ཁམས་པ་རབ་དབྱངས་ཀྱི་ཚིགས་བཅད་སྙན་ངག་གསུམ།

རྩོམ་པ་པོ།:ཁམས་པ་རབ་དབྱངས། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-12-31 15:49:42 ཀློག་གྲངས།:
ཁམས་པ་རབ་དབྱངས་ཀྱི་ཚིགས་བཅད་སྙན་ངག་གསུམ།
ཁམས་པ་རབ་དབྱངས། ཡུལ་ཤུལ།
རྟེན་འབྱུང་སྒྱུ་མའི་མགྲིན་གླུ།

སྤྲིན་དཀར་ཕང་ཕུང་གཡོ་བའི་རྗེས། ། 
ཉམས་དགའི་དབེན་པའི་རི་སུལ་ནས། ། 
ངོ་མཚར་འཕྲུལ་བའི་ཟླ་གཞོན་གྱིས། ། 
རྟེན་འབྱུང་རིགས་པའི་སྣང་བ་འཁྱིལ། །

ཉམས་རྟོག་མེ་དྲོད་མགུར་ལ་བླང་། ། 
ངོ་མཚར་སྒྱུ་མའི་སྣང་བརྙན་འདི། ། 
གཟུངས་འཛིན་སྣང་བའི་ཞེན་པ་རུལ། ། 
ཞི་བ་དབེན་པའི་རི་སུལ་འགྲིམས། ། 

འཁོར་འདས་གཉིས་ཀྱི་ས་མཚམས་ནས། ། 
ཆོས་ཉིད་རིག་པའི་དབྱིངས་སུ་ཤར། ། 
རྒྱུ་འབྲས་ལམ་གྱི་འབབ་སྟེགས་ནས། ། 
རིག་འཛིན་མཆོད་པའི་བརྡ་གླུ་གསན། ། 

དབྱངས་ཀྱི་ངག་གི་ས་ཆེན་གཤེགས། ། 
གཉུག་མའི་ཚིག་གི་ལྷོད་ཆ་དཀྲོལ། ། 
དོན་དམ་དབུས་ཀྱི་ལམ་སར་རྙེད། ། 
འདི་ནི་རིགས་སྨྲའི་དཔྱོད་པའི་དཔལ། །

དོན་དམ་དབུ་མའི་སྒྲ་དབྱངས་ཀྱིས། ། 
ཀུན་རྟོག་སྣང་བའི་འཆར་སྒོ་བཀག། ། 
ཀུན་རྫོབ་སྒྱུ་མའི་གླུ་དབྱངས་ཀྱིས། ། 
སྤྲོས་པའི་ཞེ་འཛིན་རབ་ཏུ་བཅིངས་། །

ཐུན་མཚམས་སྒྱུ་མའི་ངལ་གསོ་ནས། ། 
ཚོར་ཤེས་རླུང་བུ་ཡར་ལ་ལྡང་། ། 
མགྲིན་པའི་རྩ་མདུད་གྲོལ་བ་ན། ། 
འདུ་འབྲལ་འཁོར་བའི་ས་ན་ལྡོག །

དགེ་ལེགས་ཉི་མའི་འཆར་ཡན་གྱིས། ། 
དགྱེས་འཛུམ་པད་མའི་ཞལ་སྒོ་ཕྱེས། ། 
མངོན་དགའི་ལྷ་ཡི་ཁང་བཟང་དུ། ། 
བསམ་གཏན་ཞི་བའི་ལམ་སར་བསྙེགས། །

སྒྱུ་འཕྲུལ་དྲ་བའི་མེ་ལོང་ངོས། ། 
བརྩེ་ཆེན་མེ་ཏོག་མཆོད་པའི་གཉེན། ། 
གདོད་མའི་རྒྱལ་ས་འདི་དག་ནས། ། 
བདེན་གསུང་ཚངས་པའི་ང་རོ་མཆེད། །

དགོངས་པའི་སྣང་བ་རྩལ་དུ་རྫོགས། །
སྙིང་རྗེའི་འོད་ཀྱི་གཟི་བྱིན་འབར། །
བསྐྱེད་རྫོགས་ཉམས་སུ་བླང་བ་ན། །
སྐུ་གསུམ་དག་པའི་འབྱམས་སུ་ཀླས། །

ཐུགས་ཀྱི་སྐྱེད་ཚལ་ཡངས་པོ་ནས། །
ཤེས་རབ་མེ་ཏོག་གྲོལ་བའི་ཞིང་། །
རྟོགས་བརྗོད་ངག་གི་འཁྲི་ཤིང་ལ། །
རྨད་བྱུང་ཚིག་གི་མཛེས་རྒྱན་སྤྲས། །
                                         ༢༠༢༡/༩/༢ཉིན་བྲིས།

དབྱངས་ཀྱི་བསྡུས་བརྗོད།

ཁ་བ་སིམ་སིམ་འཐོར་བའི་རྗེས། །
པདྨའི་མདངས་ཀྱི་ཞལ་ཁྱིམ་ལ། །
སྨིན་དྲུག་ཟླ་བའི་འོད་ཆེན་འཚེར། །
ཤིན་ཏུ་མཛེས་པའི་ལུས་ངག་ལ། །
སྤྱན་ཟུང་ཤོར་བ་གྲངས་མི་ལང་། །

བརྩེ་བའི་འོད་ཆེན་འཕྲོས་པའི་རྗེས། །
མཆོད་དགའི་ལྷ་མོའི་རང་རྣམ་གསལ། ། 
དབྱངས་ཀྱི་བསྡུས་བརྗོད་འདི་དག་ལ། །
ཤིན་ཏུ་སྨྲེང་བའི་མགུར་ཞིག་བླངས། །
དེ་ནི་དབྱངས་ཅན་དགྱེས་མགུར་ཡིན། །

སེམས་སུ་ཚུད་པའི་མཁའ་འགྲོ་མས། །
སྤྱན་གྱིས་གཟིགས་སྟངས་སྡུག་པ་ཨེ། །
སེམས་སུ་གྲིབ་མ་གཡོལ་བའི་རྗེས། །
ཚེར་ཤེས་རླུང་བུ་དྲག་ཏུ་གཡོས། །
ང་ལ་ཚོར་བའི་ཟབ་གནད་བྱིན། །

པད་མའི་འཁྲི་ཤིང་ཡངས་པོ་ལ། །
འོད་ཟེར་བྱེ་བ་ཕྲག་བརྒྱ་འཕྲོས། །
བྱམས་བརྩེའི་སྣང་བའི་འོད་ཟེར་འདི། །
ང་ཡིས་མདངས་སུ་ཡུན་རིང་འཕྲོས། །
དེ་ལ་ཕྱིར་མིག་ལན་གཅིག་བྱས། །

སྙིང་རྗེས་མཆོད་པའི་མེ་ཏོག་འདི། །
ང་ཡི་སེམས་སུ་ལན་གཅིག་འཐོར། །
ཁྱེད་ཀྱི་སྒྱུ་འཕྲུལ་མེ་ལོང་ངོགས། །
ཀུན་རྫོབ་སྒྱུ་མའི་ཆུ་ཟླ་བཞིན། །
ཡིད་ལ་འཆར་བ་བསམ་མི་ཁྱབ། །

བརྩེ་ཆེན་འོད་ཀྱི་གླིང་ཕྲན་ནས། ། 
ཞེ་འདྲེས་བར་ཐག་མ་བསླུས་པའི། །
སྐྱེ་དང་ཚེ་རབས་འདི་དག་ནས། །
སྙིང་པོ་ལོན་པའི་མཚོན་བྱེད་དག། །
ང་ལ་ལན་གཅིག་ཡང་ཡང་བྱིན། །
                                      ༢༠༢༡/༩/༡ཉིན་བྲིས།

ཞུ་མཆིད་བརྩེ་བའི་མགུར།

རྒྱལ་བ་ཀུན་གྱི་གསང་གསུམ་གཅིག་བསྡུས་པ། །
རྒྱལ་བའི་ཡུམ་གཅིག་ལྷ་མོ་དབྱངས་ཅན་མཆོག །
རྒྱལ་བའི་ཤེས་རབ་ཡོངས་སུ་གྲོལ་བའི་ལྷ། །
རྒྱལ་བ་དབྱངས་ཅན་ལྷ་མོའི་སྲུང་གྱུར་ཅིག །

བརྩེ་ཆེན་འོད་སྣང་སྦྱིན་པའི་འཁྱིལ་ས་ནས། །
རྟེན་འབྱུང་ངག་གི་རོལ་མོ་འཁྲོལ་བའི་ཚེ། ། 
ཀུན་རྫོབ་བུ་མོ་དབྱངས་ལ་འཁྲེང་བའི་རྗེས། །
སྣང་བ་སྲིད་པའི་ཁམས་ནས་མགུར་ཞིག་བླང་། །

རིག་འཛིན་མེ་ཏོག་མཆོད་པའི་ཉེར་དྲུང་དུ། །
ཚིག་གི་དངོས་གྲུབ་ཞུ་བའི་དབྱངས་ཅན་མ། །
ངག་རིག་སྣང་བ་གྲོལ་བའི་ཤུགས་འབྱུང་གྱིས། །
གཉུག་མའི་སེམས་ཉིད་གྲོལ་བའི་མགུར་ཞིག་བླང་། །

ཚིག་གི་ཉམས་སྣང་སྟེར་བའི་རྩེད་འཇོ་ལ། ། 
དབྱངས་ཀྱི་བསྡུས་གཟུཊ་སྒྱུ་མའི་འཕྲུལ་ལ་བྲིས། །
འཁོར་བའི་སྣང་སྲིད་སྤྲོ་བའི་ཉམས་རོལ་ལ། ། 
སྣང་སྲིད་དབྱངས་ལ་བརྩམས་པའི་མགུར་ཞིག་བླང་། །

མཛེས་སྡུག་སྤུ་རིས་མཛེས་པའི་མཚར་སྡུག་ལ། །
མཆོང་ལྡིར་གར་གྱིས་རྩེད་དགའ་གྲོལ་བའི་མོད། །
དགེ་ལེགས་བྱེེ་བའི་ཆ་ཤས་འགུག་པའི་རྗེས། །
མཛའ་བ་གྲོགས་སུ་བསྟེར་ནས་མགུར་ཞིག་བླང་། །

ངག་རིག་འདབ་སྟོང་བཞད་པའི་གེ་སར་ལ། །
ཚོགས་དྲུག་བུང་བའི་མགྲིན་གླུ་ཅི་ལྟར་འཁྲོལ། །
ཟག་མེད་དབྱངས་ལ་བསྐུས་པའི་ཟློས་གར་གྱིས། །
ཡིད་འཛིན་ལྷ་མོ་གསོལ་བའི་མགུར་ཞིག་བླང་། །

དྲན་རྟོག་འཕྱོ་བའི་རླབས་ཀྱི་སྒེག་འགྲོས་ཀྱིས། །
ཚིག་རྒྱན་ངོ་མཚར་སྤྲད་པའི་རྨད་བྱུང་བསྩལ། །
ཐུགས་རྗེའི་ཉི་ཟེར་གཡོ་བའི་ཉམས་སྣང་ལ། །
མི་ཕྱེད་དད་པ་གསོལ་བའི་མགུར་ཞིག་བླང་། །

ཚིག་གཏེར་མཛོད་ཀྱི་མཁྱེན་པ་རབ་གསལ་བ། །
ཕན་བདེའི་དྲི་བསུང་འཐུལ་བའི་ཆར་ཆེན་ཕབས། །
སྣང་བའི་ངག་གི་མདུད་པ་བཤིགས་པའི་རྗེས། །
འདུ་བྲལ་ཉེར་བསྡོཊ་བྲིས་པའི་མགུར་ཞིག་བླང་། །

ཚོགས་གཉིས་མེ་ཏོག་གྲོལ་བའི་ཡང་སྟེང་ལ། །
རྣམ་ཀུན་ཞི་བའི་མཆོད་སྡོང་རབ་རྩེན་པའི། །
རིག་འཛིན་བརྡ་གླུ་མཆོད་པའི་སྤྲིན་ཕུང་ལ། །
འགག་མེད་ཐོས་བྱུང་བསྩལ་བའི་མགུར་ཞིག་བླང་། །

མང་ཐོས་བྱེ་བའི་གཏེར་བརྒྱ་ལེགས་འཁྲུངས་པ། །
ཤེས་རབ་སྤྱན་ཆུ་འཐོར་བའི་ལེགས་མཛེེས་མ། །
འཁོར་འདས་སྲིད་པའི་ཀུན་རྟོག་རབ་སྤངས་ནས། །
སྣང་བའི་ཐོས་བྱུང་གྲོལ་བའི་མགུར་ཞིག་བླང་། །

གང་ཞིག་ཡིད་ལ་སིམ་པའི་ནགས་ཚལ་དུ། །
དལ་གྱིས་རྒྱུ་བའི་དབེན་པའི་རི་སུལ་ནས། །
འདབ་ལོའི་སྒྲ་དབྱངས་སིལ་སིལ་གཡོ་བ་ན། །
 སྒྱུ་མའི་ཆོ་ག་འདྲ་བའི་མགུར་ཞིག་བླང་། 

རིག་བྱེད་ཚིག་གི་མཆོད་བསྟོད་དྭངས་མ་ལ། ། 
རྫོགས་ལྡན་དབྱངས་ཀྱི་ཞུ་འཕྲིན་རོལ་མོ་ཡིས། །
རིག་འཛིན་བདེ་བའི་ས་ལམ་ཡངས་པོ་ནས།  །
ཐར་བའི་གྲུ་གཟིངས་འཇུག་པའི་མགུར་ཞིག་བླང་། །

རབ་བྱེད་ཚིག་ལ་བཏགས་པའི་རྗེས་ཤུལ་ནས། །
ཤུགས་འབྱུང་ངག་གི་དབྱངས་རྟ་ཐོལ་གླུ་འདི། ། 
སྣང་སེམས་མེ་ཏོག་བཞད་པའི་འབྱམས་ཀླས་སུ། །
སྒྱུ་འཕྲུལ་ལྷ་མོའི་བསྙེན་པའི་མགུར་ཞིག་བླང་། །

རིག་འཛིན་མེ་ཏོག་མཆོད་པའི་ཉེར་དྲུང་དུ།  །
སྣང་བའི་ཡིད་ཁམས་འདི་ཡིས་ཕ་རོལ་ནས། ། 
རྟེན་འབྱུང་ངག་གི་ཚོར་ཤེས་འདི་དག་གིས། །
མ་བཅོས་ཉམས་སུ་ལེན་པའི་མགུར་ཞིག་བླང་། །
                                                    ༢༠༢༡/༩/༢༩/ཉིན་བྲིས།

རྩོམ་པ་པོའི་ངོ་སྤྲོད།
        ཁམས་པ་རབ་དབྱངས། སྙན་ངག་གི་ལམ་དུ་ཞུགས་ཁར་སྨྱུག་མིང་ལ་ཁམས་པ་རབ་དབྱངས་ཞེས་བཏགས། 2015ལོ་ནས་བཟུང་རྩོམ་རིག་གི་ལམ་བུ་ལ་ཞུགས་ནས་གང་ལ་གང་འཚམ་གྱི་རྩོམ་རིག་ལ་རྒྱུན་འཁྱོང་བྱས། སྔ་གཞུག་ཏུ་སྙན་ངག་མང་ཤོས་ཤིག «མི་རིགས་ཀྱི་རྩོམ་རིག» «གངས་རྒྱན་མེ་ཏོག» «གངས་དཀར་རི་བོ།» «ཁ་བཏགས་དཀར་པོ།» «ཤྭ་སྐྱའི་ལོ་དེབ།» «རང་གྲོལ་དུས་དེབ།» «རི་བོ་ཉི་ཟླ།» «གསེར་གྱི་ལྷ་དར།» «ནང་རིག་འོད་སྣང་།» «འབོད་པ།» «མཚོ་སྔོན་བོད་ཡིག་ཚགས་པར།» རྔ་བའི་ཚགས་པར། གཞིས་ཀ་རྩེའི་ཚགས་པར། ཀན་ལྷོའི་ཚགས་པར། མངའ་རིས་ཚགས་པར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། ཁམས་པའི་ཚགས་པར་དུ་དམིགས་བསལ་གྱི་ས་མིག་སྤྲད་ནས་སྙན་ངག་ཆེད་བསྒྲིག་ཀྱང་སྤེལ་མྱོང་། ཁུལ་རིམ་པའི་དུས་དེབ་དང་ཚགས་ཤོག་མང་ཤོས་ནང་ཁོ་བོའི་སྙན་ངག་མཇལ་ཐུབ། ད་ལྟར་ཡུལ་ཤུལ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། རྫ་སྟོད་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།