སློབ་དང་ཁྲིད་ཀྱི་གཤོག་ཟུང་རྒྱས་པར་ཤོག

རྩོམ་པ་པོ།:ཨ་བདེ་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-01-21 09:54:12 ཀློག་གྲངས།:
སློབ་དང་ཁྲིད་ཀྱི་གཤོག་ཟུང་རྒྱས་པར་ཤོག
                                                        དོ་རྒྱ་བསོད་ནམས་ཚེ་རིང་ལགས་ཀྱི་ཁྲིད་ཡིག་ཐད་ཀྱི་དྲ་རྩོམ་ཞིག་བཀླགས་རྗེས།
ཨ་བདེ་ཆེན།
        ཉེ་སྔོན་གཞུང་དོན་ཞིག་ལ་རྐྱེན་བྱས་ཟི་ལིང་ནས་རྒན་བསོད་ནམས་ཚེ་རིང་ལགས་ལ་འཕྲད་པ་དང་། མགྲོན་ཁང་དུ་ཏབ་ཅིག་ཁ་བརྡ་གློད་པའི་དུས་ཚོད་བྱུང་། ལས་རིགས་གཅིག་པ་སུ་ཡང་རུང་གདན་གཅིག་ཏུ་འཛོམས་ཚེ་སོ་སོའི་ལས་ཀ་སྟེ། ཞིང་བས་ཞིང་ལས། འབྲོག་པས་འབྲོག་ལས། ཚོང་བས་ཚོང་ལས། དཔོན་པོས་དཔོན་གནས་དང་འབྲེལ་བའི་མྱོང་ཚོར་ཅི་རིགས་མ་བགྲོས་རང་མཐུན་ངང་གླེང་བར་སྤྲོ་བ་བཞིན། སློབ་གསོའི་ལས་ལ་འཇུག་བཞིན་པའི་ང་ཚོ་ཡང་དེ་བཞིན་ཉིད་དེ། ཉིན་གུང་ཁ་ཟས་ཀྱི་བར་གླགས་ནས་མགྲོན་ཁང་དང་གྱེས་བའི་བར་དུ་ཁ་བརྡའི་བརྗོད་གཞི་སློབ་གསོ་དང་བསླབ་དེབ། སློབ་ཁྲིད་དང་སྐད་ཡིག་བཅས་ཀྱི་མྱོང་བ་ཐན་ཐུན་དག་ཡིན་པ་དང་། ཁ་བརྡའི་ཞོར་ནས་རྒན་ལགས་ཀྱིས་སྐད་ཡིག་དགེ་རྒན་གྱི་ཁྲིད་ཡིག་ཐད་ཀྱི་རྩོམ་ཐུང་ཞིག་བྲིས་ཡོད་ཚུལ་བསྙད། གཅིག་ནས་རྩོམ་གང་དེར་བལྟ་འདོད་དང་གཉིས་ནས་འཕྲིན་སྟེགས་སུ་འཇོག་བསམ་པ་དང་བཅས་མཁོ་སྤྲོད་གནང་བའི་རེ་བ་ཞུས་མོད། སྔ་མོ་ནས་གཞན་ཞིག་ལ་སྟེར་རྒྱུ་ཁས་འཆེ་འདུག
        སྐད་འཕྲིན་གྱི་རྒྱབ་ལྗོངས་ལ་དོ་སྣང་མེད་པའི་དུས་ཚོད་ཀྱི་ནང་དུ། གཞན་གྱིས་བརྒྱུད་སྐུར་བྱེད་བཞིན་པའི་དྲ་རྩོམ་མཐོང་བ་ཧ་ཅང་ཉུང་ལ་ཀློག་པ་དེ་ལས་ཀྱང་ཉུང་དུ་འདུག། རྒན་བསོད་ནམས་ཚེ་རིང་ལགས་ཀྱིཡིག་རྨོངས་སེལ་བའི་ཁྲིད་ཐབས་རྐང་གསུམ་མ་ལ་གྱེས་བརྡ་གཏོང་བཞེས་པའི་དྲ་རྩོམ་དེ་ཉིན་འགའི་སྔོན་གྲོགས་པོ་ཞིག་གིས་སྒེར་ལ་སྐུར་བྱུང་བས་ད་གཟོད་མཐོང་བ་ཡིན། ཞིབ་ཏུ་ཐེངས་གཅིག་བཀླགས་པ་ན་བརྗོད་བདེ་ལ་གོ་སླ་བ། འབྲུ་ཉུང་ལ་དོན་གསལ་བའི་ནད་ཐོག་སྨན་འཁེལ་གྱི་རྩོམ་ཡག་ཅིག་ཏུ་མཐོང་སོང་། ཁོས་སྐད་ཡིག་དགེ་རྒན་གྱི་ཁྲིད་ཡིག་ལ་དམིགས་ནས་རྩོམ་ཅིག་བྲིས་ཡོད་ཚུལ་གླེང་བ་ཕལ་ཆེར་རྩོམ་འདི་ཡིན་འདུག་བསམ་བྱུང་།
        རང་ཅག་ལ་མཚོན་ན་དེང་གི་སློབ་གྲྭའི་སློབ་གསོ་དར་ནས་དུས་ཚོད་གང་འཚམས་ཞིག་ཕྱིན་ཡོད་ལ། འབྲས་བུ་ཡང་ས་བཅད་མ་སྟོང་བ་ཙམ་ནམ་ལངས་ཉི་ཤར་གྱི་ཚུལ་དུ་འདུག འཇིག་རྟེན་རྒུད་པ་ཇི་སྙེད་པ། དེ་ཡི་རྩ་བ་མ་རིག་པ་ཡིན་པས། སློབ་གསོ་དང་ལས་ཀྱི་འབྲེལ་ཐག་ཡོད་མཁན་དག་གིས་ལས་གང་གི་ལེགས་ཉེས་བླང་དོར་གྱི་ཆ་ལ་ཅི་ནུས་ཀྱིས་བསམ་གཞིགས་མང་ཙམ་གཏོང་རྒྱུ་གལ་ཆེན་པོ་འདུག་ལ། འདྲེ་གང་དུ་ཡོད་པ་དང་ཀླུད་གང་དུ་གཏོང་དགོས་པར་ཐུགས་བསམ་མང་དུ་བཞེས་ན་ལེགས། སློབ་གྲྭ་ནི་རིག་གནས་བརྒྱུད་སྤྲོད་དང་རིག་གནས་གསར་སྐྲུན་གྱི་སྡེ་ཡིན་ལ། སློབ་གྲྭའི་སློབ་གསོ་ཡང་ཕྱི་དངོས་པོའི་རིག་གནས་དང་བར་ལམ་ལུགས་ཀྱི་རིག་གནས། ནང་བསམ་བློའི་རིག་གནས་བཅས་ཀྱིས་གྲུབ་ཡོད་པ་དང་། རིག་གནས་བརྒྱུད་སྤྲོད་དང་གསར་སྐྲུན་གྱི་དམིགས་པ་གཙོ་ཆེར་སློབ་ཁྲིད་ལ་བརྟེན་ནས་མངོན་འགྱུར་འབྱུང་དགོས་པས། སློབ་ཁྲིད་ནི་སློབ་གྲྭའི་སློབ་གསོའི་སྲོག་ཤིང་ཡིན་ལ། ལག་ལེན་གྱི་གོ་རིམ་ཁྲོད་གོང་འོག་བར་གསུམ་སུ་ཡང་རུང་སྲོག་འབོར་མི་རུང་། གལ་ཏེ་མི་རིག་ན་སྒང་དང་མི་ཤེས་ན་རྒན་ལ་འདྲི་དགོས་འདུག སློབ་ཁྲིད་ནི་ཤེས་བྱ་ཙམ་སྣོད་དུ་ལྡུག་པའི་བྱ་འགུལ་ཞིག་མ་ཡིན་པར་སློབ་མས་ཤེས་བྱ་ཐག་གཅོད་དང་། ཤེས་བྱ་བཀོལ་སྤྱོད་ཀྱི་ཤེས་རབ་མངོན་དུ་འགྱུར་བའི་སློབ་དང་ཁྲིད་ཟུང་འཇུག་གི་འཚོ་བའི་གར་སྟེགས་ཞིག་ཡིན་འོས། ལམ་རྙིང་བ་དང་ལྷམ་གསར་བ་ཡིན་པའི་ཡིག་རྨོངས་སེལ་བའི་ཁྲིད་ཐབས་རྐང་གསུམ་མགར་ཡང་སླེབས་དཀའ་ལ་གང་ཡང་འཇོན་ཁག་བས། སློབ་ཁྲིད་ཀྱི་སྦྱོར་དངོས་རྗེས་གསུམ་དུ་ལེགས་པའི་དཔེ་འདྲེན་པ་དང་། ཉེས་པའི་སྐྱོན་སྤངས་པའི་འཚོལ་རྟོག་དང་ལག་ལེན་གྱི་སྙིང་སྟོབས་ནི་རིགས་ཀྱི་བུ་ཆུང་དག་གི་སྙིང་ལ་རྣོ་འཇོག་སྟངས་རྨ་མེད་པ་དེ་ཡིན།
        སློབ་ཁྲིད་གྱི་སྤུས་ཀས་སློབ་མའི་སྤུས་ཀ་ཐག་གི་གཅོད་པ་དང་། སློབ་མའི་སྤུས་ཀ་ནི་ད་གཟོད་སློབ་གྲྭའི་སྤུས་ཀ་ཡིན། སློབ་གྲྭའི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་དགོས་ན།ཐོག་མར་ངེས་པར་དུ་སློབ་ཁྲིད་ཆེད་ལས་ཀྱི་ལག་ལེན་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། སློབ་ཁྲིད་ལག་ལེན་གྱི་ཆེད་ལས་ཆུ་ཚད་མཐོ་རུ་གཏོང་དགོས་ན་རྩ་བ་ཁྲིད་ཡིག་གམ་སློབ་ཁྲིད་ཇུས་འགོད་ཀྱི་ཆུ་ཚད་ངེས་པར་དུ་མཐོ་རུ་གཏོང་དགོས། ཁྲིད་ཡིག་ནི་སློབ་ཁྲིད་ཀྱི་ཇུས་གཞི་དང་། ཁྲིད་པ། སློབ་པ། སློབ་ཤེས་པའི་གནད་དོན་གྱི་སྒོ་མོ་འབྱེད་པའི་ལྡེ་མིག་ཡིན་ལ། ཁྲིད་ཡིག་ནི་ཅི་ཞིག་འཁྲིད་རྒྱུའི་ཤེས་བྱ་དང་ཇི་ལྟར་འཁྲིད་པའི་ཐབས། ཅིའི་ཕྱིར་འཁྲིད་དགོས་པའི་བྱང་ཚད་བཅས་ཀྱི་གྲ་སྒྲིག་ཡིན། རྒན་ལགས་ཀྱིས་ཁྲིད་ཡིག་མེད་པ་ནི“འཆར་གཞི་མེད་པའི་གཡུལ་འགྱེད“དུ་གདམས་པ་ནི་ཐང་ལ་འགྱེལ་བ་དག་ཡར་འགྲེངས་བའི་རེ་བ་དང་སྐུལ་ལྕག་ཡིན་ལ། “ལོང་བས་ལོང་བ་འཁྲིད་པའི་གཡང་ལྷུང“གི་གོད་ཆག་བཟློག་པ་ལ། ད་ནི་ང་ཚོས“བོད་ཡིག་སྔོན་ཐོན་ཡིན་ཚུལ་དང་། གལ་ཆེ་ཚུལ། སྦྱོང་དགོས་ཚུལ”གླེང་བ་ལས་བོད་ཡིག་ཤེས་བྱེད་ཀྱི་ཐབས་དང་ཁྲིད་ཡིག་གི་གལ་ཆེན་རང་བཞིན་རྟོགས་དགོས་པ་དང་། གོང་ལ་གྲངས་ཀས་ཁ་གཅོད་བྱེད་ཀྱི་ཁྲིད་ཡིག་གི་ངོས་འཛིན་དང་ལས་དབང་ལ་འགྱུར་ལྡོག་འབྱུང་བ་ཡིན་ན། གམ་གྱི་སློབ་མའི་སློབ་ཀྱི་ཡི་ག་འབྱེད་པར་རེ་བ་ཡོད་ངེས། ཁྲིད་ཟིན་པ་སློབ་ཟིན་པའི་ངེས་པ་མེད་ལ། སློབ་ཟིན་པ་སློབ་ཤེས་པའི་ངེས་པ་མི་འདུག་པས། “ངས་འཁྲིད་ཀྱང་སློབ་མས་མི་ཉན། གླེན་པ་རྐྱང་རེད“ཟེར་བའི་ཁ་འདོན་མཚམས་བཞག་ནས། ད་ནི་ང་ཚོ“ཡིག་རྨོངས་སེལ་བའི་ཁྲིད་ཐབས་རྐང་གསུམ་མ“དང་རིང་དུ་གྱེས་ཏེ། ཁྲིད་ཡིག་དང་ཁྲིད་ཡིག་གི་ཕྱི་ནང་གསང་གསུམ་ལས་སློབ་དང་སློབ་ཤེས་པའི་ནུས་པ་བསྐྱེད་པ་ལ་བསམ་བློ་འཁོར་དགོས་འདུག དེ་མིན། སློབ་ཀྱི་གཤོག་པ་ཆད་པའམ་རྨས་པ། རྒྱས་སུ་མེད་པའམ་བརྣད་པར་ཅི་མི་སྙམ་པར། ཁྲིད་ཀྱི་གཤོག་ཡ་ཤུགས་ཆེན་པོས་ཇི་ལྟར་རྡེབ་རུང་རིག་པའི་མཁའ་དབྱིངས་སྙེག་བསམ་གྱི་འདོད་འདུན་དེ་ནམ་ཡང་མངོན་འགྱུར་འབྱུང་དཀའ་འོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།