བཤེས་གཉེན་དམ་པ་ལགས། བཞུད་པ་སྔ་དྲགས་སོང་།
རྩོམ་པ་པོ།:མགར་ཐང་དཀར།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-01-25 15:10:21
ཀློག་གྲངས།:

རྒན་དབང་འགྲུབ། མིང་གཞན་ལ་ཨ་འབུམ་ཞེས་འབོད། མཚོ་ལྷོ་མང་རྫོང་གི་མི་ཡིན། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་ནས་མཐར་ཕྱིན་རྗེས་དགེ་རྒན་གྱི་ལས་གནས་སུ་ཞུགས། ད་ལྟའི་བར་དུ་མི་རིགས་སློབ་གསོར་ཤུགས་བརྒྱབ། 2022ལོའི་ཟླ་དང་པོ་སྟེ་ཉིན་འགའི་སྔོན་ལ་སྐུ་གཤེགས། ཁོང་ནི་མི་རིགས་སློབ་གསོ་དང་མི་རིགས་སློབ་མར་ཤ་དུང་རུས་དུང་གི་དགེ་རྒན་ཕུལ་བྱུང་ཞིག་ཡིན།
བཤེས་གཉེན་དམ་པ་ལགས། བཞུད་པ་སྔ་དྲགས་སོང་།
སློབ་བུ་གཅོད་པ་ཐར་གྱིས།
བླ་མ་ལ་སྐྱབས་སུ་མཆིའོ།།
སངས་རྒྱས་ལ་སྐྱབས་སུ་མཆིའོ།།
ཆོས་ལ་སྐྱབས་སུ་མཆིའོ།།
དགེ་འདུན་ལ་སྐྱབས་སུ་མཆིའོ།།
རྟག་འཛིན་མི་ཐུབ་པའི་འཆི་བ།
ཁ་ཆད་བྱས་པའི་སང་ལོའི་དབྱར་ཟླ་དྲུག་པ།
ཁྱེད་རང་རྒོད་པོ་བཞིན།
དོ་ནུབ་ནི་ལས་དབང་གི་སྒྲོ་དཀར་སུམ་བརྒྱ་དྲུག་ཅུ།
མུ་མཐའ་མེད་པའི་མཁའ་དབྱིངས་སུ་སྦྱིན་ཚར།
ཁྱེད་ཀྱིས་མི་ཚེ་ཧྲིལ་བོ་འཕྲོ་བརླག་ཏུ་བཏང་མི་འདུག་སྟེ།
ཡ་ཧུ་དཱ་པའི་སློབ་གསོ་ཟེར་བའི་ཡང་སྙིང་དེ།
ཁྱེད་ཀྱིས་དངོས་གནས་ལོན་ཡོད་ཅིང་།
ཤེས་རིག་གི་སྐྱེད་ཚལ་གང་དུ།
ལྷད་མ་གོས་པའི་སྦྲང་ཆར་ཕབ་ཡོད།
ང་ནི་གཉིད་དུ་ཡུར་བའི་བྱིའུ་ཆུང་ཞིག་སྟེ།
ལུས་སེམས་གྲང་འདར་རྒྱག་པའི་གནམ་གཤིས་ཤིག་གིས།
གློ་བུར་གཉིད་ལས་བསླངས།
འཁང་ར་དང་གདུང་སེམས་མེད་པའི་ནམ་མཁའ་དང་ས་གཞི།
སྔར་ལྟར་སྔོ་ཤིག་གེར། སེར་ལམ་མེར་འདུག
ཡིན་ཡང་།
ངའི་སྐད་འཕྲིན་དུ།
གདུང་སེམས་དང་འཁང་ར།
འོ་དོད་དང་ན་ཟུག
གཅིག་རྗེས་གཉིས་མཐུད་དུ་འབྱོར་བྱུང་།
གཏམ་བཟང་ལ་བདེན་ཁ་སྟེར་དཀའ་ཡང་།
གཏམ་ངན་པར་མི་བདེན་པ་ཞིག་གང་ན་ཡོད།
ཞོ་ལྟར་ཆགས་པའི་རི་རབ།།
སྤྲིན་པའི་རྗེས་སུ་བསྙེག་ཀྱང་།།
གདུང་བ་ཁུར་བའི་བྱིའུ་ཆུང་།།
གཤོག་རྩལ་གཉོམ་པས་སྐྱོ་བྱུང་།།
དགུན་ལ་གྲང་ལྷགས་བཙན་པ།།
དུས་ཀྱི་རང་གཤིས་ཡིན་ཡང་།།
སེམས་ལ་གྲང་འདར་རྒྱག་པ།།
ལས་ཀྱི་བཀོད་པ་ཨེ་རེད།།
བཤེས་གཉེན་ལགས།
ཁྱེད་ཀྱིས་སློབ་བུ་ང་ཚོར་རྨི་ལམ་གྱི་རྒྱབ་གཟུགས་བསྩལ་ཡོད།
རློམ་རན་མེད་པའི་སྤྱི་ཚོགས་ཀྱི་ཟང་ཟིང་ཤེས་སུ་བཅུག
བཤེས་གཉེན་ལགས།
དེ་རིང་ངས་གནམ་མཐའི་སྤྲིན་དཀར་ལ་བལྟས་ནས་ཁྱེད་ཀྱི་གཟུགས་བརྙན་བཙལ་གྱིན་ཡོད།
ངུས་མི་ཚར་བའི་སེམས་ཀྱི་མིག་ཆུ་བསྐམ་ནས།
ཁྱེད་ལ་མ་ཎི་འདྲེན་བཞིན་ཡོད།
བཤེས་གཉེན་ལགས།
བདེ་བར་བཞུད་ཅིག
ས་སྲོད་ཀྱི་མཚམས་སྤྲིན་དང་ལྷན་དུ་བདེ་བར་བཞུད་ཅིག
བཤེས་གཉེན་ལགས།
མི་རྟག་པ་ནི་དངོས་གནས་མི་རྟག་པ་སྟེ།
མིག་རྡེབ་དབང་ཙམ་རེད།
ལོ་འཁོར་བཞི་ལྔ་ཙམ།
ཁྱེད་དང་གྱེས་ནས་ལོ་འཁོར་བཞི་ལྔ་ཙམ།
ཡང་དག་པའི་ཁྱེད་ཀྱི་སློབ་གསོའི་གདམས་ངག་དང་གྱེས་ནས་ལོ་འཁོར་བཞི་ལྔ་ཙམ།
འོན་ཀྱང་། བཤེས་གཉེན་ལགས།
སློབ་བུ་ང་ཚོ་ནར་སོན་ཡོད།
ཁྱེད་ཀྱིས་གནང་བའི་གདམས་ངག་གི་སྐྱེད་ཚལ་ནས་ནར་སོན་ཡོད།
བཀུར་བསྟི་ཤེས་ཡོད།
སྤྱི་ཚོགས་རྟོགས་ཡོད།
དགེ་རྒན་ལགས་བདེ་བར་བཞུད།
དངོས་གནས་་་ ་་་།
ད་ནི་ཕྱིར་ལྟས་ཕྲན་ཙམ་ཡང་མེད་པར་བདེ་བར་བཞུད་ཆོག་ཨང་།
༢༠༢༢ལོའི་ཟླ༡པའི་ཚེས་པ༢༥ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།