དུས་ཀྱི་དཀྱིལ་འཁོར་ནས་མཆེད་པའི་རྩོམ་རིག་གི་འོད་སྣང་།
རྩོམ་པ་པོ།:«བོད་ཀྱི་རྩོམ་རིག་སྒྱུ་རྩལ»རྩོ
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-02-09 14:46:32
ཀློག་གྲངས།:

དུས་ཀྱི་དཀྱིལ་འཁོར་ནས་མཆེད་པའི་རྩོམ་རིག་གི་འོད་སྣང་།
---«བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་བཤུལ་ལམ་རིང་མོ།
༡༩༧༨ལོའི་ལོ་མཇུག་ཏུ། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་ཟབ་རྒྱས་ངང་སྐོང་འཚོགས་གནང་བ་དེས། རང་རྒྱལ་གྱི་ས་གཞི་ཆེན་མོའི་རིག་རྩལ་ལས་དོན་ལ་ཚེ་སྲོག་གི་གསོན་ཤུགས་གསར་པ་བྱིན། ༡༩༧༩ལོར་བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་གྲ་སྒྲིག་ཙུའུ་ཡིས་ཏང་གི་ཡང་དག་པའི་མཛད་ཕྱོགས་སྲིད་ཇུས་འོག ཀྲུང་གོ་གསར་པ་དབུ་བརྙེས་ཚུན་བོད་ཡིག་གི་རིག་རྩལ་དུས་དེབ་ཐོག་མ་དེ་གཉེར་བའི་གྲ་སྒྲིག་གི་ལས་ལ་ཞུགས།

སྐབས་དེར་འདི་ག་དུས་དེབ་ཀྱི་དེ་སྔའི་རྩོམ་སྒྲིག་དབུ་འཛིན་བསྟན་འཛིན་རྒན་པ་གཙོས་རྩོམ་སྒྲིག་པ་ཡོངས་ཀྱིས“བོད་རིགས་རྩོམ་པ་པོ་དང་སྒྱུ་རྩལ་པ་གསོ་སྐྱོང་ཤུགས་ཆེན་བྱས་ཏེ་ལྡབ་བཅུ་འགྱུར་བརྒྱ་འགྱུར་གྱི་སྒོ་ནས་རང་ལྗོངས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་དཔུང་ཁག་སྟོབས་ཆེར་གཏོང་དགོས”(«མཐུན་སྒྲིལ་བྱས་ནས་རང་རེའི་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་རྩོམ་རིག་སྒྱུ་རྩལ་དར་རྒྱས་གོང་འཕེལ་གཏོང་ཆེད་འབད་འཐབ་བྱེད་དགོས། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་དོན་པའི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོའི་ཐོག་གི་སྙན་སྒྲོན་གནད་བསྡུས།»)པའི་གལ་ཆེའི་དགོངས་དོན་ལྟར། དུས་ཡུན་ཐུང་ངུའི་ནང་དུས་དེབ་ཇུས་འགོད་དང་། རྩོམ་ཡིག་འཚོལ་བསྡུ། ཕྱོགས་གང་སྤྱིའི་དགོངས་འཆར་ཉན་འཇོག་བཅས་ཞུས་ཐོག གོང་རིམ་ཚན་པའི་མཛའ་བརྩེའི་ཐུགས་ཁུར་དང་། སྔོན་བྱོན་མཁས་པའི་ཟོལ་མེད་ཀྱི་མཛུབ་སྟོན། རྩོམ་པའི་ལམ་ལ་དགའ་དད་སྤྲོ་གསུམ་གྱིས་འཇུག་པའི་ལས་དོན་པ་ཡོངས་ཀྱི་ཕྱར་བ་གྲུ་འདེགས་འོག༡༩༨༠ལོ་ནས«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་འདི་ཉིད་གངས་ལྗོངས་རྩོམ་རིག་གི་སྐྱེས་ཚལ་མཛེས་པའི་རྒྱན་དུ་ཕུལ་ཐུབ་པ་བྱུང་།
དེ་ནི་དཔྱིད་ཀྱི་འབྲུག་སྒྲ་གྲགས་པས་ནོར་འཛིན་དགའ་མ་གཉིད་ལས་སད་པ་དང་། མགྲིན་སྔོན་ཅན་གྱིས་འགྱིང་སྟབས་གར་ལ་རོལ་བ་བཞིན། རྩོམ་རིག་སྒྱུ་རྩལ་ལས་དོན་པའི་སེམས་སུ་དགའ་སྤྲོའི་ཉིན་བྱེད་འཆར་བའི་དུས་བཟང་ཞིག་དང་། བོད་ཀྱི་དེང་རབས་རྩོམ་རིག་གི་ཞིང་སར་དུས་ཀྱི་གྲུ་ཆར་བབས་ནས་རྒྱུན་འཛིན་དང་། འཕེལ་རྒྱས་ཀྱི་རེ་བའི་ས་བོན་སྦྲུམ་པའི་གལ་ཆེའི་དུས་མཚམས་ཞིག་ཀྱང་ཡིན།

དུས་དེབ་འདི་ཉིད་ཀྱི་བཤུལ་ལམ་རིང་མོའི་ཁྲོད། ཐོག་མའི་གྲ་སྒྲིག་གི་ལས་ཀ་ནས་བར་གྱི་རྩོམ་སྒྲིག མཐའ་མའི་དཔེ་སྐྲུན་འགྲེམ་སྤེལ་བཅས་ཀྱི་ལས་དོན་དང་། དུས་ཚིགས་རང་བཞིན་གྱི་དུས་དེབ་ནས་ཟླ་ཟུང་དུས་དེབ། ཕྱོགས་བསྡུས་རང་བཞིན་གྱི་དུས་དེབ་ནས་རྩོམ་རིག་སྣ་རྐྱང་གི་དུས་དེབ། ཤོག་གྲངས་བརྒྱའི་ཡས་མས་ནས་བརྒྱ་དང་ལྔ་བཅུ་ང་བརྒྱད་ཟིན་པ། ༡༩༨༠ལོའི་ལོ་འཁོར་མའི་བརྩམས་ཆོས་བཞི་ཅུ་ཞེ་བརྒྱད་ཁྲོད་གསར་རྩོམ་རྐྱང་པས་བརྩམས་ཆོས་སྤྱིའི་༣༦%ཙམ་ལས་མ་ཟིན་པའི་དུས་མཚམས་ནས་གསར་རྩོམ་གྱི་དབྱར་མཚོ་རབ་ཏུ་རྒྱས་ཤིང་། དཔྱད་བརྗོད་ཀྱི་ཟེགས་པ་འཕྱོ་བའི་དེ་རིང་བར། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་གི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པའི་ངོས་འཛིན་བྱས་ཆོག་ལ། ཏང་གི་ཡང་དག་པའི་བཀའ་སློབ་དང་། དུས་རབས་འཕེལ་རྒྱས་ཀྱི་གོམ་སྒྲ དམངས་ཀྱི་བདེ་སྡུག་སོགས་མཚོན་རྒྱུ་དེ་དུས་དེབ་གཉེར་བའི་དམིགས་ཡུལ་གཙོ་བོར་བཟུང་ཐོག གསར་རྩོམ་ལ་དང་བས་འཇུག་པའི་རྩོམ་པ་པོའི་དཔུང་ཁག་ཅིག་གྲུབ་པའི་ལྷད་མེད་ཀྱི་ཕུགས་འདུན་བཅངས་ཤིང་། དང་ཐོག་རྩོམ་ཁུངས་དཀོན་པའི་དོན་དངོས་ལ་གཞིགས་ནས་ཚིག་བཅད་ཤོ་ལོ་ཀ་རེ་གཉིས་ཀྱི་དོན་དུའང་རྩོམ་པ་པོའི་དྲུང་དུ་ཐེངས་ལྔ་དྲུག་བཅར་བ་དང་། ལས་ཁུངས་དང་སློབ་གྲྭ དཔུང་སྡེ་སོགས་སུ་བསྐྱོད་ནས་ནག་པང་ཐོག་སྤེལ་བའི་རྩོམ་ཡིག་བཤུ་བ་སོགས་རྩོམ་ཁུངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ལས་ཀྱི་འདུ་འགོད་ནས། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་། ཆུ་ཤིང་བསྟན་བཅོས། རྗེ་བཙུན་མི་ལའི་རྣམ་མགུར། རྒྱལ་པོ་ལུགས་ཀྱི་བསྟན་བཅོས་སོགས་སྔོན་བྱོན་མཁས་པས་མཛད་པའི་ཕུལ་བྱུང་གི་བརྩམས་ཆོས་ཚན་བཤུས་དང་། དམངས་ཁྲོད་རྩོམ་རིག་བསྡུ་རུབ། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དགོངས་དོན་དང་། རྩོམ་གཞུང་ལོ་ཙཱ་སོགས་ཀྱིས་ཟུར་བརྒྱན་ཏེ། ཇི་ལྟར་ཀློག་པ་པོའི་འཕྲིན་ཡིག་ཏུ། “དུས་དེབ་འདི་ནི་དེང་སང་བོད་ལྗོངས་ཡོངས་སུ་ཐོག་མར་བསྐྲུན་པ་ཞིག་ཡིན་མཆིས། གངས་ལྗོངས་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་གོང་མཐོར་གཏོང་རྒྱུ་ནི་ངེད་ཅག་ཐུན་མོང་གི་འོས་འགན་བླ་ན་མེད་པ་ཞིག་ཡིན་ཞེས”དང་། “དུང་ཟླ་བའི་འོད་ཀྱིས་མུན་པ་སེལ། །དགུང་ཉི་མའི་འོད་ཀྱིས་གངས་ལྗོངས་དྲོད། །ཡངས་ས་གཞིར་འདོད་ཚིམ་ལོ་ལེགས་བྱུང་། །གཅེས་འགྲོ་བར་བསམ་པའི་རྒྱགས་ཕྱེ་སྟེར། །”ཞེས་འཁོད་པ་ལྟར། རྩོམ་པ་པོ་དང་ཀློག་པ་པོའི་བར་མཛའ་གཅུགས་ཀྱི་གསེར་ཟམ་བཙུགས་ནས། རྣམ་པ་དང་ནང་དོན་གང་གི་ཆ་ནས་ཀྱང་རྒྱ་ཆེའི་ཀློག་པ་པོའི་ཡིད་ཀྱི་གསོས་སུ་སྨིན་པའི་གོམ་པ་དང་པོ་སྤོས།
ལོ་ངོ་བཞི་བཅུ་ལྷག་གི་རིང་། ཇི་ལྟར་དུས་དེབ་དང་པོའི་ཐོག“ ང་ཚོས«བོད་ཀྱི་རྩོམ་རིག་སྒྱུ་རྩལ»ཞེས་པའི་དེབ་འདི་རྩོམ་སྒྲིག་བྱེད་རྒྱུའི་ཐད་གཞི་རྩའི་རྩ་དོན་བཞི་པོ་རྒྱུན་འཁྱོངས་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་ལག་ལེན། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་སྒྱུ་རྩལ་གསར་རྩོམ་ཕུན་སུམ་ཚོགས་སུ་གཏོང་བ། དུས་སྐབས་གསར་པའི་སྤྱིའི་ལས་འགན་དྲིལ་བསྒྲགས་བཅས་བྱས་ནས་དེང་རབས་ཅན་བཞི་མངོན་དུ་འགྱུར་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་འཁོད་པའི་འགྱུར་མེད་རྡོ་རྗེའི་ཆོད་སེམས་ཀྱིས་སྣ་དྲངས། དུས་དེབ་ཀྱི་ལེ་ཚན་བཀོད་སྒྲིག་ཐད་བརྩམས་སྒྲུང་དང་། ལྷུག་རྩོམ། སྙན་ངག་སོགས་ཀྱི་རྨང་གཞིའི་ཐོག རྩོམ་རིག་ཤེས་བྱ་དང་། འཛམ་གླིང་གྲགས་རྩོམ། བོད་ཀྱི་གྲགས་ཅན་རྩོམ་པ་པོ་ངོ་སྤྲོད་སོགས་སྣ་མང་ཕུན་སུམ་ཚོགས་པའི་བརྗོད་བྱ་དང་། ཏང་གི་གལ་ཆེའི་དུས་སྟོན་ཁག་ལ་རྟེན་འབྲེལ་ཞུ་བའི་ཆེད་བསྒྲིགས་ལེ་ཚན། ས་གནས་ཁག་གི་ཆེད་བསྒྲིགས། སྙན་རྩོམ་དང་། བསྒྱུར་རྩོམ། དངོས་འབྲིའི་རྩོམ་རིག(སྙན་ཞུའི་རྩོམ་རིག)གི་ཆེད་བསྒྲིགས་དུས་དེབ་སོགས་ནང་དོན་དང་རྣམ་པའི་ཐད་རྣམ་བཀྲའི་འཇའ་ཚོན་འདྲེན་བྱེད་ཀྱི་ལམ་དུ་འཆར་བ་བཞིན་དུས་རབས་ཀྱི་འགྲོས་དང་མཐུན་པའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས།

དུས་དེབ་འདི་ཉིད་ཐོག་སྔ་ཕྱིར། «གཙུག་གཡུ»དང«བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད» «ཁྲག་གི་ཟེགས་མ་མཁའ་ལ་འཕྱོ་བའི་གངས་རི་དམར་པོ»(ཐག་རིང་གི་སྦྲ་ནག) «འཕོ་འགྱུར»(དྲེལ་པའི་མི་ཚེ)སོགས་བརྩམས་སྒྲུང་རིང་གྲས་བཅུ་ལྷག་ཙམ་དང་། «མེ་ཏོག་ལྡུམ་རྭའི་ནང་གི་ཀླན་ཀ» «ཤ་དང་རུས་པའི་བརྩེ་དུངས» «བུ་མོ་སྤུན་གསུམ་གྱི་རྣམ་ཐར» «བགྲེས་སོང་ཚེ་རིང་ལ་གོ་འཛོལ་བྱུང་བ» «གཞོན་ནུའི་རང་སྒྲ་དབྱར་གྱི་སྔ་གསང» «སྒོ་རས་སྤ་རའི་སྐྱོ་གླུ་ལྷང་ལྷང» «ཁྱིམ་དུ་ལོག་པའི་ལམ་བར་དུ» «རི་རྩེའི་སྤྲིན་དཀར»སོགས་བརྩམས་སྒྲུང་འབྲིང་ཐུང་༤༠༠ལྷག «མིང་མེད་རྩོམ་ཐུང»དང་། «གཙང་ཁུལ་གྱི་གནས་ཆེན་ཁག་གི་ངོ་མཚར་ཆེ་ལོང་ཙམ་བརྗོད་པ»སོགས་ལྷུག་རྩོམ་༦༠༠ལྷག «བསིལ་དུས་ཀྱི་བོད་ལྗོངས»དང་། «ཀ་བཤད་བུང་བ་དགའ་ཚལ» «མཐོ་སྒང་གི་རླུང» «གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས» «གནའ་བོའི་ཅོང་རྙིང» «རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ» «ས་སྒང་སྔས་སུ་བྱས་པའི་སྐར་མ་འོད་ཆེན»སོགས་སྙན་ངག་༢༥༠༠ལྷག «གངས་རིན་པོ་ཆེའི་འོག་གི་རླབས་པོ་ཆེའི་བྱ་གཞག»དང་། «གར་སྟེགས། ཁོང་གི་ཡོད་ཚད» «བུད་མེད་ཀྱི་གཟི་བརྗིད»སོགས་སྙན་ཞུའི་རྩོམ་རིག་བརྒྱ་ལ་ཉེ་བ། «མགུལ་རྒྱན» དང་། «དཔའ་བོ་སྨེ་ནག» «མཇུག་མཐའི་སློབ་ཐུན་གཅིག» «ཤུབས་ནང་གི་མི» «མདོག་འགྱུར་ད་བྱིད» «ཙག་སྒྲ་བཙོང་མཁན་གྱི་བུ་མོ་ཆུང་ཆུང» «འབྲུ་སྨུག་པོ»སོགས་བསྒྱུར་རྩོམ་༡༥༠ལྷག་སྤེལ།
འདི་དག་གི་ཁྲོད་བརྩམས་ཆོས་ཁག་ཅིག་ནི་དུས་ཀྱི་ཚོད་བགམ་ལས་ཡོངས་སུ་བརྒལ་ཏེ་བོད་ཀྱི་དེང་རབས་རྩོམ་རིག་གི་གཙུག་རྒྱན་ལྟ་བུར་གྱུར་ཡོད་ལ། དབྱིན་ཡིག་དང་། ཧྥ་རན་སིའི་ཡི་གེ་སོགས་སུ་བསྒྱུར་ནས་རྒྱལ་སྤྱིའི་རྩོམ་སྟེགས་ཐོག་བསྐྱོད་པའི་སྐས་འཛེག་ལྟ་བུར་གྲུབ་པ་དང་། བརྩམས་ཆོས་མང་དག་ཅིག་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསླབ་གཞིར་བདམས་ནས་ན་གཞོན་སློབ་བུ་ཚོའི་སེམས་དབུས་ཀྱི་རྩོམ་པའི་བག་ཆགས་སད་པའི་གྲོགས་སུ་སོང་བ་བཅས། དུས་དེབ་འདི་ཉིད་དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་མ་ཞིང་ལྟ་བུར་གྱུར་ཡོད་ཅེས་བརྗོད་ཀྱང་ཐལ་ཆ་མི་ཆེ།

དེ་ལྟར་བསྟན་འཛིན་རྒན་པ་དང་། ཚེ་རྡོར། ལྷུན་གྲུབ་རྣམ་རྒྱལ། དོན་གྲུབ་རྡོ་རྗེ། བསྟན་པ་ཡར་རྒྱས་བཅས་གཙོ་སྒྲིག་པ་རིམ་བྱོན་གྱི་སྣེ་ཁྲིད་འོག ད་ལྟའི་བར«བོད་ཀྱི་རྩོམ་རིག་སྒྱུ་རྩལ»སྤྱིའི་འདོན་གྲངས་༢༥༣ཙམ་ཟིན་ཡོད་པ་དང་། བོད་ལྗོངས་ཙམ་མ་ཟད། མཚོ་སྔོན་དང་། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ཞིང་ཆེན་གཞན་དག་ཁག་ལའང་འགྲེམ་སྤེལ་བྱེད་མུས་ཡིན་ལ། མིག་སྔར་བོད་ཀྱི་དེང་རབས་རྩོམ་རིག་སྣ་རྐྱང་གི་ཟླ་ཟུང་དུས་དེབ་གཅིག་པུ་དེ་ཡིན་པ་དང་། སྔ་རྗེས་སུ་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུད། དཔེ་སྐྲུན་ལས་དོན་པའི་མཐུན་ཚོགས་ཀྱི་ཕུལ་བྱུང་དུས་དེབ་ཀྱི་མཚན་སྙན་དང་། “ཡོན་ཏིང་བྱ་དགའ”ཐོབ་པར་མ་ཟད། རྒྱལ་ཡོངས་ཀྱི་དུས་དེབ་འགྲེམ་ཚོགས་ཐོག་ཀྱང་ཞུགས་མྱོང་།
རིམ་བཞིན་བོད་ཀྱི་དེང་དུས་རྩོམ་པ་པོ་ཡར་རྒྱས་འཚར་ལོངས་བྱུང་སྟེ་རྩོམ་རིག་གི་རྣམ་པ་ཡར་ངོའི་ཟླ་བཞིན་འཕེལ་བའི་དུས་སུ། དུས་རབས་ཀྱིས་གནང་བའི་གོ་སྐབས་བཟང་པོར་མིག་འབྲས་ལྟར་གཅེས་འཛིན་གྱིས། ཕུལ་བྱུང་བརྩམས་ཆོས་ཁག་གི་ལེགས་ཆ་སྔོག་འདོན་དང་། རྒྱ་ཆེའི་ཀློག་པ་པོ་དང་རྩོམ་རིག་ཞིབ་འཇུག་པ་ཚོར་སྟབས་བདེ་བསྐྲུན་སླད། ༡༨༨༥ལོ་ནས་༢༠༢༠ལོའི་བར་སྔ་ཕྱིར་ལེགས་རྩོམ་གཅེས་བཏུས་ཐེངས་ལྔ་ཙམ་བསྡུ་སྒྲིག་འགྲེམ་སྤེལ་ཞུས་ཡོད་དེ། ༡༩༨༥ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི་རྩོམ་རིག་དཔེ་ཚོགས་དང་། ༡༩༩༡ལོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་བཞི་བཅུ་འཁོར་བར་དྲན་གསོ་ཞུ་བའི་བོད་ཀྱི་དེང་རབས་རྩོམ་པ་པོའི་དཔེ་ཚོགས་དང་པོ། ༡༩༩༥ལོའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བོད་ཀྱི་དེང་རབས་རྩོམ་པ་པོའི་དཔེ་ཚོགས་གཉིས་པ། ༢༠༠༧ལོའི་བོད་ཀྱི་རྩོམ་རིག་དཔེ་ཚོགས། ༢༠༢༠ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་གཉེར་ནས་ལོ་ངོ་བཞི་ཅུ་འཁོར་བའི་ལེགས་རྩོམ་གཅེས་བཏུས་དཔེ་ཚོགས་བཅས་ཡིན། དེ་ནི་ཇི་ལྟར་ང་ཕོད་ངག་དབང་འཇིགས་མེད་མཆོག་གིས་དཔེ་ཚོགས་ཀྱི་སྔོན་འགྲོར“དེང་དུས་རྩོམ་པ་པོའི་བོད་ཡིག་དཔེ་དེབ་པར་བསྐྲུན་བྱས་པ་དེ་ནི་ཏང་གི་མི་རིགས་སྲིད་ཇུས་ཀྱི་གྲུབ་འབྲས་ཤིག་ཡིན་པས་སླད་མུ་མཐུད་འབད་བརྩོན་བྱས་ཏེ་བོད་ཀྱི་རྩོམ་རིག་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས”ཞེས་གནང་བའི་གལ་ཆེའི་མཛུབ་སྟོན་ལྟར། དེ་དག་གི་ཁྲོད་དུས་རབས་རིམ་བྱུང་གི་ཕུལ་བྱུང་བརྩམས་ཆོས་ཕྱོགས་གཅིག་ཏུ་བསྡུས་པའི་རྩོམ་དེབ་ཙམ་མ་ཟད། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི«བསིལ་དུས་ཀྱི་བོད་ལྗོངས»དང་། མཁས་གྲུབ་ཀྱི«དུས་བཞིའི་སོ་ནམ་བྱེད་ལུགས་མཚོན་པའི་ཚིགས་ཕྲེང་ངག་གི་རོལ་དབྱངས» ཨོ་རྒྱན་རྡོ་རྗེའི«མཐོ་སྒང་གི་རླུང» བཀྲ་ཤིས་དཔལ་ལྡན་གྱི«ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས» ལྷུན་གྲུབ་རྣམ་རྒྱལ་གྱི«ཀ་བཤད་བུང་བ་དགའ་ཚལ» ཡེ་ཤེས་བསྟན་འཛིན་གྱི«བསླབ་བྱ་ནོར་བུའི་ཕྲེང་བ» ལྷག་པ་དོན་གྲུབ་ཀྱི«མི་མངོན་པའི་མཆིང་ཐག» ཚེ་རྡོར་གྱི«སྐྱེད་མའི་བཀའ་དྲིན» བསྟན་པ་ཡར་རྒྱས་ཀྱི«བྱང་ཐང་གི་མཛེས་ལྗོངས» སྐལ་བཟང་ཡེ་ཤེས་ཀྱི«དཔྱད་བརྗོད་མཁས་པ་འཛུམ་ཤོར»བཅས་རྩོམ་པ་པོ་སྒེར་གྱི་དེབ་རྐྱང་པ་ཁག་བཅུ་ནི་དུས་ཀྱི་ཆུ་རྒྱུན་ཀློང་ན་ཀློག་པ་པོ་རྒན་དར་གཞོན་གསུམ་གྱི་ཡིད་ཀྱི་དང་བ་འདྲེན་པའི་ལྕགས་ཀྱུ་ལྟ་བུར་གྱུར་ཡོད།ལོ་ངོ་བཞི་བཅུ་ལྷག་གི་རིང་། རྩོམ་སྒྲིག་ཁང་གིས་ཐབས་བརྒྱ་ཇུས་སྟོང་དང་། ཕྱོགས་ཁག་གི་དགོངས་འཆར་ཉན་འཇོག་གང་ལེགས་ཞུས་ཐོག གཞི་ཁྱོན་མི་གཅིག་པའི་རྩོམ་རིག་སློབ་སྦྱོང་འཛིན་གྲྭ་དང་། རྩོམ་སྒྲིག་ཚོགས་འདུ། སྨྱུག་ཚོགས། གྲགས་ཅན་རྩོམ་པ་པོའི་འཆད་འཁྲིད། བཞུགས་མོལ་ཚོགས་འདུ་སོགས་གཉེར་བ་བརྒྱུད། དུང་དཀར་བློ་བཟང་འཕྲིན་ལས་དང་། ལྷག་པ་ཕུན་ཚོགས། གླང་མདུན་དཔལ་འབྱོར། ཧོར་ཁང་བསོད་ནམས་དཔལ་འབར། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། བྲག་གདོང་བཀྲས་གླིང་དབང་རྡོར་སོགས་སྐུ་ཡོན་རབ་ཏུ་ཆེ་བའི་རྩོམ་པ་པོ་རྒན་གྲས་བྱོན་ཡོད་ལ། བཀྲ་ཤིས་དཔལ་ལྡན་དང་། ཚེ་རིང་དོན་གྲུབ། བསྟན་པ་ཡར་རྒྱས། ཨོ་རྒྱན་རྡོ་རྗེ། ལྷག་པ་ཆོས་འཕེལ། མཁས་གྲུབ། ཕུན་ཚོགས་བཀྲ་ཤིས། ཚེ་རིང་གནམ་མགོན། ཚེ་རིང་དབྱངས་སྐྱིད། སྟག་འབུམ་རྒྱལ། བསམ་ཤོད་པ་དཀོན་ཅོག་ཡོན་ཏན། བསོད་ནམས་སོགས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་ད་ལྟའི་བར་རྩོམ་པའི་རྒྱུན་མ་ལྷོད་པའི་ཕུལ་བྱུང་གི་རྩོམ་པ་པོ་སྐོར་ཞིག་དང་། སྨྲེང་བུ་དང་། ན་རོ། ཚེ་རྒྱལ། བུ་ཚེ་རིང་རྒན་པ། སོག་རུ་ཀརྨ་ཀུན་ཁྱབ། ཨེ་ཉི་མ་ཚེ་རིང་། ཨེ་ཕུར་བཀྲ ཆོས་ལུང་དགེ་ལེགས་ཟླ་བ། ཁྲི་སེམས་དཔའ། གཙང་སྡིངས་དར་རྒྱས། ཡར་ཀླུང་སྙན་པོ་དབྱངས་གྲོལ། སྐལ་བཟང་དགྲ་འདུལ། ར་ས་བསྟན་འཛིན་ཆོས་གྲགས། ཀ་ལ་དཔལ་སྒྲོན། བློ་བཟང་དོན་གྲུབ། ཀརྨ་དབང་གྲགས། རྟོགས་སད་ལྷ་མོ། བསོད་བསྟན། ནམ་མཁའ་བཀྲ་ཤིས། རྣམ་གླིང་རིན་ཆེན། རྡོ་རྗེ་ཚེ་རིང་། ཤར་ཚ་སོགས་རྩོམ་པའི་ཚ་རླབས་འཕྱུར་བའི་ན་གཞོན་རྩོམ་པ་པོ་སྐོར་ཞིག དེ་བཞིན། བྱང་བློ་བཟང་ཀུན་མཁྱེན་དང་། ནག་རྡོ་སེང་། གསེར་ཁབ། རྦབ་ཆུ། འཕན་ཕྲུག་ཆོས་འཕེལ། གསར་བུ། ཀླད་ཀོར་སོགས་གསར་རྩོམ་གྱི་དད་འདུན་དྲག་པའི་གཞོན་སྐྱེས་རྩོམ་པ་པོ་སྐོར་ཞིག་བཅས་ཆབ་སྲིད་ཀྱི་བྱང་ཚད་མཐོ་ལ་རྩོམ་གཞུང་གི་ཤེས་བྱ་ཟབ་པའི་རྩོམ་པ་པོ་དང་། རྩོམ་རིག་དཔྱད་བརྗོད་པ། རྩོམ་རིག་ལོ་ཙཱ་བ་སོགས་གྱི་རྩོམ་པ་པོའི་དཔུང་ཁག་ཅིག་གྲུབ་ཡོད། ཁོང་རྣམ་པའི་ཁྲོད་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་། གླང་མདུན་དཔལ་འབྱོར། ལྷུན་གྲུབ་རྣམ་རྒྱལ། བཀྲ་ཤིས་དཔལ་ལྡན། ཕུན་ཚོགས་བཀྲ་ཤིས། ཨོ་རྒྱན་རྡོ་རྗེ། ཚེ་རིང་དབྱངས་སྐྱིད། བསྟན་པ་ཡར་རྒྱས་བཅས་རྩོམ་པ་པོ་རྒན་གྲས་ཁག་ཅིག་ལ་རྒྱལ་ཡོངས་གྲང་ཉུང་མི་རིགས་རྟ་མཆོག་བུམ་པའི་རྩོམ་རིག་བྱ་དགའ་དང་། བོད་རང་སྐྱོང་ལྗོངས་ཀྱི་ལྔ་ཚན་གཅིག་གི་ལས་གཞིའི་བྱ་དགའ་ཐོབ་པ། ཚེ་རྡོར་དང་། ཚེ་རིང་གནམ་མགོན། གཙང་སྡིངས་དར་རྒྱས། རིག་ཞོལ་བུ་ཆུང་སོགས་རྩོམ་པ་པོ་ཁག་ཅིག་ལ་ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་པ། རྡོ་རྗེ་ཚེ་རིང་དང་། སོག་རུ་ཀརྨ་ཀུན་ཁྱབ། ཨེ་ཉི་མ་ཚེ་རིང་། ལྷ་གཡང་ནོར་བུ། ནག་རྡོ་སེང་། ནམ་མཁའ་བཀྲ་ཤིས། ཨེ་ཕུར་བཀྲ་སོགས་གཞོན་སྐྱེས་རྩོམ་པ་པོ་སྐོར་ཞིག་ལ་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་སོགས་ཐོབ་པས་དེ་ནི་དུས་རབས་གསར་པའི་བོད་ཀྱི་རྩོམ་པ་པོ་ཕལ་ཆེ་མོ་ཆེས་སྤོབས་པ་ཆེར་བསྐྱེད་ངང་རྩོམ་པའི་མཁའ་ལམ་ཡངས་མོར་ནམ་འཕང་གཅོད་པའི་གཤོག་རྩལ་སྦྱོང་ས་ཡིན།
༡༩༩༧ལོར«བོད་ཀྱི་རྩོམ་རིག་སྒྱུ་རྩལ»འདོན་ཐེངས་བརྒྱ་ཟིན་པའི་དུས་མཚམས། སྔར་ལས་ལྷག་པའི་སྒོ་ནས་རང་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་རྩོམ་རིག་བྱ་གཞག་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་ལྕག་དོད། «བོད་ཀྱི་རྩོམ་རིག་སྒྱུ་རྩལ»རླུང་རྟ་བུམ་པའི་བྱ་དགའ་ཐེངས་དང་པོ་སྤྲོད་པའི་རྟེན་འབྲེལ་མཛད་སྒོ་ལྷ་སར་འཚོགས་ཤིང་། བྲག་གདོང་བཀྲས་གླིང་དབང་རྡོར་གྱི་བརྩམས་སྒྲུང«བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»དང་། ལྷག་པ་དོན་གྲུབ་ཀྱི་བརྩམས་སྒྲུང«འཕོ་འགྱུར» ཚེ་རིང་གནམ་མགོན་གྱི་བརྩམས་སྒྲུང«ཀླུ་མོ་མཚོ»སོགས་བརྩམས་ཆོས་ལྔ་ལ་བྱ་དགའ་དེ་ཐོབ་ཡོད་པ་དང་། ༢༠༡༨ལོའི་ལོ་མཇུག་ནས«བོད་ཀྱི་རྩོམ་རིག་སྒྱུ་རྩལ»ལོ་ཟུང་བྱ་དགའ་སྤྲོད་པའི་དབུ་ཁྱུད་ལེགས་པར་བརྩམས་ཤིང་། དཔྱད་འདེམ་གྱི་རྩ་དོན་དང་། ལས་ཀའི་སྒྲིག་གཞི། ཁྱབ་ཁོངས། བརྒྱུད་རིམ། སྒྲིག་ཁྲིམས་སོགས་གྲ་རྒྱས་འཐུས་ཚང་གི་སྒོ་ནས་སྔ་ཕྱིར་བརྩམས་སྒྲུང«གཡུ་ཆུང་དྲུག་དཀར»དང་། ལྷུག་རྩོམ«གྲོ་མོར་བསྐྱོད་པ»སོགས་དུས་རབས་ཀྱི་འཕེལ་རྒྱས་དང་། མི་རིགས་ཀྱི་ཁྱད་ཆོས་མཚོན་ལ། བསམ་པའི་ནང་དོན་དང་སྒྱུ་རྩལ་ཁྱད་ཆོས་ཀྱི་གཤོག་ཟུང་རྒྱས་པའི་བརྩམས་ཆོས་བཅུ་བདུན་ལ་བྱ་དགའ་དེ་ཉིད་ཐོབ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྩོམ་སྒྲིག་ཁང་གིས་མུ་མཐུད་མི་དམངས་ལྟེ་བར་འཛིན་པའི་ལངས་ཕྱོགས་རྒྱུན་འཁྱོངས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རིག་རྩལ་སྐོར་ལ་གནང་བའི་གལ་ཆེའི་གསུངས་བཤད་དང་། རྒྱལ་ཡོངས་རིག་རྩལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ། བོད་ལྗོངས་རིག་རྩལ་ལས་དོན་པའི་འཐུས་མིའི་ཚོགས་ཆེན། ལྷག་པར་དུ་རྒྱལ་ཡོངས་རིག་རྩལ་ལས་དོན་པའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལྟར། བརྗོད་དོན་ཁ་གསལ་ལ། དུས་རབས་ཀྱི་སྙིང་སྟོབས་མཚོན་པའི་དེང་རབས་རིང་ལུགས་ཀྱི་བརྩམས་ཆོས་མང་དག་ཅིག་སྤེལ་ཡོད་དེ། ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བའི་སྙན་ཞུའི་རྩོམ་ཡིག་གི་ཆེད་བསྒྲིགས་དང་། ལྷོ་བྲག་གི་ཆེད་བསྒྲིགས། ནད་ཡམས་སྔོན་འགོག་གི་ཆེད་བསྒྲིགས། དུས་རབས་ཀྱི་སྙིང་སྟོབས་མཚོན་པའི་ཆེད་བསྒྲིགས། ཀྲུང་ཧྭ་མི་དམངས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ཆེད་བསྒྲིགས་སོགས་སྟབས་བསྟུན་ཆེད་བསྒྲིགས་ལེ་ཚན་དང་། ༢༠༡༨ལོའི་ཤན་རྩའི་ཆེད་དེབ་དང་། ༢༠༢༠ལོའི་ནག་ཆུའི་ཆེད་དེབ་སོགས་དུས་དེབ་འཕར་མ་ལྔ་ཙམ་སྤེལ་ཐོག «བོད་ཀྱི་རྩོམ་རིག་སྒྱུ་རྩལ»ལོ་ཟུང་བྱ་དགའ་དང་། བྱིས་པའི་རྩོམ་རིག་གསར་རྩོམ་སྐོར་གྱི་དཔྱད་གླེང་ཚོགས་འདུ། བརྩམས་ཆོས་དཔྱད་གླེང་ཚོགས་འདུ། གཞི་རིམ་རྟོག་ཞིབ་ཀྱི་བྱེད་སྒོ། རྩོམ་བསྡུའི་བྱེད་སྒོ། རྩོམ་རིག་སློབ་གླིང་དུ་བསྐྱོད་པའི་བྱེད་སྒོ་སོགས་སྤེལ་ནས་རྒྱ་ཆེའི་རྩོམ་པ་པོའི་གསར་རྩོམ་ལ་སྐུལ་ལྕག་གི་ནུས་པ་ཐོན་ཡོད་ལ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཤུགས་ཆེའི་རྒྱབ་སྐྱོར་འོག «བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་འདི་ཉིད་ཞིང་ཁྱིམ་དཔེ་ཁང་གི་རྣམ་གྲངས་ཁོངས་སུ་ཚུད་དེ་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་གལ་ཆེའི་ཕན་ནུས་ཐོན་ཡོད།

དུས་ཚོད་ནི་བར་མེད་རྟག་ཏུ་འབབ་པའི་ཆུ་ཕྲན་ལྟར། ལོ་ངོ་བཞི་ཅུ་ལྷག་གི་འཕེལ་རིམ་མངའ་བའི་དུས་དེབ་འདི་ཉིད་ཀྱིས་ཀྱང་འདས་སོང་གི་འོད་སྟོང་འབར་བའི་གྲུབ་འབྲས་དང་། མ་འོངས་ཀྱི་རེ་བས་བལྟམས་པའི་འདུན་པ་བསྣམས་ཏེ། འཕེལ་རྒྱས་ཀྱི་ལམ་ཆེན་ཐོག་མུ་མཐུད་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད།

སླད་ཕྱིན། རྩོམ་སྒྲིག་ཁང་གིས་མུ་མཐུད་གོང་རིམ་གྱི་སྲིད་ཇུས་དང་། བོད་ཀྱི་དོན་དངོས་ལ་གཞིགས་ཏེ། དུས་དེབ་ཀྱི་ཆབ་སྲིད་ལང་ཕྱོགས་སྲ་བརྟན་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་ཐོག དོན་དངོས་དང་། འཚོ་བ། མང་ཚོགས་བཅས་དང་ཉེ་བར་བཅར་ཏེ། རྩོམ་པ་པོའི་སྨྱུག་ཚོགས་དང་། བརྩམས་ཆོས་དཔྱད་གླེང་ཚོགས་འདུ། གསར་རྩོམ་སྐོར་གྱི་བཞུགས་མོལ་ཚོགས་འདུ། ས་གནས་རྩོམ་པ་པོའི་བགྲོ་གླེང་ཚོགས་འདུ་སོགས་སྒྲིག་འཛུགས་དང་། རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོ་རྣམས་དང་མཐུན་སྒྲིལ་དར་གྱི་མདུད་པ་མ་ལྷོད་པར་དུས་རབས་གསར་པའི་རྩོམ་པའི་ལམ་ལེན་ཐོག་དཔུང་པ་མཉམ་གཤིབ་ཀྱིས། སྔར་སྲོལ་བཟང་པོའི་རྒྱུན་འཛིན་དང་། དུས་བསྟུན་འཕེལ་རྒྱས་ཀྱི་ལག་ལེན་འཕྱུག་མེད་ངང་། ཆ་འཕྲིན་འཕེལ་རྒྱས་ཀྱི་ཚ་རླབས་དང་བསྟུན་ནས་ཕུལ་བྱུང་བརྩམས་ཆོས་ཁག་གི་སྒྲ་འཇུག་ཁྱབ་གདལ་དང་། དུས་དེབ་ཁག་གི་གྲངས་གཞིའི་བཅོས་སྒྲིག་སོགས་དྲ་ཐོག་ཞབས་ཞུའི་ཐབས་ལམ་རྒྱ་ཆེར་གཏོད་ཐོག རྩོམ་སྒྲིག་ཁང་གིས་རྩོམ་རིག་གཞུང་ལུགས་དང་། རྩོམ་སྒྲིག་གི་ཤེས་བྱ་སློབ་སྦྱོང་བྱ་རྒྱུ་གཙིགས་སུ་འཛིན་ནས་དུས་དེབ་རྩོམ་སྒྲིག་པའི་ཕྱོགས་ཡོངས་ཀྱི་བྱང་ཚད་མཐོར་འདེགས་སོགས་ཐབས་བརྒྱ་ཇུས་གཏོང་གིས་རྩོམ་རིག་སྒྱུ་རྩལ་གྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་དང་། རྩོམ་པ་པོའི་དཔུང་ཁག་ལོ་རེ་བཞིན་སྟོབས་ཆེར་འགྲོ་བའི་དོན་དངོས་ཀྱི་ཐོག་ནས་གངས་ལྗོངས་རྩོམ་རིག་གི་ལྡུམ་རྭ་མཛེས་པའི་རྒྱན་ཏུ་གྱུར་བའི་ཡིད་ཆེས་ཀྱིས་ཁེངས་ཡོད་ཅིང་། བློ་བརྟན་འགྱུར་མེད་ངང་རྩོམ་རིག་གིས་མི་དམངས་ལ་ཞབས་འདེགས་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་རྒྱུར་རང་ནུས་གང་ཡོད་འདོན་རྒྱུའི་ཆོད་སེམས་བརྟན་པོར་བཅངས་བཞིན་མཆིས།
«བོད་ཀྱི་རྩོམ་རིག་སྒྱུ་རྩལ»རྩོམ་སྒྲིག་ཁང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།