གཟི་མིག་དགུ་པས་གནའ་དེང་བོན་གྱི་སྐྱེས་ཆེན་འགར་བྲིས་པའི་མུ་འབྲེལ་སྙན་རྩོམ་ཆེད་བཀོད།

རྩོམ་པ་པོ།:གཟི་མིག་དགུ་པ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-01-28 09:52:24 ཀློག་གྲངས།:
                    མྱི་བོ་ཆེ།

རྨུ་རྒྱུད་ཐེམ་པའི་སྒོ་དར་ལྷབ་སེ་སུམ་རྩེན་གནས་ལ་རྒྱང་ཐག་བཅད།།
ཡོ་ཕྱིའི་མཚན་གྱི་བྷ་གའི་ཀློང་ནས་དལ་བརྒྱད་འབྱོར་བཅུའི་གྲོང་ལ་ཟགས།།
ཏི་སེའི་མདངས་ལ་ལན་མང་འཁུ་བས་སྤུངས་སོ་སྦར་གང་ངེས་མེད་གཏོར།།
ཆུ་བཞི་འདུས་པའི་རི་སུལ་དེ་ནས་ཡར་ཀླུང་སོ་ཀར་དམིགས་གཏད་ཕབ།།
ལྷ་ཀླུ་མྱི་ཡི་གཙུག་ཏུ་བཀུར་ཞེས་གསང་བའི་ལྷ་སྒྲུང་བརྗོད་ལས་འདས།།
ལག་རིང་བསྲིང་བའི་སྦར་ཉུལ་ཧྲག་ནས་རྐང་བཞིའི་རྨིག་སྒྲ་རྒྱང་ལ་བོར།།
ཁ་བ་ནག་པོ་རིམ་དགུའི་འཕྲང་དེ་སྲིད་པའི་མེ་ཟླུམ་ཚ་བས་བཞུས།།
ཕལ་པའི་བློ་ངོར་ལྷ་འདྲེ་འཐབ་པའི་གཡུལ་ས་བཤམས་ཏེ་རྫུ་འཕྲུལ་མོད།།
ལས་ཀྱིས་བཏབ་པའི་ཐ་ཚིག་བར་ནས་ཉང་ཆུ་གཙང་པོ་མར་དུ་དེད།།
ཀོང་མོའི་ཆགས་དྲིས་ལན་གཅིག་བརླན་ཏེ་སྤུན་སྲིང་བརྒྱད་ཀྱི་ས་བོན་འཐོར།།
གངས་ཀྱི་བཞེངས་པའི་ཡུལ་གྲུ་དེ་ན་ཤེས་རིག་ཟིལ་པ་ཁྲོམ་སེ་ཁྲོམ།།
ཕྱིས་ལ་བཞག་པའི་རྩེ་གསུམ་རི་དེར་རྐང་རྗེས་འབུམ་ཕྲག་ལ་ཐོད་བཅིངས།།
སོར་བཅུ་ཟུམ་པའི་འདབ་མ་ལང་ལོང་ལམ་ཕྲན་གྱ་གྱུའི་རྒྱན་དུ་བཏགས།།
ལྷ་སྒྲུང་རིང་མོའི་གཏམ་རྒྱུད་ཀློང་ནས་དད་པའི་རླབས་རྒྱུན་ཡལ་བ་མེད།།
ཕྱྭ་དང་གཡང་གི་དྲེག་པའི་དབར་ནས་ཕ་མྱེས་རུས་རྡོར་སྣུམ་ཚིལ་མངོན།།
གྱེར་དང་གདངས་ཀྱི་ཀྭི་བསྭོ་རེ་ཡིས་འཁོར་བའི་རྣམ་རྟོག་རྒྱུད་ནས་གཅོད།།
ཞབས་གཉིས་བཀོད་པའི་ལེའུ་བར་དུ་ཆབ་དཀར་ཆབ་ནག་ཟླ་མཚན་ལུད།།
གཡུང་དྲུང་འཛིན་པའི་སོར་ལྔའི་རྩེ་ནས་སྤུངས་སོ་ཐར་ཐོར་བོན་ལ་སྦྱིན།།
ཕྱྭ་སྣང་འཕྲུལ་གྱི་རིག་གཞུང་ཐམ་ཀ་བོད་ཀ་གཡག་དྲུག་གཞིས་ལ་ལུས།།
རིམ་དགུ་བརྩེགས་པའི་ཐ་སྙད་གསོན་པོ་གངས་ཀྱི་མུ་ཁྱུད་བར་དུ་ལྷུང་།།
བྱ་གཅན་རི་གཡུང་ཚེ་སྲོག་བཅོམ་པའི་གཤེད་མ་ཁག་ཅིག་གཡང་ལ་གཡུགས།།
གཏོ་ཡི་གཏོར་མས་ལྷ་འདྲེ་གསོན་པོར་གནམ་ལོ་གསར་པའི་སྡེར་ཁ་བཤམས།།
མི་ཡི་རྣམ་རྟོག་ལྕགས་ཟྭ་ནག་པོར་གསེར་གྱི་ལྡེ་མིག་བརྡུངས་མཁས་པའི།།
ཆིག་ཁྲིའི་སྔོན་གྱི་གཏམ་རྒྱུད་ཀློང་གི་མྱི་བོ་ཆེ་ལ་ཁ་ཡིག་ཡིན།།
                                                               ༡༠༡༦/༡/༢༣དགོང་མོར་བྲིས།

                    རྟོགས་ལྡན་གྱི་བསྡུས་གཟུགས།
                                                             ཏ་པི་ཧྲི་ཙར་བྲིས།

གནམ་གྱི་གུར་ལ་འཇའ་ཡི་ཤམ་བུས་བརྒྱན།།
སྤྲིན་གྱི་མེ་ཏོག་ཚོམས་བུས་བཀོད་པ་ལེགས།།
དེ་ཡི་དཀྱིལ་ན་རྟོགས་པའི་གླུ་ངག་ཅན།།
གཅེར་བུའི་གཟུགས་ཀྱི་རྡོ་རྗེ་སྐྱིལ་དཀྲུང་བ།།
ཡེ་ནས་དག་པའི་ཤེལ་དཀར་ལྷུན་པོའི་མདངས།།
དབྱངས་ཀྱི་འཇིག་རྟེན་ཏིང་འཛིན་ཀློང་དུ་སྟིམ།།
ཕྱག་གི་པད་འདབ་ལྷུམ་གྱི་ཟེའུ་འབྲུར་བསྣོལ།།
ཉོན་མོངས་རོལ་པའི་མཚོ་ཆེན་གཏིང་ནས་དཀྲུགས།།
སྐེད་ཀྱི་དྲང་སྲོང་མན་ངག་རྫས་ཀྱིས་དཀྲིགས།།
འོད་ཀྱི་འཇའ་ཡིས་དབྱིངས་ཀྱི་རྨུ་སྐས་ཐགས།།
དབུ་ཡི་རལ་པས་ཕྲག་གི་ཕྱེད་ཙམ་བཟས།།
ཕལ་པའི་བློ་ངོར་ངོ་ཚའི་བུམ་གཉིས་བཤམས།།
སྒོམ་པའི་སྟོབས་ཀྱིས་ངེས་འབྱུང་བྱེ་བའི་གཟུགས།།
ང་ཡིས་ཚོར་བས་སྙན་ངག་མཆོད་པ་འབུལ།།
                                  ༢༠༡༨/༥/༣༡ཞོགས་པར་ཐོལ་བྱུང་དུ་བྲིས།

                    སྐར་ཆེན་གྱི་འོད་མདངས།
                                    ཧོར་པ་དྲུང་རམས་པའི་རྣམ་ཐར་བཀླགས་རྗེས།

ཡ་གླིང་འཛིན་མའི་ཟུར་ཆའི་གངས་འདབས་ཏེ།།
རྡུལ་བརྩེགས་ཁ་བའི་མུ་ཁྱུད་བསྐྲུན་པའི་ཞོལ།།
ཆོལ་གསུམ་རིག་པའི་རྣམ་དཔྱོད་ཁང་བཟང་ནས།།
སྐར་ཆེན་ཁྱེད་ཀྱི་འོད་མདངས་མཁའ་རུ་འཕགས།།
 
རྒྱ་བོད་གནའ་འབྲེལ་ཚོང་ལམ་བསྣོལ་བའི་གྲོང་།།
ཟུང་ཆུ་རིག་པའི་བཙན་རྫོང་བརྩེགས་པའི་ཡུལ།།
ཧོར་ཚང་གཡང་གི་ཁྱིམ་གཞིས་འཁྱིལ་བའི་དཀྱིལ།།
ཐོག་མར་བལྟམས་པའི་ཐོ་རངས་སྐར་ཆེན་ལགས།།
 
དཀྱེལ་ཆེ་སྤོབས་པས་ཨ་སྔོན་རླབས་ཀྱིས་བཤགས།།
གཞུང་བརྒྱ་ཐོས་པའི་འབྲུག་སྒྲ་དགུང་ནས་གྲགས།།
ཕྱོགས་ལྷུང་གཡོ་བའི་སྤྲིན་ནག་གློག་གིས་གཏོར།།
དྲང་བདེན་རོལ་ཆའི་རྒྱུད་དྲུག་དབྱངས་སུ་འཐེན།།
 
ན་སོའི་གོམ་སྟབས་རིག་པའི་གྲོང་དུ་བསྒྱུར།།
ལེགས་ཚོགས་འབྱུང་རྩའི་ཕ་སྐད་གྲོགས་སུ་བསྟེན།།
མཐའ་གྲུར་བཏབ་པའི་དབེན་གནས་སྐུ་ཡིས་མཇལ།།
མང་ཐོས་ནོར་བུའི་ལམ་རྒྱགས་ཕྲག་གིས་བཏེགས།།
 
ཀོང་ཡུལ་མཐིལ་དུ་ཞབས་རྗེས་གཡུང་དྲུང་བཀོད།།
ཆོས་ཀྱི་ཆོལ་ཁར་རྡོག་ཐོན་ཟིན་ཐོ་བཞེངས།།
གཡས་རུའི་རྩོད་རར་ལུང་རིགས་མེ་ཞགས་འཕངས།།
གཞུང་ལུགས་ཉལ་འགྲོའི་བཞུར་རྒྱུན་ཧུབ་ཀྱིས་བཏུང་།།
 
ཀ་པོད་ལྔ་ཡི་གླེགས་བམ་ཁུར་དུ་བཏེགས།།
ལུང་རིགས་ཚད་མའི་དཔའ་དམ་སྐེད་ལ་དྲངས།།
འཆད་རྩོད་རྩོམ་གྱི་ཁྲབ་རྨོག་སྐུ་ལ་གསོལ།།
ངེས་དོན་གཏམ་གྱིས་མདུད་བརྒྱ་ཐད་ལ་བྲེག།
 
ཏི་སེ་གངས་རིའི་གསང་ལམ་སྒོམ་གྱིས་གཏོར།།
དབལ་སྟག་ཁྲོས་པའི་སྒྲུབ་ཕུག་དཀར་ཁུང་གཏོད།།
སྒོ་ཕུགས་བར་གསུམ་ཞབས་ཀྱི་སོར་མོས་ཉུལ།།
ཐེག་དགུ་བཤམས་པའི་བང་མཛོད་ལྡེ་མིག་ཐོགས།།
 
གྲྭ་ས་ཡར་བཞིའི་འཆད་རའི་སྒོ་འཕར་ཕྱེས།།
བྲུ་ཞུ་སྤ་རྨེའུ་རིང་ལུགས་བརྩོན་པས་གཞལ།།
མང་ཐོས་ནོར་གྱི་གཟེངས་རྟགས་ཕྱག་ཏུ་ཐོགས།།
རྒྱལ་བ་གཉིས་པའི་མཛད་རྗེས་སྲིད་རྩེར་བསྒྲེངས།།
 
གསར་རྙིང་ལྟ་བའི་དམག་ཚོགས་འཇོམས་པའི་ཟླ།།
ཨ་བསྙེན་རྫོགས་གསུམ་དབུ་རྨོག་བང་རིམ་མཛེས།།
ཆགས་སྡང་རྨོངས་ཀྱི་ནད་དུག་སེལ་བའི་སྨན།།
གུ་ཡངས་དཀྱེལ་ཆེའི་བདུད་རྩིའི་སྦྱོར་སྡེབ་སྤུས།།
 
རྣམ་དཔྱོད་རིག་པའི་གཤོག་ཟུང་བརྐྱངས་ནས་སུ།།
མཐའ་ཡས་ཤེས་བྱའི་དགུང་སྔོན་རླབས་ཀྱིས་བཅད།།
གནས་ལུགས་བྱ་ལམ་ཟིན་པའི་བདེན་དཔང་དུ།།
སྐལ་ལྡན་སློབ་ཚོགས་རྒྱུ་སྐར་མཁའ་ལ་བཀྲམས།།
 
རིག་གསར་རླུང་ནག་འཚུབ་པའི་ཐལ་རྡུལ་གྱིས།།
སྐར་ཆེན་མང་པོའི་འོད་མདངས་མུན་པས་གཡོགས།།
ངེས་མེད་ཕྱོགས་མཐར་འཁྱམས་པའི་བུ་ཡུག་གིས།།
ངེས་དོན་མཁས་པ་མུན་པའི་བཙོན་ལ་བརྫངས།།
 
གནས་ལུགས་དོན་གྱི་གོ་ཆ་སྲ་བའི་ཁར།།
མང་ཐོས་གཞུང་བརྒྱའི་རལ་སོ་རྣོ་ངར་བས།།
མུན་པའི་བཙོན་གྱི་མནར་གཅོད་གཡུལ་ལས་རྒྱལ།།
སྐྱ་རེངས་གསར་པའི་ཐོ་རངས་གྲོགས་སུ་བསུས།།
 
གདམས་ངག་བདུད་རྩིའི་གཟུངས་གཞུག་སྤུས་དག་ཅིང་།།
དམ་བཅའི་རི་མོའི་གཡུང་དྲུང་རིས་ལེགས་པས།།
བསྟན་པའི་སྲོག་འཛིན་སྐལ་ལྡན་སློབ་བུའི་ཚོགས།།
བསྟན་དང་འགྲོ་བའི་མགོན་ལ་མངགས་ཏེ་གཤེགས།།
 
འཆད་རྩོད་རྩོམ་གྱི་གཤོག་ཟུང་བརྐྱངས་ནས་སུ།།
མཐའ་ཡས་ཤེས་བྱའི་ནམ་འཕང་ཟིན་པར་འཕུར།།
ཐེག་དགུའི་བརྩེགས་པའི་ཞང་བོད་མཁའ་དབྱིངས་ན།།
སྐར་ཆེན་ཞིག་གི་འོད་མདངས་ཁྱེད་མིན་སུ།།
                                               ༢༠༡༤/༡༠/༩ཉིན།

                    ཞིང་ཁམས་གཞན་གྱི་མགྲོན་པོ།
                                               རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་གི་རྣམ་ཐར་བཀླགས་རྗེས།

ཉོན་མོངས་ཆུ་ཆེན་ལ་སྤྱན་ཆབ་ཟིལ་པ་ཁྲོམ་མེ།།
འདུས་བྱས་མི་རྟག་ལ་ངེས་འབྱུང་རླབས་རིས་ཉིལ་ལེ།།
བདག་གཞན་མཉམ་བརྗེ་ཡི་ཐུགས་རྒྱུད་ཟེགས་མ་སྤུངས་སེ།།
འཇིག་རྟེན་བོན་བརྒྱད་ལ་ཆགས་མེད་གོམ་སྒྲ་ཐག་གེ།
སྲིད་པ་ས་ཆེན་ནས་འཆི་མེད་གྲོང་ཁྱེར་འགྲིམ་པའི།། 
རྟོགས་ལྡན་བགྲེས་པོ་དེ་ཐར་ལམ་བགྲོད་པའི་མྱི་རེད།།
 
སྤང་རྟོགས་ཡོན་ཏན་གྱི་བྱིན་རླབས་ཚན་ཁ་འབར་རེ།།
སྐྱེ་འཆི་འཁོར་འདས་ཀྱི་རྟོགས་པ་འབུར་དོད་ཧྲོབ་བེ།།
རིགས་དྲུག་སེམས་ཅན་ལ་སྙིང་རྗེའི་སྤྱན་ཆབ་ཉིལ་ལེ།།
འཁོར་བའི་འདོད་ཡོན་ལ་ཆགས་མེད་ཞེན་པ་ལྷོག་གེ།
མི་རྟག་སྒྱུ་མ་ཡི་བྲན་ནས་ཚེ་གཅིག་ཐར་བའི།།
རྟོགས་ལྡན་བགྲེས་པོ་དེ་གཡུང་དྲུང་ཀ་ཆེན་ཞིག་རེད།།

རང་རྒྱུད་འདུལ་བ་ལ་སྙིང་ཁམས་ལྕགས་ཕྱེ་ཐུལ་ལེ།།
གཞན་རྒྱུད་འདྲེན་པ་ལ་བྱམས་བརྩེའི་གསེར་འོད་འཁྱིལ་ལེ།། 
བདེན་གཉིས་དོན་རྟོགས་ཀྱི་ཤེས་རབ་གློག་ཞགས་འཁྱུག་གེ། 
འགག་མེད་རང་རྩལ་གྱི་མགུར་གླུའི་དབྱངས་རྟ་སྙན་སེ།། 
ཆགས་སྡང་མུན་ཁྲོད་ནས་ཐར་ལམ་རླབས་ཀྱིས་སྐྱོད་པའི།།
རྟོགས་ལྡན་བགྲེས་པོ་དེ་ཁྱུང་ཆེན་གཤོག་རྩལ་ཅན་རེད།། 
 
བརྩེ་བའི་ཐུགས་རྒྱུད་ལ་བྱམས་པའི་འཛུམ་མདངས་མེར་རེ།། 
གདམས་ངག་ཉིང་བཅུད་ལ་སྙིང་རྗེའི་ཆུ་གཏེར་འཁྱིལ་ལེ།།
གཏང་སྙོམས་ལྟ་བ་ལ་ཉིན་བྱེད་འོད་ཟེར་འཕྲོས་སེ།།
མར་གྱུར་སེམས་ཅན་ལ་ཕན་བདེའི་དྲོ་སྐྱིད་ལྷམ་མེ།།
ངེས་འབྱུང་རྣལ་མ་དེས་ཚེ་གཅིག་རི་ཁྲོད་འགྲིམ་པའི།།
རྟོགས་ལྡན་བགྲེས་པོ་དེ་བསྟན་པའི་སྲོག་ཤིང་དངོས་རེད།།
 
དོན་གཉིས་ལྷུན་གྲུབ་ཀྱི་རྣམ་ཐར་ཁ་ཡིག་མཛེས་སེ།།
བདེན་གཉིས་དོ་སྙོམས་ཀྱི་དཀར་ཆག་ཡིག་འབྲུ་ཐུལ་ལེ།།
བླ་མེད་རྫོགས་ཆེན་གྱི་གླེགས་བམ་ཁ་སྤམ་མཐུག་གེ།
ཉོན་མོངས་རྫས་རྒྱུན་གྱི་ས་བོན་བཙལ་རྙེད་དབེན་ནེ།།
ཚེ་གཅིག་ཉམས་ལེན་གྱི་བདུད་རྩི་ཧུབ་ཀྱིང་བཏུང་བའི།། 
རྟོགས་ལྡན་བགྲེས་པོ་དེ་བླ་མའི་རྣལ་འབྱོར་དངོས་རེད།། 
 
ཆེན་པོའི་མིང་ཐོབ་ལ་མ་བརྩོན་སྒྱིད་ལུག་གཡེལ་ལེ།།
ཕྱུག་པོའི་ནོར་རྫས་ལ་མ་ཆགས་ངེས་འབྱུང་གསལ་ལེ།།
འཁོར་བའི་ཁྱིམ་ཐབ་ལ་མ་འདུར་མི་རྟག་སྒོམ་མེ།།
རྒྱུ་ལུས་གཡར་པོ་ལ་མ་དུངས་རང་རྩལ་རྫོགས་སེ།།
འབྱུང་བཞི་མ་ཞིག་བར་སྒལ་རྒྱབ་བྲག་ལ་གཏད་པའི།།
རྟོགས་ལྡན་འགྲེས་པོ་དེ་སྤྲང་པོ་རང་ཚུགས་ཅན་རེད།།   
 
སྤྲུལ་གཟུགས་མིང་ཆེན་དེའི་མཚན་བྱང་ཁྱེད་ཀྱིས་མ་ཉོས།།
འབྱོར་ལྡན་སྦྱིན་བདག་འགའི་ནོར་གྱིས་ཁྱེད་ཉིད་མ་ཁུག། 
འཁོར་བའི་ཆུ་ཀླུང་གི་རླབས་ཀྱིས་ཁྱོད་ཐུགས་མ་སྐྱོམ།། 
དད་འབངས་དཀོར་རྫས་ཀྱི་བུན་སྐྱེད་ཁྱེད་ཀྱིས་མ་བླངས།།
སྒོ་གསུམ་ཤེལ་དཀར་གྱི་བུམ་བཟང་དྭངས་ཤིང་གསལ་བའི།། 
རྟོགས་ལྡན་བགྲེས་པོ་དེ་ཞིང་ཁམས་གཞན་གྱི་མགྲོན་རེད།།
                                                    ༢༠༢༠/༡༢/༡༤ཉིན།

                    སྤུངས་སོའི་མཆོད་པ།
                                 འཛམ་པ་དཔོན་སློབ་ཀྱི་རྣམ་ཐར་བཀླགས་རྗེས།

ཞབས་སེན་གངས་ལ་བརྡུངས་བའི་དབུ་ཁྱུད་ཀྱི་འོད་ཐིག།
མདོ་ཁམས་ནོར་འཛིན་ཕང་བའི་ཅོད་པན་ལ་འཁྱུད་དེ།།
བགྲང་བྱ་བདུན་གཉིས་བསྣོལ་བའི་ཐོབ་གྲངས་ཀྱི་རི་མོ།།
རྐང་བཞིའི་འབའ་ངུར་ཁྲོད་ནས་རི་ལུང་ལ་ཟགས་སྐད།།
 
གཏོ་སྒྲོམ་ཚིག་ཤུལ་ལྷག་པའི་བརྡ་ཆད་ཀྱི་གླིང་བུ།།
ལྗགས་རྩེ་ནོར་བུའི་ཏོག་གི་མཇེས་བརྒྱན་དུ་བསྒྲོན་ཏེ།།
སུག་བྲིས་གྱི་ལིང་འདུར་བའི་གར་སྟབས་ཀྱི་རྨིག་སྒྲ།།
གཡའ་སྤང་ཧྲག་ཏུ་བཏབ་པ་གྲངས་ཀ་ཡིས་མི་ལོངས།།
 
སོར་ལྔའི་མེ་ཏོག་ཟུམ་པའི་མཚར་སྡུག་གི་འཛུམ་ཕྲེང་།།
གནའ་བོའི་རི་གྲོང་སྐྱ་བོའི་མགོ་ནག་ལ་དགོད་དེ།།
ཐོས་བརྩོན་ཤེས་བྱའི་རླབས་རིས་ཐུགས་ངོས་སུ་འཕྱོ་བའི།།
དུས་ཀྱི་སྐར་ཆེན་ཁྱེད་ལ་མཆོད་དབྱངས་ཤིག་གྱེར་འགྲོ།།
 
གཤེན་བསྟན་རིན་ཆེན་སྤུངས་པའི་ལྷུན་པོ་ཡི་མགུལ་དེར།།
འཁོར་བའི་ལྕེབས་ཐག་ཕྲལ་བའི་འདུལ་ཁྲིམས་ཤིག་བླངས་ཏེ།།
རང་རྒྱུད་མ་རིག་འདུལ་བའི་ཉམས་རྟོགས་ལ་འཁུ་ཞོར།།
གཞན་དོན་འཆད་རྩོད་རྔ་བོ་བོན་འབངས་ལ་བརྡུངས་སོང་།།
 
དུས་འགྱུར་རླུང་ནག་འཚུབ་པའི་བསྐལ་པ་ཡི་ཁུག་ནས།།
རྣམ་དཔྱོད་འོད་ཀྱི་རུ་མཚོན་མཁའ་དབྱིངས་སུ་ཕྱར་ཏེ།།
མཐའ་ཡས་ཤེས་བྱའི་རྒྱ་མཚོ་སྙིང་སྟོབས་ཀྱིས་བརྒལ་མཁན།།
འོད་ཀྱི་ཁུ་བས་བསྡུས་པའི་ཤེས་རབ་ཀྱི་དམག་དཔོན།།
 
མང་ཐོས་ནོར་བུའི་རྒྱགས་ཕྱེའི་ཁུར་ཆེན་ཞིག་བཏེགས་ཏེ།།
སྙིགས་དུས་སྐྱེ་འགྲོའི་བཀྲེས་ལྟོགས་སྡུག་བསྔལ་དེ་སེལ་མཛད།།
ངེས་དོན་ཟབ་ལམ་མན་ངག་ལྗགས་རྩེ་ནས་འཐོར་བའི།།
དུས་ཀྱི་དཔའ་བོ་ཁྱེད་ལ་མཆོད་དབྱངས་ཤིག་འབུལ་ལོ།།
 
ཞབས་གཉིས་བརྐྱངས་སྐུམ་བསྣོལ་བའི་སོར་བཅུ་ཡི་པར་རྗེས།།
ཧི་མ་ལ་ཡའི་ཕྱོགས་གཉིས་ངོ་མཚར་གྱིས་བཞེངས་ཞོར།།
དུས་སྙིགས་བདུད་དཔུང་རྒོལ་བའི་གར་འཁྱམ་ལ་རོལ་ཏེ།།
བསྐལ་པའི་ཆོ་རབས་ཤིག་གི་གཤང་ཆེན་དེ་དཀྲོལ་སོང་།།
 
སྐལ་ལྡན་ལས་འཕྲོ་ཅན་རྣམས་རང་རྒྱུད་ལྟར་བསྐྱངས་ཤིང་།།
གདམས་ངག་བདུད་རྩིའི་འོ་ཆུའི་ཆར་ཆེན་ཞིག་ཕབ་སྟེ།།
མ་རིག་སྨག་རུམ་སྟུག་པོའི་གཏིང་མཐའ་ནས་གསལ་མཛད།།
འོད་ཀྱི་འཁར་བ་བཏེགས་པའི་དྲང་སྲོང་དེར་བསྔགས་སོ།།
                                                      ༢༠༡༦/༡༡/༡༨ཉིན།

                    ངེས་དོན་གྱི་རྣལ་འབྱོར་བར་ཕུལ་བའི་སྙན་ངག་གི་མཆོད་པ།
                                                                              མཚམས་རྒན་རིན་ཆེན་བློ་གྲོས་མཆོག་ལ་བྲིས།

ཆེན་པོའི་མིང་གིས་ཁ་རྒྱན་མ་སྤྲས་དགེ་སློང་དཀྱུས་མའི་འཚོ་བར་རོལ།།
ཟང་ཟིང་ནོར་གྱི་བྲན་དུ་མ་གྱུར་དབེན་པའི་རི་ལ་ཁེར་རྐྱང་བཞུགས།།
གཞན་མགོ་བསྐོར་བའི་ཐབས་ལ་མ་འབད་རང་རྒྱུད་མ་རིག་གཏིང་ནས་བཅོམ།།
ཀུན་སློང་གཙང་མའི་ཐོས་བསམ་ཀློང་ནས་གདམས་ངག་ཟིལ་པ་ཁྲོམ་ཁྲོམ་འབབ།།

གྲོང་དང་ཁྱིམ་པའི་ཉོན་མོངས་བར་ནས་ངེས་འབྱུང་རྣལ་མའི་ལམ་དུ་ཞུགས།།
དུས་ཀྱི་བཅོས་པའི་ཁོར་ཡུག་དེས་ཀྱང་ཁྱེད་ཐུགས་མ་སྒུལ་རང་ཚུགས་བརྟན།།
ནོར་དང་སྒོར་མོའི་བསླུ་བྲིད་ངན་པས་སེམས་རྒྱུད་གཡང་ལ་བསྐྱུར་མ་ཐུབ།།
འཁོར་བའི་གྲོང་གི་སྒྱུ་མའི་འཕྲུལ་གྱིས་ལུས་སེམས་བྲན་དུ་བཀོལ་མ་ནུས།།

རིག་གསར་རླུང་ནག་འཚུབ་མའི་ཁྲོད་དུ་བཀྲེས་ལྟོགས་སྐོམ་གྱིས་མནར་ཡང་རུང་།།
རྣམ་དཔྱོད་རིག་པར་སྒོ་ཐེལ་མ་བརྒྱབ་ཀ་མད་སུམ་ཅུའི་རིན་ཐང་གཞལ།།
འཚོ་བའི་མཐུན་རྐྱེན་གང་ཡང་མེད་པའི་དུས་བབ་སྐྱ་ཆད་སྔོ་རྡུགས་ནང་།།
དོན་ལྡན་ནོར་གྱི་སྙིང་པོ་ལེན་པར་དཀའ་སྡུག་འགག་འཕྲང་བརྒྱ་ཕྲག་བརྒལ།།

ཀྱག་ཀྱོག་མི་ཚེའི་རྒྱུད་རིམ་ཁྲོད་ཀྱི་དགའ་སྡུག་འཚོ་བའི་འགྲུལ་བཞུད་ནང་།།
དམིགས་སུ་བཙུགས་པའི་ཁོར་ཡུག་ཅིག་ནས་དགེ་རྒན་ཆེན་མོར་མ་བསྟེན་རུང་།།
རང་ལ་དབང་བའི་ལུས་ངག་ཡིད་གསུམ་བརྩོན་འགྲུས་ཆེན་པོས་ལས་ལ་གཞོལ།།
འགྲོ་ཞོར་སྡོད་ཞོར་གངས་དང་རྡོ་བར་ཀ་ཁའི་གཟུགས་རིས་ཁྲི་འབུམ་བཀོད།།

གྲུབ་མཐའི་འཐེན་འཁྱེར་དམག་ཚོགས་རྒོད་པའི་ཁོར་ཡུག་ཡ་མ་ཟུང་དེ་དང་།།
རྩྭ་འབུ་རྩོད་ལ་ཁ་མཆུ་མོད་པའི་ནང་འཁྲུག་གཡུལ་ས་མདུན་མ་སྟེ།།
གླེན་རྟགས་སྟོང་གི་མུན་པ་ནག་པོས་ཡོད་ཚད་རྨོངས་ལ་འཇུག་པའི་ཁྲོད།།
ཁྱེད་ནི་འདམ་གྱི་དྲི་མས་མ་བགོས་འདམ་སྐྱེས་པད་མ་གསོན་པོ་ཞིག།

དབེན་པའི་ནགས་ཀྱི་རི་སུལ་ཞིག་ན་བག་ཡངས་འཚོ་བའི་དགེ་སྦྱོང་དེ།།
འཇིག་རྟེན་བོན་བརྒྱད་རྒྱང་ལ་བོར་བའི་ཚུལ་ལྡན་ངུར་སྨྲིག་འཆང་བ་ཉིད།།
ཞར་དང་ཞོར་དུ་སློབ་བུ་འགའ་ལ་ལེགས་ཚོགས་ཡོན་ཏན་ཆར་ལྟར་ཕབ།།
ཉོན་མོངས་དུག་གི་རྫས་རྒྱུན་གཅོད་པའི་ཤེས་རབ་རལ་གྲིའི་བདག་ཉིད་མཆོག།

རྒྱུ་དང་འབྱོར་བའི་ཕྱུག་བདག་བཙལ་ནས་ཐོབ་ཆེན་བླ་མའི་ཁྲིར་མ་འགྱིང་།།
རྨོངས་དད་མང་ཚོགས་འཁོར་དུ་བསྡུས་ཏེ་ཐམས་ཅད་མཁྱེན་པའི་ཚུལ་མ་བསྟན།།
གྲོང་དང་ཁྱིམ་པའི་བར་གསེང་ཉུལ་ཏེ་ལོ་ཟླ་ཞག་ཙམ་རྫོགས་མེད་ལ།།
མོ་པྲ་རྩིས་ཀྱིས་ལུང་བསྟན་གནང་སྟེ་ཐམས་ཅད་ཡིད་ཆེས་སྐྱེད་མ་བཅུག།

བུ་དང་ཚ་བོའི་ཁྱིམ་ཐབ་ཟེར་ནས་འཁོར་བར་བཀོད་འདོམས་མ་བྱས་ལ།།
བག་མེད་རྒྱས་སྤྲོས་འཚོ་བར་རོལ་ཏེ་ཁྱིམ་པར་སུན་འབྱིན་དེ་འང་ཅི།།
རང་ཟས་ཐུན་གསུམ་གཡོས་སྦྱོར་བྱེད་མཁན་གཡོག་དང་ཞབས་ཕྱི་མ་བཀོལ་པར།།
འདོད་ཆུང་ཆོག་ཤེས་ཚུལ་དང་མཐུན་པའི་གྲྭ་རྐྱང་མི་ཚེ་སྐྱིད་ཀྱིས་ཁེངས།།

དགོན་དང་རི་ཁྲོད་ཕལ་མོ་ཆེ་རུ་མཇལ་བསྐོར་བྱེད་སར་འབུལ་བ་མོད།།
ལྷ་དང་སྲུང་མའི་མཆོད་སྡོང་ཡན་དུ་སྒོར་ཟུར་ཡན་གྱི་དཔལ་འབྱོར་མོད།།
ཐོབ་ཆེན་མིང་གི་བླ་སྤྲུལ་མདུན་དུ་སྒྱུ་མའི་ནོར་གྱི་ཕུན་ཚོགས་མོད།།
ཁྱེད་ལ་དེ་དག་གང་ཡང་མི་དགོས་བདག་འཛིན་མ་རིག་གྲོལ་འདི་མཛེས།།

མ་ནུས་པ་ཞིག་མགྲོན་པོར་བསླེབས་ན་ཁྱེད་ལ་གང་ཡོད་དེར་གནང་ནས།།
གནས་སྐབས་མཐར་ཐུག་ཀུན་ལ་ཕན་པའི་སྦྱིན་པ་སྣ་ཚོགས་ཆར་ལྟར་འབེབས།།
མི་ལ་དགོས་པའི་ནོར་གྱི་མཆོག་ནི་ཀུན་སྤྱོད་དང་ནི་ཡོན་ཏན་སོགས།།
རྟག་ཏུ་མ་བརྗེད་སེམས་ལ་ཟུངས་ཞེས་གདམས་ངག་ནོར་བུའི་མཛོད་འཆང་བ།།

མི་ཚེའི་གཉེར་རིས་བང་རིམ་བརྩེགས་པའི་ན་རོའི་གཤོག་པ་རྐྱོང་དང་ལྷན།།
ལྟ་སྤྱོད་སྒོམ་གསུམ་རྩ་བར་བཟུང་སྟེ་མང་ཐོས་ནོར་གྱི་རྒྱགས་ཕྱེ་བསགས།།
མཁྱེན་དགོངས་ཟུང་གིས་རིས་སུ་ཕབ་པའི་ལེགས་རྩོམ་ཐར་ཐོར་ཟིན་བྲིས་འདེབས།།
ཞར་ཞོར་འགའ་ལ་ལེགས་པར་བཤད་པའི་སྙན་ཚིག་དོ་ཤལ་སྨྱུག་རྩེར་སྤུར།།

རིས་མེད་ལྟ་བའི་དགོངས་རྒྱུད་མཐོ་བ་སྤྲིན་བྲལ་ཉི་གཞོན་མཁའ་ཤར་དང་།།
བསླབ་གསུམ་འདུལ་ཁྲིམས་དྭངས་ཤིང་གཙང་བ་ཡན་ལག་བརྒྱད་ལྡན་ཆུ་མོ་དང་།།
སྙིང་རྗེའི་རླབས་རིས་ཆལ་ཆིལ་འབབས་པས་ངན་འགྲོའི་སྐོམ་གདུག་འཇོམས་པ་སོགས།།
ཁྱེད་ལ་ལྡན་པའི་ཡོན་ཏན་ཡིན་ཞེས་སྙིང་གི་དཀྱིལ་ནས་བསྔགས་བརྗོད་འབུལ།།
                                                                     སྤྱི་ལོ་༢༠༡༦/༡/༡༡ཉིན་སྦྱར་བའོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།