ་ཅང་མང་པོ་བྱུང་བ་མ་ཟད། ད་ལྟ་ཡང་མང་པོ་ཅིག་བཞུགས་ཡོད་པ་ཡིན་ལ། གནའ་རྫས་ཀྱི་ཐང་ཀ་དང་། སྐུ་རྟེན་རིགས་ལ་བཞུགས་ཁྲིའི་སྤྲོས་པ་ཧ་ཅང་ཆེ་བ་དང་། ད་ལྟ་གསར་དུ་བཟོ་བསྐྲུན་བྱས་པ་ལ་ཡང་བཞུགས་ཁྲིའི་རྒྱན་སྤྲོས་ཧ་ཅང་བཟང་བ་དང་། འཚོ་བཞུགས་བླ་སྤྲུལ་དགེ་བཤེས་མཁན་པོ་ཆེ་ཆུང་སོགས་བཞུགས་ས་ལ་ཡང་གསེར་ཁྲི་དངུལ་ཁྲི་དང་། ཙན་དན་ལས་གྲུབ་པ་དང་། ཤིང་རྩ་ཆེན་ལས་གྲུབ་པ་དཔང་མཐོ་ལ་བརྗིད་ཆགས་པ་ཧ་ཅང་མང་ལ། དེ་བཞིན་དུ་ཤིང་བརྐོས་བཞུགས་ཁྲི་དང་ཁྲི་བརྩིགས་པ་ལ་དར་གོས་ཆེན་མང་པོས་གཡོགས་པའམ་བརྒྱན་པར་བྱས་པ་མང་པོ་གང་སར་མཇལ་ཡུལ་དུ་གྱུར་ཡོད་པས། དད་ཅན་དད་པ་ཆེས་ཆེར་བསྐྱེད་པ་དང་། དད་མེད་ངོ་མཚར་སྐྱེ་བའི་གནས་སུ་གྱུར་པ་ནི་ཀུན་ཤེས་ཀུན་དར་དུ་གྱུར་འདུག་གོ །
རང་རེའི་ལམ་ལུགས་འདི་རིགས་ཀྱི་རྒྱབ་ལྗོངས་ནི། ཆོས་སྲིད་ཟུང་འབྲེལ་བཀས་བཀོད་བརྒྱུད་འཛིན་གྱི་ལམ་ལུགས་རྒྱུན་རིང་པོའི་ཁོར་ཡུག་ནང་དར་རྒྱས་བྱུང་བ་ཅིག་ཡིན་པས་ན། སྲིད་ཀྱི་གོ་ས་དང་མིང་ཐོབ་དང་འབྲེལ་བ་ཆེན་པོ་ཡོད་པ་ལས། ནང་ཆོས་ཁོ་ནའི་ཁྱད་ཆོས་སམ་ལམ་ལུགས་ཡིན་པར་ངོས་འཛིན་མི་རུང་བར་སྙམ། ཟུང་འབྲེལ་སྐབས་ཀྱི་བོད་ཀྱི་བླ་ཆེན་གདུང་ཆེན་སྤྲུལ་ཆེན་ཚོའི་རྣམ་ཐར་མཇལ་ན། ཕེབས་བསུ་གོ་རིམ་དང་། ཕན་ཚུན་མཇལ་ཚེ་མཉམ་ཕྱག་དང་མཇལ་དར་རྩེ་སྤྲོད་དང་། ཅུང་ཟད་ལྡང་བ་དང་། ལྡེམ་མཇལ་དང་། ཁྲི་མཉམ་པ་དང་། ཅུང་ཟད་མཐོ་བ་དང་གདན་རིམ་གཅིག་དམའ་བ། གདན་ཐོབ་ཅེས་པའི་གོ་རིམ་སོགས་ཀྱི་རྣམ་གཞག་ལ་གལ་ཆེར་བྱེད་པར་གསལ་བ་ཡང་། འདི་ནི་ནང་ཆོས་ཁོ་ནའི་ལམ་ལུགས་མ་ཡིན་པར་སྲིད་ཕྱོགས་ཀྱི་སོག་པོའམ་ཡོན་རྒྱལ་རབས་དུས་ཀྱི་ཏི་ཤྲཱི་སོགས་དང་། མིང་རྒྱལ་རབས་དུས་ཀྱི་ཧྥ་ཝང་དང་། གུ་ཤྲི་དང་། ཏའེ་སི་ཏུ་དང་། གུལ་གུང་དང་། མན་ཇུའི་སྐབས་སུ་ཧོ་ཐོག་ཐུའི་རིམ་པའི་གོ་ས་དང་ཐོབ་ཆ་ཆེ་ཆུང་ཡོད་མེད་སོགས་ལ་བརྟེན་པར་ཤིན་ཏུ་གསལ་ཏེ། དཔེར་ན་ལྔ་པ་ཆེན་པོའི་སྐབས་ཀྱི་གདན་ཡིག་ལ་གཟིགས་ན་གསལ་པོར་ཤེས་པར་ནུས་སོ། །
གལ་ཏེ་གཟི་བརྗིད་ཀྱི་ཚུལ་འདི་ནང་པའི་ཆོས་ཀྱི་ཆེ་བའམ་ནང་པའི་ཁྱད་ཆོས་དངོས་ཡིན་ནོ་ཟེར་སྲིད་ན་ཡང་། རང་རེའི་སྟོན་པ་དེ་ཉིད་ཀྱི་ཆོས་ཀྱི་ཆེ་བ་མཚོན་ཆེད་དུ་གདུལ་བྱ་ཐུན་མོང་གི་སྣང་ངོར་ཁྲི་མཐོན་པོར་བཞུགས་པའི་རྣམ་ཐར་ཡོད་དམ། དམ་པ་དེ་ཉིད་མི་ཡུལ་དུ་འཚོ་གཞེས་སྐབས་སུ་ཁོང་ལ་དམིགས་བསལ་གྱི་ཁྲིའམ་གདན་ཐོབ་ཡོད་ཚུལ་ནང་པའི་གནའ་དཔེའི་ནང་ཧ་ཅང་མཐོང་དཀོན་ཏེ། དཔེར་ན་འདུལ་བ་ལུང་དུ། གསོ་སྦྱོང་གི་གནས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །ཞེས་ཡང་ཡང་གསལ་བ་དང་། དེ་ནས་བཅོམ་ལྡན་འདས་དེ་ཉིད་ནས་སླར་ལོག་སྟེ། གཙུག་ལག་ཁང་དུ་གཤེགས་ནས་གདན་བཤམས་པ་ཉིད་ལ་བཞུགས་སོ། །ཞེས་གསལ་བ་ལས་ཁྲི་ལ་བཞུགས་སོ་ཞེས་མི་གསལ་བ་དང་་། དེ་བཞིན་དུ་ཐེག་ཆེན་པའི་མདོ་གྲགས་པ་ཅན་ཤེར་ཕྱིན་རྡོ་རྗེ་གཅོད་པའི་མདོ་ལས། དེ་ནས་བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་གཤེགས་ནས་བསོད་སྙོམས་ཀྱི་ཞལ་ཟས་མཇུག་ཏུ་གསོལ་ཏེ། ཞལ་ཟས་ཀྱི་བྱ་བ་མཛད། ལྷུང་བཟེད་དང་ཆོས་གོས་བཞག་ནས་ཞལ་བསིལ་ཏེ། གདན་བཤམས་པ་ལ་སྐྱིལ་མོ་དཀྲུང་བཅས་ནས་སྐུ་དྲང་པོར་བསྲང་སྟེ། དྲན་པ་མངོན་དུ་བཞག་ནས་བཞུགས་སོ། །ཞེས་བཀོད་པར་མཛད་ཡོད་པས་ན། དེ་དག་གིས་ཀྱང་རང་རེར་གནས་ལུགས་ར་སྤྲོད་གསལ་པོར་གནང་འདུག་སྙམ།
དེ་བཞིན་དུ་སྟོན་པ་འདས་ནས་ལོ་ངོ་བཞི་བརྒྱ་ཉེ་བའི་དུས་སུ་ཡང་། ནང་པའི་ཆོས་སྟོན་པ་པོར་ཁྲི་མཐོན་པོའི་རྣམ་གཞག་དར་མེད་པར་མངོན་ཏེ། དམ་ཆོས་པད་མ་དཀར་པོ་ལས། གཙང་ཞིང་ཡིད་དུ་འོང་པའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་སྟེ། །བཟང་པོའི་ཚོན་གྱིས་ལེགས་པར་ཁ་བསྒྱུར་བ། །ཆོས་གོས་གཙང་མ་དེས་ནི་རབ་བགོས་ནས། །རྔུལ་གཟན་ནག་པོ་དེ་བཞིན་བཤམས་བྱས་ལ། །ཤམ་ཐབ་ཆེ་ཚད་ལེགས་པར་རབ་བགོས་ནས། །བཅོས་བུའི་རས་རྣམས་སྣ་ཚོགས་ལེགས་བཏིང་བ། །རྐང་རྟེན་བཅས་པའི་ཁྲི་ལ་རབ་འདུག་ཅིང་། །ཞེས་བཀོད་འདུག་པས་ཀྱང་། འདིར་གསལ་བའི་ཁྲི་ཡང་འདུལ་བའི་ཁྲི་རྐང་གི་གླེང་གཞིར་ཧ་ཅང་དམའ་བ་ལས་མཐོ་བར་འདུག་མི་རུང་བའི་ཚུལ་ལས་འདིའི་ཁྲི་མཐོ་དམན་ཡང་རྟོགས་པར་ནུས་ལ། ད་ལྟའི་ལྷོ་བརྒྱུད་པའི་ལུགས་ལས་ཀྱང་ཤེས་ནུས་སོ། །
འོན་ཏེ་བོད་ཡུལ་ན། ཁྲི་མཐོན་པོ་དང་། གསེར་དངུལ་སོགས་རིན་པོ་ཆེ་དང་། མཛེས་འཕྱོར་གྱིས་བརྒྱན་པ་ནི་ནང་པའི་ཆོས་ཀྱི་ཆེ་བ་མཚོན་པ་ཡིན་ནོ་ཟེར་བ་མང་དུ་ཡོད་མོད། ནང་པའི་ལོ་རྒྱུས་ལ་ཕྱིར་རྟོག་ཅུང་ཟད་ཞུས་ན། རང་རེའི་སྟོན་པས་ནང་པའི་ཆོས་ཀྱི་ཆེ་བ་མཚོན་པའི་ཆེད་དུ་རིན་པོ་ཆེའི་ཁྲི་མཐོན་པོ་མེད་ན་ངས་ཆོས་མི་སྟོན། སྟོན་ན་ངའི་དམ་པའི་ཆོས་ཀྱི་ཆེ་བ་ཉམས་པར་འགྱུར་རོ་ཞེས་གསུངས་ཡོད་དམ་མེད། དེ་བཞིན་བོད་ཀྱི་གསང་སྔགས་ཀྱི་ལོ་རྒྱུས་ལ་མཇལ་ན། འཕགས་ཡུལ་གྱི་གྲུབ་ཆེན་དག་གིས་ནགས་ཁྲོད་དུ་ཆོས་ཀྱི་ཆེ་བ་མཚོན་བྱེད་དུ་དོན་གཉེར་བར་ཁྲི་མཐོན་པོ་སྒྲུབ་ཏུ་བཅུག་ནས་སྨིན་གྲོལ་སྐོར་གནང་མྱོང་འདུག་གམ། བོད་ལ་བསམ་ན་བཀའ་གདམས་པ་སོགས་བླ་མ་གོང་མ་འགའ་ཞིག་ལ་བཞུགས་ཁྲི་ཡོད་མྱོང་ནའང་། དེ་ཡང་ས་ཁྲི་དང་རྡོ་ལེབ་ཀྱི་ཁྲི་དེ་ཙམ་མཐོན་པོ་མེད་པ་འགའ་ཤས་ད་བར་མཇལ་ཡུལ་དུ་འདུག་ཅིང་། ས་ཁྲི་དམར་པོ། ས་ཁྲི་དཀར་པོ། ས་ཁྲི་དཀར་ཆུང་ཞེས་པའི་མཚན་ཡང་མ་ཉམས་པར་གནས་འདུག གོང་མ་དེ་དག་དམན་ས་བཟུང་བའི་བདག་ཉིད་ཅན་ཡིན་ནམ། འདོད་ཆུང་ཆོག་ཤེས་ཡོད་པ་ཡིན་ནམ། དཔལ་འབྱོར་གྱིས་མ་འདང་བ་ཡིན་ནམ། གང་ལྟར་བཞུགས་ཁྲི་ཐེབས་ཆག་ཙམ་ལས་རྒྱས་སྤྲོས་ཅན་གཏན་ནས་བྱུང་མི་འདུག་པའི་ཚུལ་འདི་དག་རང་རེའི་བླ་མར་རློམ་པ་དང་། དེའི་སློབ་མར་འདོད་པ་ཚོས་གསལ་པོར་ཤེས་དགོས་པར་སྣང་ངོ་། །
ཕྱོགས་གཞན་དུ་རྒྱ་གར་དུ་ནང་ཆོས་ཉམ་རྒུད་ཁག་ལ་རྒྱུ་རྐྱེན་མི་འདྲ་བ་མང་དུ་ཡོད་མོད། ཐེག་པ་ཆེ་ཆུང་རྩོད་པ་དར་བ་ནས་བཟུང་ནང་ཁུལ་མི་མཐུན་པར་གྱུར་པ་དང་། ལྷག་པར་དུ་ལུང་རིགས་ཀྱི་སྤྲོས་པ་ཆེ་ཞིང་མཁས་པའི་གོ་ཐོབ་ལ་འགྲན་པའི་ཚུལ་ཏེ། ཁྲི་མཐོན་དམན་དང་གདུགས་མང་ཉུང་སོགས་དར་བས། དམངས་སེམས་ལ་མ་རན་པར་གྱུར་པ་ནི་རྒྱ་གར་བས་ནང་ཆོས་ལ་ཡིད་ག་ལོག་པའི་རྐྱེན་དུ་གྱུར་ཚུལ་ལོ་རྒྱུས་སུ་གསལ་འདུག་པས། ནང་པའི་ཆོས་ལ་མི་འཚམས་པ་མ་ཟད། དུས་རབས་ལ་མི་རན་པའི་བྱ་སྤྱོད་དུ་འགྱུར་སྲིད་པས། ང་ཚོས་ནང་པ་གཞན་དག་དང་མི་རིགས་གཞན་པའི་ལྟ་ཚུལ་སོགས་ལ་དོ་སྣང་མཛད་དེ། རྒྱས་སྤྲོས་དེ་རིགས་ལ་ཉུང་འཁྲི་སོགས་གལ་ཆེ་བར་མངོན་ལ། ཇི་ཙམ་བག་ཡོད་དང་འདོད་ཆུང་གི་རང་བཞིན་མངོན་ན། གཞན་དག་དང་བ་འདྲེན་པ་དང་། མོས་པ་སྐྱེ་བའི་རྒྱན་དུ་གྱུར་ན། ནང་བསྟན་གྱི་ཞབས་ཏོག་དངོས་ཡིན་པར་སྣང་ངོ་། །
གལ་ཏེ་རང་ཅག་གིས་ཕོ་བྲང་ལྟ་བུའི་གཞལ་ཡས་ཁང་གི་ནང་དུ་རྒྱལ་པོའི་ཚུལ་དུ་གསེར་ཁྲི་དང་། དངུལ་ཁྲི། གཡུ་ཁྲི། དུང་ཁྲི། ནོར་ཁྲི། གཡང་། ཁྲི་ཐོབ་ཁྲི་སོགས་མཐོན་པོའི་སྟེང་དུ་དར་གོས་ཆེན་གྱིས་བཀླུབས་ཏེ་བཞུགས་ཟིན་ནས། ཞལ་ནས་ཀྱང་། འཇིག་རྟེན་འདིའི་མངའ་ཐང་དང་ལོངས་སྤྱོད། ཐོབ་དང་གོ་ས། མིང་དང་གྲགས་པ། འཁོར་དང་ཉོ་ཚོང་སོགས་དོན་གཉེར་བྱ་ཚུལ་གྱི་སྐོར་བཀའ་སློབ་གསུང་ན་ཤིན་ཏུ་འཚམ་པར་འགྱུར་གྱི། སྲིད་པའི་དཔལ་ཡོན་མཆིལ་མ་ལྟར་དོར་བའི་སྟོན་པའི་རྣམ་ཐར་དང་། ངེས་འབྱུང་སྐྱོ་ཤས། འཁོར་བར་ཞེན་ལོག འདོད་ཆུང་ཆོག་ཤེས། བག་ཡོད་ཞི་དུལ། དམན་པའི་ས་བཟུང་། གྱོང་ལྟོ་གོས་གཏམ་གསུམ་ལ་གཏོང་བ། རོ་སྙོམས་ལམ་སློང་དང་། ཆོས་བརྒྱད་འདོར་ལུགས་སོགས་གསུང་ན་ནི། ནང་ཆོས་ཀྱི་ཆེ་བ་ཡོངས་སུ་ཉམ་འགྲོ་བར་མི་འགྱུར་རམ།
དེས་ན་སྔོན་ཆད་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་རྙིང་པའི་བག་ཆགས་གཤིས་ལ་བརྟས་དྲག་པས། ཉེ་རབས་ཆོས་ལུགས་བསྐྱར་དར་སྐབས་སུ་ཁྲི་མཐོན་པོ་བརྩིགས་པའི་སྲོལ་བསྐྱར་གསོ་བྱས་པ་མ་ཟད། ཉེ་རབས་ནས་བཟུང་ཕྱི་ནང་གང་སར་བོད་ཀྱི་ནང་པའི་ཁྱད་ཆོས་ལྟ་བུར་བཞུགས་ཁྲི་བཀོད་པ་དང་དོད་ཇེ་ཆེར་ཕན་ཚུན་འགྲན་པ་བཞིན་དུ་རིན་ཐང་ཧ་ཅང་མཐོན་པོ་ཅན་བཤམས་སྤྲོས་བྱེད་པར་ཕྱོགས་ཡོད་མོད། ད་ལྟའི་དུས་རབས་དང་གོ་ལའི་སྤྱི་འགྲོས་སོགས་ལ་འཚམ་མིན་དགོངས་པ་བཞེས་དགོས་པར་སེམས།
ཡེ་ཤུ་བ་སོགས་ཀྱི་གཞན་ཕན་ལམ་ལུགས་ལ་བསམ་མནོ་གཏོང་དགོས། ང་ཚོས་ཁ་ནས་མི་རབས་མང་པོར་ཐེག་ཆེན་ག་ཚོད་བཤད་སྦྱངས་བྱས་ཀྱང་། ད་བར་དད་ཅན་དམངས་ཀྱི་ཞབས་ཏོག་གིས་ཉེ་བར་འཚོ་བ་ཁོ་ན་ཡིན་པའི་ངང་ཚུལ་དང་། ཉེ་རབས་མཁས་པ་ཅིག་གིས་གསུང་བཤད་ནང་། དགོན་པའི་རྒྱས་སྤྲོས་ལ་བལྟས་ན་ཨ་མི་རི་ཁ་འདྲ་བོ་དང་། དགོན་འདབས་མི་སེར་ལ་བལྟས་ན་ཨ་ཧྥེ་རི་ཀ་འདྲ་བོ་འདུག་ཅེས་པ་འདི་ལ་དགོངས་པ་ཏོག་ཙམ་བཞེས་དགོས་ཤིང་། ང་ཚོར་རིག་གཞུང་ཟབ་མོ་ཡོད་ཀྱང་གོ་ལའི་ཐོག་ཆོས་ལུགས་གཞན་པ་ལས་རྒྱ་ཆུང་བའམ་ཉུང་ངུར་གྱུར་བ་འདི་ལ་སོམས་དང་། རང་ཉིད་རྫིག་པོ་བྱ་རྒྱུ་ཁོ་ན་མ་གཏོགས། སྤྱི་ཚོགས་ཀྱི་འགྲོས་བཞིན་དམངས་ལ་དགོངས་པ་མ་བཞེས་པས་ལན་པར་སེམས་སོ། །
༢༠༢༢/༢/༩
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།