བཟོ་བཅོས་པའི་སྙན་ངག་ཁག་གཉིས།

རྩོམ་པ་པོ།:བཟོ་བཅོས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-01-06 09:12:57 ཀློག་གྲངས།:
བཟོ་བཅོས་པའི་སྙན་ངག་ཁག་གཉིས།

ང་ལ་མངལ་ཆགས་འདུག
 
ད་སྐབས་ང་ལ་མངལ་ཆགས་འདུག 
འདས་དོན་གྱིས་བཞག་པའི་མངལ་ཞིག་ཆགས་འདུག 
དབྱངས་གསལ་གྱིས་སྦྲུམ་པའི་མངལ་ཞིག་ཆགས་འདུག

མངལ་དེ་མྱ་ངམ་ལས་ཐོན་པའི་མངལ་ཞིག་རེད།
མངལ་དེ་སྡུག་བསྔལ་ལས་སྐྱེས་པའི་མངལ་ཞིག་རེད།
མངལ་དེ་བཅོམ་འཕྲོག་ལས་རྙེད་པའི་མངལ་ཞིག་རེད།
མངལ་དེ་རིང་ལུགས་ཀྱང་ཡོད་པའི་མངལ་ཞིག་རེད།
མངལ་དེ་གཞན་ལུགས་ཀྱང་དགག་པའི་མངལ་ཞིག་རེད།

མངལ་དེ་བཟོ་བཅོས་བྱས་མྱོང་བའི་མངལ་ཞིག་རེད།
མངལ་དེ་བཟོ་བཅོས་བྱེད་འདོད་པའི་མངལ་ཞིག་རེད།

མདོར་ན།
མངལ་དེ་བདག་བོར་མྱོང་མཁན་གྱི་མངལ་ཞིག་རེད།
མངལ་དེ་བདག་རྙེད་ཡོད་མཁན་གྱི་མངལ་ཞིག་རེད།

གང་ལྟར།
མངལ་དེ་མངལ་དང་མ་མཚུངས་པའི་མངལ་གཞན་ཞིག་རེད།
མངལ་དེ་མངལ་དང་མ་འདྲ་བའི་མངལ་དངོས་ཤིག་རེད།

མངལ་དེའི་ཁམས་དམར་ནི་རང་གི་འདས་དོན་རེད།
མངལ་དེའི་ཁམས་དཀར་ནི་རང་གི་དབྱངས་གསལ་རེད།
མངལ་དེའི་ཡབ་ཡུབ་ནི་རང་ཡིག་ཟུང་གཅིག་རེད།

མངལ་དེ་བཙའ་བར་ངས་རེ་བ་ཆེན་པོ་བཞག་ཡོད།
མངལ་དེ་བཙའ་བར་ངས་ཟུང་འཇུག་ལན་མང་བྱས་ཡོད།
མངལ་དེ་བཙའ་བར་ངས་དགའ་སྐྱོ་མང་དུ་བསགས་ཡོད།
མངལ་དེ་བཙའ་བར་ངས་དཀའ་སྡུག་ཁྲི་སྟོངས་མྱངས་ཡོད།

ད་ནི།
མངལ་དེ་བཙའ་བར་ཐག་མི་རིང་།
ཉིན་ཁ་ཤས་ཤིག་ལས་འགོར་མི་དགོས་པ་འདྲ།

རེད་དེ།
ང་ཤིན་ཏུ་སྐྲག
སྐྲག་མི་འདོད་བཞིན་དུ་སྐྲག
ང་ཧ་ཅང་འཚབ།
འཚབ་དགོས་མེད་བཞིན་དུ་འཚབ།

མངལ་དེ་བཙས་རྗེས་ཁོ་གཅེར་བུ་བ་ཞིག་ཡིན།
མངལ་དེ་བཙས་རྗེས་ཁོ་ཆོས་རྩོད་པ་ཞིག་ཡིན།
མངལ་དེ་བཙས་རྗེས་ཁོ་རྟོགས་སད་པ་ཞིག་ཡིན།
མངལ་དེ་བཙས་རྗེས་ཁོ་དཀྲུག་ཤིང་མཁན་ཞིག་ཡིན།
མངལ་དེ་བཙས་རྗེས་ཁོ་བཟོ་བཅོས་པ་ཞིག་ཡིན།

མངལ་དེ་བཙས་རྗེས་ཁོའི་ཁ་ཞེ་དགར་རྒྱུ་མེད།
མངལ་དེ་བཙས་རྗེས་ཁོས་མྱི་ངོ་སྲུང་རྒྱུ་མེད།

མངལ་དེ་ངའི་མངལ་ཞིག་ཡིན་ན་ཡང་།
ཁོ་དངོས་གནས་བཤད་དཀའ་ཚོད་རེད།
མངལ་དེ་ངའི་བྱུང་བ་ཞིག་ཡིན་ན་ཡང་།
ཁོ་གཞི་ནས་འགྲེལ་དཀའ་བ་ཞིག་རེད།

མངལ་དེ།  མངལ་དེ།
མངལ་དེ་གཞི་ནས་མ་འདྲ་བའི་མངལ་ཞིག་རེད།

མངལ་དེ་“ཕོ་ལོ་བཅོ་བརྒྱད་”ཀྱི་མངལ་ཞིག་རེད།
ཕོ་ལོ་བཅོ་བརྒྱད་དེའི་“ནག་ཉེས་”ཀྱི་མངལ་ཞིག་རེད།
ཕོ་ལོ་བཅོ་བརྒྱད་དེའི་“འདས་དོན་”གྱི་མངལ་ཞིག་རེད།
                                2021.6.6ཉིན་སྙིང་ལྷག་པར་ལྡིང་བཞིན་སྐབས་སྦྱར།

ངས་ཁྱོད་ཚེ་ཕྱི་མར་བསྒུག

ལས་དབང་ཞིག་གིས་འུ་གཉིས་བྲལ་སོང་རྒྱང་རིང་སེམས་ཀྱི་དྲན་འཛིན་ལགས༎
ཁ་ཕྱོགས་ཤིག་གིས་འུ་གཉིས་གྱེས་སོང་ཐག་རིང་སྙིང་གི་དགའ་རོགས་ལགས༎
ད་ལྟའི་དུས་ལ་ཡུལ་ཕྱོགས་གང་དུ་འཁོར་བའི་ཐང་ཆེན་བརྒལ་བཞིན་ཡོད༎
མངར་སྐྱུར་འཚོ་བ་ཇི་ལྟར་རོལ་ཡོད་ལུས་བདེ་སེམས་སྐྱིད་ཡིན་ནམ་མིན༎

ང་ནི་ཁྱོད་དང་བྲལ་ཉིན་དེ་ནས་ཉིན་རྒྱུན་རྟག་པར་ངུ་བཞིན་ཡོད༎
ངས་ནི་ཁྱོད་དང་གྱེས་ཉིན་དེ་ནས་ནམ་རྒྱུན་མིག་ཆུ་གཏོར་བཞིན་ཡོད༎
མིག་ཆུ་དེ་ནི་ལྐོག་གྱུར་ཡིན་རུང་སྙིང་ཁུང་ནང་ན་མངོན་གྱུར་ཡིན།།
ད་ཚོད་ཅིག་ལ་སྙིང་ཁུང་ནས་ཀྱང་མིག་ཆུ་དེ་ཉིད་ཟད་སོང་འདྲ༎

དགའ་ཞེས་དུང་བ་རྗོད་མཁན་ཡོད་རུང་ཁྱོད་འདྲ་འཇིག་རྟེན་འདིར་མི་འདུག།
དུང་ཞེས་བརྩེ་བ་མྱོང་རོགས་ཡོད་ཀྱང་ཁྱོད་འདྲ་ས་སྟེང་འདིར་མེད་གི།
བལྟས་བལྟས་ཡུལ་ལ་ཡུལ་འདིར་བུད་མེད་བརྩིས་ཀྱང་བརྩི་ཚོད་མེད་འདྲ་ཡང་༎
སྙིང་ཉེ་ཁྱོད་ཀྱི་ཚབ་བྱེད་ཐུབ་མཁན་འཛམ་བུ་གླིང་ན་གཞི་ནས་སྟོངས༎

ད་ནི་འུ་གཉིས་ཁ་ཁར་གྱེས་ཏེ་ལོ་ཡི་འཁོར་མོ་གཉིས་ཙམ་སོང་༎
གྱེས་བྲལ་རྨ་ཁ་སྙིང་ལ་བཞག་ནས་མིག་ཆུའི་ལོ་ཟླ་མང་ཙམ་རྫོགས༎
ལས་དབང་ཁོ་ནས་བར་ཆད་བཏང་བས་འུ་གཉིས་འབྲེལ་ཐག་ཆད་སོང་མོད༎
རང་གི་འཚོ་བ་རང་གིས་རོལ་ཏེ་རང་རང་ས་རུ་བསྡད་ནས་ཡོད༎

འབྲལ་འདོད་མེད་བཞིན་བྲལ་དགོས་བྱུང་བ་འུ་གཉིས་ལས་དབང་རེད་མོད་དེ༎
བྲལ་རྗེས་ལོ་ཟླ་ག་ཚོད་འགོར་རུང་བརྗེད་ཐུབ་མེད་པ་བདག་གི་ལས༎
ཁྱོད་ཀྱང་དེ་བཞིན་ལོས་ཡིན་བསམས་ན་དངོས་གནས་སྡུག་འདི་བཟོད་དཀའ་བས༎
སྙིང་ཆུང་དམར་བོ་ཕྱེད་དུ་གཏུབས་པའི་ཚོར་བ་ནམ་དང་རྒྱུན་དུ་ཡོང་༎

ཟ་གོས་ཕྱོགས་ལ་མ་ཡུམ་དྲིན་གྱིས་དཀའ་ངལ་ཅི་ཡང་མི་མྱངས་མོད༎
འཁོར་བའི་དོན་ལ་ཡབ་ཆེན་དྲིན་གྱིས་སེམས་ཚེགས་ཅུང་ཟད་མི་དགོས་མོད༎
འོན་ཀྱང་ཁྱོད་ཉིད་ལོས་ཐོབ་བསམ་བཞིན་མ་ཐོབ་གདུང་བའི་སྐྱོ་བ་འདིས༎
བདག་གི་འཇིག་རྟེན་མུན་པས་གཡོགས་སོང་ཐ་ན་གསོན་འདོད་སེམས་ཡང་ཤི།

ཁྱོད་ཉིད་མེད་ན་ཅི་ཞིག་ཡོད་ཀྱང་མེད་པ་ལས་གཞན་སྣང་ཐབས་བྲལ༎
ཁྱོད་ཉིད་ཡོད་ན་གང་ཞིག་མེད་རུང་ཡོད་པའི་ཚོར་བ་ཁོ་ན་སྟེ།།
བདག་གི་འཇིག་རྟེན་ཁྱོད་ཀྱིས་གྲུབ་ཡོད་ཁྱོད་ཉིད་མེད་ན་འཇིག་རྟེན་མེད༎
བདག་གི་ནང་སེམས་ཁྱོད་ཀྱིས་ཁྱབ་ཡོད་ཁྱོད་ཉིད་མེད་ན་ནང་སེམས་སྟོངས༎

ད་ལྟའི་འཚོ་བ་ཕྱི་འཁྱག་ནང་འཁྱག་ཁྱོད་ཉིད་མེད་པས་ཤིན་ཏུ་འཁྱག།
ད་ལྟའི་འཚོ་བ་ཕྱི་སྟོང་ནང་སྟོང་ཁྱོད་ཉིད་མེད་པས་ཡོད་ཚད་སྟོངས༎
ཁྱོད་ཉིད་མེད་པའི་དུས་ཚོད་འདི་དག་བདག་གི་ཡོད་ཚད་སྡུག་བསྔལ་ཡིན༎
ལས་ངན་ང་འདྲ་གསོན་པ་ལས་ཀྱང་ཤི་བའི་དགའ་འམ་ཀྱེ་ཧུད་ཀྱེ༎

དབྱར་གྱི་ཆར་བ་ཤག་ཤག་འབབ་ཚེ་མིག་ཆུ་ཆར་དང་འདྲེས་ཏེ་བཞུར༎             
འདབས་ཆགས་ཁེར་བགྲོད་ཚང་མལ་བསྙེགས་ཚེ་ཅིས་ཀྱང་ངུ་སྙིང་རབ་ཏུ་སྐྱེན༎
དགུན་གྱི་ཁ་བ་ས་རུ་འཐོར་ན་སྙིང་གི་རྨ་ཁར་རྣག་ཁྲག་བརྡོལ།།
ཕྱི་ཡི་འཇིག་རྟེན་ཁ་བས་གཡོགས་ཚེ་ནང་སེམས་སྡུག་གི་མུན་པ་འཐིབས༎

སྟོན་གྱི་རླུང་བུ་ཤེད་ཀྱིས་ལྡང་ན་སེམས་སུ་ན་ཟུག་དྲག་ཏུ་འབྱིན༎
མིག་ཆུ་རེ་ཟུང་ས་ལ་ལྷུང་ཞིང་རྐང་འོག་ལོ་མ་སྐྱ་བོར་ཐིམ༎
དཔྱིད་ཀྱི་ཁུ་བྱུག་ལྷང་ལྷང་གྲགས་ཚེ་མིག་ཆུ་དབང་མེད་བྲང་ལ་ལྷུང་།།
ཁྱོད་རང་བསམ་བཞིན་གྱེས་བྲལ་བསམས་ན་འཆི་བའི་ལས་ལ་བྲེལ་བ་ཤོར།།


                                                                  ༢༠༢༡.༥.༢༡ཉིན་འབྲོག་ཡུལ་ནས་གྲུབ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།