ཚེ་རིང་རྒྱ་མཚོའི་ཉིན་ཐོ།

རྩོམ་པ་པོ།:ཚེ་རིང་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-01-18 11:22:27 ཀློག་གྲངས།:
སྲོད་ལ་ནོར་རྫིར་སོང་བའི་ཉིན་ཐོ།
༢༠༢༢.༡.༡༢  གཟའ་ལྷག་པ། བསེར་མ་རླུང་ལྡང་།

        དགུང་གི་ཉི་མ་སེར་པོ་དེ་ནུབ་རིའི་ཕག་ལ་གཞའ་བར་བརྩོན་པ་བླ་ལྷགས་བྱེད་བཞིན་བདོག་པས། སྲོད་ཀྱི་མཚམས་སྤྲིན་གྱིས་ནུབ་ཀྱི་ཕྱོགས་རོལ་གྱི་ནམ་མཁའ་དེ་གྲང་བར་དོགས་ནས་མཚལ་དམར་གྱི་ན་བཟའ་ཞིག་བཀླུབས་ཏུ་འཇུག་པར་སྟ་གོན་བྱེད་ཅིང་ཡོད། ང་དང་ཨ་མས་འཕྲུལ་རྟར་ཞོན་ནས་ཟོག་བའི་ནང་ལ་ངེད་ཚང་གི་ནོར་ཁྱུ་ལྷས་ལ་འཇུག་པར་ཕྱིན། ལམ་བར་དུ་གྲང་ལྷགས་བཟི་ལོང་བ་རེ་ལྡང་ན་ཡང་། ངས་ཚར་རྫུན་གྱི་བོད་ལྭ་གྱོན་ཡོད་རྐྱེན་གྲང་ལྷགས་ལ་འཛེམ་དོགས་དང་དོ་སྣང་ཡེ་ནས་བྱེད་མ་དགོས་ལ། ལུས་ཕུང་གིས་ཀྱང་གྲང་འཁྱག་ལར་ནས་མྱོང་མ་དགོས་སོ། །
        ལུང་བའི་མདོ་ནས་ཕུ་ལ་མིག་ཞགས་ཤིག་འཕངས་པ་ན་ནོར་ཁྱུ་ནི་ལུང་བའི་ཉིན་སྲིབ་བར་མེད་དུ་ཐང་མར་བརྡལ་འདུག དེ་ནས་ངས་ཨ་མའི་མངགས་བཀོད་ལྟར་འཕྲུལ་རྟ་ཁང་ཆུང་ཡོད་སའི་ལུང་མཐིལ་ནས་བཞག་རྗེས། ལུང་བའི་ཉིན་སྲིབ་འདོམ་ལ་འཇལ་དགོས་བྱུང་། ཡིན་ཡང་སེམས་ལ་ངལ་བ་སྐྱེ་ཅི་དགོས་ཏེ། རུམ་ནས་ཁ་པར་བླངས་ནས་བསམ་པའི་དོན་གྲུབ་ཀྱི་ལས་འཕྲོ་ནང་གི་བྱམས་པ་གྲགས་ཏུ་བཅུག སྐད་མགོ་ཆེས་མཐོན་པོར་བཏང་རྗེས་ཕྱིར་རུམ་ལ་གཡུགས། དེའི་འཕྲོར་ལག་པ་གཉིས་ཕུ་རུང་ལས་ཕྱུང་ནས་རུམ་ལག་བྱས་ནས་ཐོག་མར་སྲིབ་ངོས་ཀྱི་ནོར་གནག་མར་ཕབ་པར་འགོས་པ་ཡིན། ངས་གོན་པའི་ཚར་རྫུན་འདི་ལ་ཚ་རུ་ངོ་མ་ནང་བཞིན་གྱི་དྲོད་ཁོལ་མེད་ཀྱང་། རྒྱ་ལྭ་ཨོང་དོའང་མི་བཏུམས་པ་དག་དང་བསྡུར་ན་མེ་ལ་བཞུས་པ་ལྟ་བུའི་དྲོད་ཅིག་འདུག
        ལུང་བ་འདིའི་སྲིབ་ངོས་མཐོ་རྒྱུ་མེད་པས། ཅང་མ་འགོར་བར་ཁ་ལ་འགོ་ཐུབ་པ་བྱུང་། སྲིབ་ངོས་སུ་བཀྲམ་ནས་ཡོད་པ་དག་ལ་ལག་གཡས་ཀྱིས་ཕུ་རུང་མགོ་ལ་བསྐོར་ཏེ་ཁ་ནས་ཤུག་གླུ་བཏབ། ད་དུང་ཅུང་རིང་སར་ཡོད་པ་དག་ལ་འུར་རྡོ་རེ་འགའ་འཕངས་པས། དེ་དག་འཕྲོ་རིམ་འཕྲོར་རང་རྟོགས་ཀྱིས་མར་བབས་བྱུང་། ཅུང་ཙམ་ལ་དེ་རུ་ལངས་ནས་རྒྱང་རིང་གི་ཡོད་ཚད་ལ་མིག་ཉུལ་བྱས་ནས་ས་ལྟ་ཡུལ་ལྟ་རེ་བྱས། ལུང་བ་འདི་དང་ཝོ་ཉག་ག་ཡོད་པའི་བྲག་ནག་རྫ་རིའི་མུ་ཁྱུད་འདི་ཡི་མཐོ་ལ་བརྗིད་པའི་རི་བོའི་ཕྲེང་ཚོམ་ནི་ས་རྡུལ་ལམ་དུ་སྨུག་སྲབ་མོས་ཕྱི་རིམ་ནང་རིམ་བྱས་ནས་གཡོགས་འདུག ཉེ་ས་ནས་རིམ་བཞིན་ཇེ་མཐུག་ནས་ཇེ་མཐུག་ཏུ་གྱུར་ཏེ་གནམ་སའི་འདྲེས་མཚམས་སུ་ཡོད་པ་དག་ནི་མིག་གི་ལོངས་སྤྱོད་དུ་འདྲེན་ཐབས་མེད་པར་མ་ཟད། ཕར་ཁའི་བློན་པོ་གསེར་ཆེན་ཡོད་སའི་ཨ་མྱེས་དཔའ་རྟུལཨ་མྱེས་ཧ་དོའིརྫ་རྒྱུད་ཀྱང་རྡུལ་སྨུག་མཐུག་པོ་ཞིག་གིས་གཡོགས་འདུག དེ་ལོས་ཡིན། དེ་རིང་ཉིན་གང་བོར་བསེར་མ་རླུང་ལྡང་ཞིང་རླུང་ནག་འཚུབ་མའང་འཁོར་བར་བརྟེན། ས་རྡུལ་ནམ་མཁར་ལངས་ནས་དབུས་གཞུང་འདི་ཧྲིལ་བོ་ས་རྡུལ་སྲབ་མོ་ཞིག་གིས་གཡོགས་ཡོད་པ་འདྲ།
        ཅུང་ཙམ་གྱིས་ནོར་གནག་གི་རྨིག་རྗེས་འབྲངས་ནས་མར་ལ་བབས་པ་ཡིན། དེ་མུར་ངས་འབྲོང་རྒོད་བཏུལ་ནས་སྒོ་ཟོག་ཏུ་བཏང་བའི་ཤེས་རབ་ཀྱིས་ཕྱུག་པའི་མི་རིགས་འདིའི་མེས་པོ་དག་ནི་ཅི་འདྲའི་ངར་བ་ཞིག་རེད་བསམ་བྱུང་། དགེ་ཆོས་ཀྱི་གསུངས་ལས་རྒྱ་གར་གྱི་བསྟན་བཅོས་སུ་གངས་ཅན་གྱི་ཁྱད་ཆོས་སུ་ཐང་ཤིང་སྐྱེས་པ་དང་། ནོར་གྱི་རྨིག་པས་རྡོ་གཅོག་པ་སོགས་ལ་ཡ་མཚར་ཏུ་བརྩི་བར་འདུག་ཅེས་ཟེར། དེས་ན་ང་ཚོའི་མེས་པོ་དག་གིས་ཞེ་སྡང་གི་མིག་ཟུང་ཆེ་ཆེར་བགྲད་ཅིང་། ང་རྒྱལ་གྱི་རྭ་ཟུང་རྩེ་རྣོ་ལ་འབིག་པ་ཉི་ཟླ་གཉིས་ཀྱང་རྭ་བར་ལ་ཁུར་བ་བཞིན་གནམ་ལ་གཟེངས་བ། ཞོལ་རྩིད་ནི་བྲག་ངོས་གཟར་བོ་ན་འབབ་པའི་རྦབ་ཆུ་ནང་བཞིན་ཞོམ་ཞོམ་བྱེད་པ། གཅན་གཟན་གྱི་རྒྱལ་པོ་དམར་ཡག་སྟག་དང་ཕོ་ཐོང་སེང་ལ་ཐུག་ནའང་ཅི་སྙམ་པར་ལྕེ་དམར་བརྐྱོངས་ནས་བརྒོལ་བ། མཐའ་ན་རྭ་རྩེར་བཏེགས་ནས་བསྒྲལ་བར་ནུས་པའི་སྲོག་ཆགས་གཏུམ་པོ་འབྲོང་གཡག་ཟེར་བ་འདི་ཅི་ལྟར་བྲན་དུ་བཀོལ་བ་ཡིན་ནམ། ང་ཚོའི་མི་རིགས་འདི་འཛམ་གླིང་གོ་ལ་ཧྲིལ་བའི་རྒྱ་ཕིབས་ཏུ་འབོད་པའི་རི་མཐོ་ལུང་གཟར་བ། རི་བོ་གངས་ཀྱིས་གཡོགས་ཤིང་དབྱང་རླུང་ཆེས་ཆེར་ཉུང་བའི་ཧི་མ་ལ་ཡའི་རི་རྒྱུད་འདི་རུ་མི་ལོ་སྟོང་ཕྲག་དུ་མའི་རིང་ལ་ཅི་ལྟར་འཚོ་ཞིང་གཞེས་པ་རེད་ཅེ་ན། དངོས་གནས་སླ་མོ་ཞིག་ག་ལ་ཡིན། མིན་ནོ། །དེ་ལྟར་བསམ་ན། བོད་རིག་པ་ཞིབ་འཇུག་གླིང་གི་དགེན་བློ་བཟང་ལྷུན་གྲུབ་རྡོ་རྗེ་ཡིས་འཛམ་གླིང་སྟེང་སྲོག་ཆགས་ཤིག་གིས་མི་རིགས་ཤིག་གསོས་ནས་ཡོད་པ་ནི་ནོར་གནག་གིས་བོད་མི་རིགས་གསོས་པ་རེད་ཟེར་བ་ལའང་བསམ་གཞིག་ཡང་ཡང་གཏོང་དགོས་པ་ཞིག་རེད། དེ་མུར་མེས་པོའི་བློ་སྤོབས་ལ་ཡིད་སྨོན་དང་ནག་མོ་ནོར་ཁྱུ་འདི་ལ་དགའ་བ་དང་དུང་བ་བླ་ལྷགས་ཅིག་འཕེལ་བྱུང་།
        ནོར་གནག་གི་དྲིན་དྲན་པ་ནི་ང་ཚོར་ཐོག་མ་ཉིད་ནས་ཡོད་པ་ཡིན་ཏེ། ཨ་མདོའི་དམངས་གླུའི་ནང་ནའང་ཐུལ་དཀར་འབྲི་མོའི་དྲིན་ལན་འདི། །ཇ་ནག་ཁུ་མ་འཐུང་མ་ཤེས་ཐལ། །ཇ་ནག་ཁུ་འཐུང་ནས་ཤེས་དུས་ན། །ངའི་དྲིན་ཆེན་འབྲི་མོ་གང་ན་ཡོད། །ལྟ་བུ་ཡོད་ལ། ཡང་རྗེ་ཞབས་དཀར་བས་རྨ་ཆེན་གངས་ཀྱི་འདབས་རོལ་ནས་རྡོ་ཕ་བོང་ཆེན་པོ་ཞིག་གི་སྟེང་འགྲེང་སྟེ་འབྲོང་ལ་མགུར་གསུང་ནས་བཏུལ་བར་གྲགས་པ་དང་། ངག་སྒྲོས་ལའང་ཐུལ་དཀར་འབྲི་མོ་དབྱངས་ཀྱིས་འགུག་ཟེར་བ་སོགས་ལ་བལྟས་ན། རྒྱ་ཡིས་བ་གླང་ལ་རོལ་མོ་དཀྲོལ་བ་ནི་གོ་བ་མེད་པའི་བརྡ་རུ་བྱེད་ནའང་། ང་ཚོས་འགྲོ་དྲུག་མ་རུ་བསྒོམས་ནས་ནི་དུད་འགྲོ་ལའང་གོ་བ་ཡོད་པར་སེམས་ནས་ང་ཚོའི་མི་དང་འདྲ་བར། ཚེ་སྲོག་གི་རིན་ཐང་ལ་མཐོ་དམའ་མེད་པར་སེམས་ནས་ཡོད། དེ་མིན་ན་ང་ཚོས་གྲང་ལྷགས་དང་བུ་ཡུག་རྒོད་པའི་ཁོར་ཡུག་ཉམས་ང་བ་འདིར་འཚོ་ཞིང་གནས་ཆེད་འུ་ཐུག་ཐབས་ཟད་ནས་འགྲིམ་འགྲུལ་དང་རུ་སྤོ་སྐྱས་འགེལ། ཚྭ་ཁུ་སྐྱེལ་འདྲེན་སོགས་དཔལ་འབྱོར་གྱི་ཉོ་ཚོང་སྐབས་ཀྱང་ནོར་གཡག་ལ་ཁལ་བཀལ་ན་མ་གཏོགས། རི་མཐོ་ལུང་གཟར་མང་པོ་བརྒལ་དཀའ་བས་ནོར་གནག་ལ་མཐོ་སྒང་གི་གྲུ་གཟིངས་ཞེས་མིང་དུ་ཐོགས་ཤིང་། ཁ་ལ་ཟས་དང་རྒྱབ་ལ་གོས་ཀྱི་ཆེད་དུ་ཁུལ་རྩིད་བྲེགས་ནས་མགོ་ལ་སྦྲ་ཕུབ། སྲོག་བཅད་ནས་ཤ་ཁྲག་ཟོས། སྐལ་འཕྲོག་ནས་འོ་ཞོ་འཐུང་བ་སོགས། དུད་འགྲོ་ཞིག་སྐྱེས་ནས་འཆི་ལ་ཐུག་གི་བར་དང་། ཤི་ནས་ཀྱང་འབྱུང་བཞིར་མ་འཐིམ་བར་དུ་ང་ཚོའི་མི་རིགས་འདིའི་ཆེད་དུ་བླ་ན་མེད་པའི་ཞབས་འདེགས་འགྲན་དུ་དོ་དཀའ་བ་བྱས་པ་རེད། དེ་ལ་ང་ཚོས་ཀྱང་ཁ་བཏོན་དགེ་སྦྱོར་ཏིལ་འབྲུ་ཙམ་བྱས་ནའང་། འགྱོད་བཤགས་སམ་མཇུག་ཏུ་རྫོགས་པའི་ཞིང་དུ་བསྔོ་བའི་དུས་སུ་ཞོན་བཀལ་སྲོག་བཅད་འོ་ཞོ་འཐུང་བ་དང། །ཤ་ཁྲག་ཟོས་བའི་དུད་འགྲོ་མ་ལུས་པ། །མྱུར་དུ་སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །ཞེས་དང་། མར་གྱུར་སེམས་ཅན་ཐམས་ཅད་པོ། །སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ་ཞེས་གསོལ་བ་འདེབས་པ་མ་ཡིན་ནམ། འདི་ལྟར་བསམ་ན་ང་ཚོ་ནི་ཁྲེལ་མེད་ནང་གི་ཁྲེལ་ཡོད་ཅིག་ཡིན་པ་འདྲ། ཧ་ཧ།
        ང་རང་ལོ་ལྔ་དྲུག་ཙམ་ཡིན་དུས་ཨ་མ་དང་མཉམ་པོར་མ་འགྲེང་ལུང་བ་ནས་ནོར་བ་བསྡད་པ་དྲན། ཨ་མས་བཤད་ན་དེ་དུས་ངེད་གཉིས་ནོར་རྫིར་འགྲོ་དུས། ང་མ་རབས་ཡིན་གཤིས། སྡེ་སེམས་ཅན་གྱི་མཚེར་ཤུལ་ན་བསང་ཁྲི་དམའ་མོ་ཇ་དེམ་གྱི་མཐོ་དམའ། གླིང་བཞི་ཅན་ཡོད་པ་དེ་དག་གི་སྟེང་ནས་སྐྱིལ་ཀྲུང་བྱས་ཏེ་ལག་ཟུང་ཐལ་མོ་སྦྱར་ནས་སྡོད་རྒྱུར་ལྷག་པར་དགའ་ཟེར། དེ་དུས་ངས་ཅིའི་ཕྱིར་དེ་ལྟར་བྱེད་དགོས་སམ། དུས་ཚོད་འདི་ཕྱིར་ལ་ལྡོག་ཐབས་ཡོད་ན་ལན་བཏབ་ཆོག་མོད། འོན་ཀྱང་ད་ནི་ཐབས་ཟད། དེང་དུས་ང་རང་ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ལྟག་གིས་བཞག་ནས། བདུན་གསུམ་ཉེར་གཅིག་ཏུ་བུད་ཡོད་ནའང་། ཨ་མའི་མི་ཚེ་ཕྱེད་ཀ་ནོར་གནག་གི་རྨིག་རྗེས་འབྲངས་ནས་ཐོལ་གྱིས་བརྒལ་ཏེ་མི་འདོད་ཀྱང་རྫོགས་ཚིག་བཀོད་ཟིན།
        ངས་ནོར་ཁྱུ་ལྷས་ལ་བསྐོར་དུས། ཨ་མས་ཀྱང་ཆུ་ཁ་ན་ཡོད་པའི་ནོར་དག་མདོ་ནས་ནོར་ལྷས་བར་དེད་ནས་སླེབས་བྱུང་ལ། ནོར་ཚང་མ་ལྷས་ལ་བཅུག་རྗེས། ཉི་མ་ནུབ་རིར་ཡིབ་ཚར་འདུག ངེད་གཉིས་ས་རུབ་ནས་སྨག་ཆད་རག་བར་ཁྱིམ་ལ་སླེབས་དགོས་རྐྱེན། འཕྲུལ་རྟར་ཞོན་ནས་རང་ཁྱིམ་ཕྱོགས་སུ་བྱ་ལྟར་འཕུར་བ་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།