ཐ་སྙད་ཀྱི་སྒྲ་བཤད་ལས་ཤེས་རིག་གི་ཁུངས་འཚོལ་ཚུལ་བཤད་པ།
རྩོམ་པ་པོ།:ཟམ་ཚ་ཚེ་རིང་དོན་གྲུབ།
ཡོང་ཁུངས།:དཔྱད་རྩོམ་ཡིག་བརྒྱ་མ།
དུས་ཚོད།:2022-02-10 09:38:46
ཀློག་གྲངས།:
རང་རེའི་སྐད་བརྡའི་ནང་གི་ཐ་སྙད་ཀྱི་སྒྲ་བཤད་ལ་དཔྱད་པ་གཏོང་དུས། མེས་གོང་མ་རྣམས་ཀྱི་ངོ་མཚར་བའི་རྣམ་དཔྱོད་ལ་དད་གདུང་སྤྲོ་གསུམ་ངང་གིས་འཕེལ་བ་ཞིག་ཏེ། དཔེར་ན། ལུས་ཞེས་པ་ནི་སེམས་ཅན་གང་ཡིན་ཤི་བ་དང་རྣམ་ཤེས་འཕོས་ཤུལ་དུ་ཕུང་པོ་ལུས་པས་ལུས་ཞེས་སོ་ཟེར་བ་གཅིག་པུའི་ངོས་ནས་བསམ་ན་ཡང་། ལུས་ཞེས་པའི་ཐ་སྙད་དེ་མ་མཐའ་ཡང་མི་ལོ་ལྔ་སྟོང་ཡན་ཞིག་གི་མིང་ཡིན་པར་ཚོད་དཔག་བྱས་ན། སྐབས་དེ་ཤེད་ནས་ལུས་སེམས་ཀྱི་འབྲེལ་བར་ཧ་ལས་པའི་ངོས་འཛིན་བྱས་ཡོད་པ་མ་ཟད། དངོས་པོའི་གཤིས་ལུགས་དང་ཆོས་ཉིད་ངོས་ཟིན་ཅིང་རྒྱུ་མཚན་ངེས་པའི་སྒོ་ནས་བརྡ་སྦྱར་བ་ནི་སུས་ཀྱང་བསྙོན་མི་ནུས་པ་ཞིག་དང་། འདི་དང་འདི་འདྲའི་ཐོག་ནས་ཟལ་མོ་སྒང་བ་ཚང་ལ་དུས་སྔ་མོ་ནས་ལེགས་བྱང་ཚད་མཐོན་པོར་དར་ཡོད་པར་ཡང་ངེས་ཤེས་འདྲོངས་ནུས་པ་དང་། གཞན་ཡང་། སྣའི་རྩ་ཕྲ་རགས་ཆམ་ལ་ཕབ་པས་ན་ཆམ་པ་ཕོག་ཟེར་བ་དང་། ཕོ་བ་ཞེས་པ་ནི་ཟས་སྐོམ་རྒྱུ་མའི་ནང་འཕོ་བར་བྱེད་པས་ཕོ་བ་དང་། རྒྱུ་མ་ཟེར་བ་ནི་ཟས་སྐོམ་རྒྱུ་བའམ་འགྲོ་བར་བྱེད་པས་དང་། སོ་ཞེས་པ་དགྲ་གཉེན་གང་ཡིན་བརྟག་པ་ལ་སོ་བྱེད་པ་དང་། ཕྱི་སོ་ནང་སོ་ཞེས་པའི་མིང་ཡོད་པ་དང་། སོ་ལྟ་ཁང་དང་རྒྱངས་སོ་འཕངས་ནས་ཟེར་བ་སོགས་ཀྱི་ཟླས་དྲངས་ནས་བསམ་ན། ཁ་ནང་གི་སོ་ཞེས་པ་ཡང་ཟས་སྲ་སྙི་དང་འཇམ་རྩུབ་བརྟག་པའི་འགག་སྒོའི་སོ་བ་ལྟ་བུའི་ཕན་ནུས་ལ་བསམ་ནས་བརྡ་བཏགས་པར་ངེས་ན། སོ་དང་ཕོ་བ་རྒྱུ་མ་སོགས་ཀྱི་ཐ་སྙད་ཀྱང་གཉུག་མའི་དུས་ཀྱི་ཕ་སྐད་འབའ་ཞིག་ལས། གསར་དུ་ཟུར་ཆགས་པ་དང་གཞན་སྐད་ཚུར་འགྱུར་བ་སོགས་གཏན་མིན་པས། མིང་དེ་དག་གི་ནང་ན་གནའ་བོའི་ཤེས་རིག་གི་བདུད་རྩི་བསྲེལ་ཡོད་པ་དང་། ཡང་ན། ཚེ་ཞེས་པ་ནི་ཉི་མ་ཤར་བའི་ཚེ། དཔྱིད་དཔལ་ཤར་བའི་ཚེ་ཞེས་པ་ལྟར། ཚེ་ནི་དུས་དང་སྐབས་ཀྱི་དོན་ཡིན་པས་ལ་དོན་གྱི་དུས་སྟོན་པར་ཚེ་སྐབས་ཞེས་མིང་མཛད་ཡོད་པ་དང་། དེ་བཞིན་ཟླ་ཚེས་དང་། དབྱར་ཚེས་ཞེས་པ་ཡང་ཚེ་དང་དོན་གཅིག་ཡིན་ནའང་། མི་ཚེ་དང་ཉི་མ་ཤར་ཚེ་ཞེས་པའི་སྤྱིར་བཏང་གི་དུས་སྟོན་བྱེད་དང་ཁྱད་པར་འབྱེད་པའི་ཕྱིར་རྗེས་འཇུག་ས་བཞག་པར་མངོན་པ་དང་། ཡང་གསོ་བ་རིག་པར། དེ་ལ་ཚེ་ཞེས་ལུས་དང་རྣམ་ཤེས་གཉིས་རྟེན་དང་བརྟེན་པར་གནས་པའི་དུས་ཡུན་ལ་ཟེར་བ་རེད་ཅེས་པ་བཞིན། ཚེ་ཞེས་པ་དུས་ཡུན་དང་། ལུས་དང་རྣམ་ཤེས་ཁ་མ་བྲལ་བའི་དུས་ཡུན་ལ་ཚེ་ཞེས་པ་ཡང་གོང་དུ་བྱུང་བ་ཚེ་སྲོག་གི་བདེན་པ་སྟོན་བྱེད་ཀྱི་མིང་བརྡ་ཞིག་ཡིན་པ་སོགས་ཀྱིས། རང་རེའི་མིང་བརྡའི་ནང་ན་ཚན་རིག་དང་ཆོས་ལུགས་ཀྱི་ལྟ་གྲུབ་དང་ཉེ་བའི་གནས་ལུགས་གང་མང་མང་ཞིག་སྐུང་ཡོད་པའི་ཚུལ་ལས། རང་རེ་ནི་ལེགས་བྱང་དར་སྔ་བའི་མི་རིགས་ཤིག་ཡིན་པའི་རྒྱུ་མཚན་རྙེད་དོ་སྙམ་མོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།