འབྲོང་ཕྲུག་གི་སྙན་ངག་གསར་པ།
རྩོམ་པ་པོ།:འབྲོང་ཕྲུག
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-01-25 10:56:28
ཀློག་གྲངས།:
སྨུག་པོ་མཆོང་གི་བུ་མོ།
འབྲོང་ཕྲུག
གངས་རི་དང་བར་ཐག་ཉེ་ཙམ་གདའཉི་མ་དང་བར་ཐག་ཉེ་ཙམ་གདའ
བདག་དང་ཁ་ཐག་རིང་ཙམ་གདའ
རི་དེ་འདྲའི་མཐོ་བ་ལ
ཁྱོད་རི་དེའི་ཕ་རོལ་ན
ཆུ་དེ་འདྲའི་གཙང་བ་ལ
ང་ཆུ་དེའི་ཚུར་རོལ་ན
རྨི་ལམ་དུ ངས་རྟ་སྒ་ཆ་ཚང་དུ་སྒྲིག
རྨི་ལམ་དུ ངའི་རྩྭ་ཐང་ལ་མུ་མཐའ་བྲལ
རྨི་ལམ་དུ ངས་ལམ་གྱི་སྣེ་མོ་གངས་རི་ལ་གཏུགས
རྨི་ལམ་དུ སད་དུ་མེད་པའི་རྨི་ལམ་འདི་ཁོ་ནས
ང་ལ་མཚན་ཞག་སྟོང་གི་རྨི་ལམ་བརྩེགས
མཚན་མོ་མང་པོ་ཞིག་ལ
རྨི་ལམ་ལྟ་བུའི སྒྱུ་མ་ལྟ་བུའི
ཁྱོད་ནི་དེ་ལྟར་འཛིན་རེག་བྲལ
ལག་པ་བ་སྲིང་ཐེངས་རེ་རེར
སྟོང་དབྱིངས་སུ་འཐིམ་པའི ཐོག་རེག་བྲལ་བའི
ཁྱོད་ནི་དེ་འདྲའི་འཛིན་རེག་བྲལ
མཚན་མོ་མང་པོ་ཞིག་ལ
ངས་ཁ་པར་ལས་ཁྱེད་ཀྱི་མིག་ཟུང་ལ་བརྟག
མིག་ཟུང་དུ་སྐུང་བའི་དགའ་སྡུག་གི་གཏམ་རྒྱུད་ལ་བརྟག
གཏམ་རྒྱུད་ཀྱི་ཁོང་གསེང་དུ
མིག་ཆུ་ལྟ་བུའི་དྭངས་གཙང་ཅི་ཞིག་སྐུང་ཡོད་མེད་ལ་བརྟག
(ངའི་སྙན་དེབ་ཀྱི་ཁ་དལ་བུར་ཟུམ་ལ
ཁྱོད་ཀྱིས འུར་ལྕག་ཀླད་ལ་བསྐོར་དང
ནོར་ཁྱུ་རི་ནས་བསྡུས་དང
ཁྱོད་ཀྱིས སྒྲོལ་མ་དབྱངས་སུ་གྱེར་དང
འབྲི་མོའི་འོ་མ་བཞོས་དང)
དོ་དགོང་ལྟ་བུའི
ཟླ་འོད་མག་མོག་གི སྐར་མ་རབ་རིབ་ཀྱི
མཚན་མོ་མང་པོ་ཞིག་ལ
ངའི་སེམས་སུ་རྒས་རྒྱུ་མེད་པའི་ལ་གཞས་ཤིག་སྐུང་ཡོད
ཆད་ལ་འབུད་ཤེས་པའི་བུ་མོ་ཁྱོད་ཁོ་ནར་སྒུག་ནས
སྐྱེ་བ་དུ་མ་འགོར་ཟིན
ཟུར་མིག་གིས་མེ་ཁ་གསོ་ཤེས་པའི
ཁྱོད་ཀྱིས་ང་ལ་དགུན་ཁ་མང་དུ་བོས
ལ་གཞས་ལས་འོ་ཇ་འདྲེན་མཁས་པའི
ཁྱོད་ཀྱིས་ང་ལ་སྐོམ་པ་དྲག་ཏུ་བསླངས
མགོ་ལོག་གི་རླུང མགོ་ལོག་ཏུ་གཡུགས
མགོ་ལོག་གི་ཁ་བ མགོ་ལོག་ཏུ་བབས
མགོ་ལོག་གི་ཁྱོད་ཁོ་ན ཐོག་རེག་མེད་པར
རང་བྱུང་ལྷུན་ཆགས་ཀྱིས ངའི་སེམས་སུ་བཞུར
(བརྩེ་དུང་ནི་མགོ་ལོག་གི་རླུང་དང་འདྲ
ཁ་བ་དང་འདྲ སྙན་ངག་ཅིག་དང་འདྲ)
ངས་ནམ་མཁའ་སྟོང་བར་འོ་ཞིག་བསྐུར
ས་སྒང་རིལ་མོར་འོ་ཞིག་བསྐུར
བཙག་གིས་ཕྱིད་འགྲོ་ནའང
ངས་གངས་རིའི་ཕྱོགས་སུ་འོ་ཞིག་བསྐུར
ཁྱོད་ལ་འོ་ཞིག་བསྐུར
ལོ་གསར་རྙིང་གཉིས་ཀྱི་མཚམས་སུ
བཙག་དང་བསེར་བུས་ཁུར་འོང་བ་ནི
ས་ཆུ་མེ་རླུང་གང་དང་ཅི་ཡིན་རུང
ང་ནི་དཔྱིད་ཀ་དུས་ལྟར་སླེབས་པར་ཡིད་ཆེས་ཡོད
ང་ནི་ཁྱོད་དང་འཕྲད་པར་ཡིད་ཆེས་ཡོད
རླུང་བུ མེ་ཏོག་གི་འདབ་མར་འཁྱུད
སྤྲིན་དཀར ནམ་མཁའི་ཕང་བར་འཕྱོ
དུས་ལ་སླེབས་ན
ཆར་བའང ཕྱི་སལ་ནང་གསལ་གྱིས
ངའི་ནང་སེམས་སུ་མི་ཚོགས་པར
ཡིག་འབྲི་འདི་དག་གི་མཁུར་ཀོང་དུ་འཛུམ་ངེས
དུས་ལ་སླེབས་ན
ངའང་སྙན་ངག་པ་ཞིག་དང་འདྲ་བར
ཡིག་འབྲུ་འདི་དག་གི་ནང་སེམས་སུ་སྐུང་ངེས
ཁྱོད་ཀྱིས་མཐོང་ཐབས་བྲལ་ནའང
མིག་ཆུ་བཞིན་གྱི ཕྱི་གསལ་ནང་གསལ་གྱི
ཆར་བ་ཐེངས་གཅིག་ལ་སྒུག་ངེས།
2022.01.01— 04 བར།
རྨ་ལྷོ་བོད་ཡིག་ཚགས་པར་ལས་བརྒྱུད་འགོད་བྱས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།