མཐོང་ཐོས་ཀྱི་དྲན་པ་ཟ་ཟི། བསེ་ཀུན་དོང་།
རྩོམ་པ་པོ།:བསེ་ཀུན་དོང་།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-12-30 11:28:43
ཀློག་གྲངས།:
ཨ་མྱེས་ཡུལ་ལྷའི་ལྷ་ཁང་།
སྔོན་ཆད་ཁྲི་ཀའི་ཕྱོགས་ཀྱི་སློབ་གྲོགས་འགས་སྒྲོས་ན་ཨ་མྱེས་ཡུལ་ལྷ་ནི་སུ་ཡིས་བསྟེན་ན་འཁོར་བ་དང་ལྷག་པར་ཤེས་ཡོན་པ་དང་དཔོན་པོ་ཚོ་ལ་སྡོངས་གྲོགས་གནང་བར་དགའ་མཁན་ཞིག་ཏུ་བཤད།
ད་རེས་དགེ་གྲོགས་རྡོ་བཀྲ་དང་མཉམ་དུ་ཡུལ་ལྷར་བསང་མཆོད་འབུལ་དུ་ཕྱིན་པ་ཡིན། ཡུལ་ལྷའི་ལྷ་ཁང་ནི་ཁྲི་ཀ་རྫོང་གི་ལྷོ་མཐའི་རི་ཤོད་ཅིག་ཏུ་བཞེངས་འདུག ངས་ཉིན་རྒྱུན་ལྷ་བསང་གཏོང་སྲོལ་ལྟར་བསང་རྫས་དང་ཆང་ཕུད། ལྷ་རྫས་དཀར་པོ་ཞིག་ཡོད་ན་ཆོག་པར་བསམ་མོད། རྡོ་བཀྲས་སྤོས་ཚོམ་ཞིག་དང་ཤོག་བུ་སེར་པོ་སྡམ་ཐག་ཆུང་བ་ཞིག་ཀྱང་ཉོ་དགོས་ཚུལ་ལབ། དེ་ནས་ངས་ཀྱང་མིག་རིག་རིག་གིས་ལྷ་བསང་གཏོང་མཁན་ཚོ་ལ་མཉམ་འཇོག་དུས། ལྷ་བསང་བཏང་ཚར་རྗེས་སྤོས་སྒྲོན་ཏེ་ཤོག་བུ་བསྲེག་དགོས་འདུག་ལ། ད་དུང་དམར་བསང་གི་ཁྲི་འཕང་རྔམ་ཞིང་བརྗིད་པ་ཞིག་ཀྱང་འདུག ཚུལ་འདི་དག་མཐོང་བས་ཡུལ་མི་ཚོས་བཤད་རྒྱུན་ལ་ད་ལྟ་མཆོད་ན་ད་ལྟ་ཉིད་དུ་འཁོར་བའི་ལྷ་སྐྱེན་པོ་དང་ལྷ་མཐུ་བོ་ཆེ་ཞིག་ཡིན་པའི་ངེས་ཤེས་དབང་མེད་དུ་འདྲོངས།
དེ་མུར་ངེད་གཉིས་ཀྱིས་ལྷ་བསང་བཏང་རྗེས་རྡོ་སྐས་ལ་འཛེགས་ཏེ་ལྷ་ཁང་ནང་མའི་ཡུལ་ལྷའི་ལྷ་སྐུ་ལ་མཇལ་དུ་ཕྱིན་པ་ཡིན། ཡུལ་ལྷའི་སྐུ་མཇལ་མ་ཐག་སྐུ་ལ་ཅེར་ནས་བསང་བསྔོ་རྩིས་བྱེད་པའི་མོད་ལ། དཀོར་གཉེར་གྱིས་རྒྱ་སྐད་ཀྱིས་ཁྱོད་གཉིས་ཀྱི་མིང་ལ་ཅི་ཟེར་དང་རེ་བ་ཅི་ཡོད་དྲིས་པས། དགེ་སྤུན་གྱིས་ངེད་གཉིས་ཀྱི་མིང་དང་རེ་བ་ཅི་ཡོད་ཞུས་ཙ་ན། དཀོན་གཉེར་གྱིས་བུས་ཕ་ལ་ཞུ་བ་ཇི་བཞིན་ངེད་གཉིས་ཀྱི་མིང་ནས་བོས་ཏེ། སྨོན་ལམ་གྱི་ཚིག་བྱང་ཆ་ཅན་མང་བོ་ཆུ་བཞུར་བཞུར་བྱས་ཏེ་ཡུལ་ལྷར་གསོལ་བ་རེད། སྐབས་དེར་ངའི་སྣང་བ་ཞིག་ལ་མི་ངོ་ལྷ་ངོ་འཕྲོད་ནས་དོན་བཅོལ་ཐུབ་སོང་སྙམ་པའི་དགའ་བདེས་ཁྱབ།
ངེད་གཉིས་ཕྱིར་ཡོང་བའི་ལམ་བར་དུ་ཡུལ་ལྷའི་བྱུང་རབས་ཀྱི་བཤད་ཚུལ་སྐོར་ནས་ལབ་གླེང་བྱས་པ་ཡིན། ཁོས་བཤད་པ་ལྟར་ན་ཆིང་གོང་མའི་དབུ་བླ་རྣམ་བརྒྱད་ཀྱི་གཅིག་ལ་གོང་མའི་ཕོ་བྲང་དུ་གཞན་གྱིས་གནོད་བྱེད་རྩིས་བྱས་ཏེ་གོང་མ་མཇལ་སྐབས་ལུས་ལ་གྲི་ཆུང་ཞིག་སྦོས་པ་ཡུལ་ལྷས་སྡོངས་གྲོགས་མཛད་དེ་ཞིབ་བཤེར་མཁན་གྱིས་བཙལ་ནས་མ་རྙེད་པར་འཚེ་བ་ལས་བཟློགས་པས། ཁོས་ཡུལ་ལྷར་དྲིན་གཟོ་ཆེད་བོད་ལ་ཁྲིད་ཡོང་ནས་ཁྲི་སྡེ་ཞིག་གིས་མཆོད་དུ་འཇུག་པར་ཁས་བླངས་ཏེ་མདོ་སྨད་ཁྲི་ཀའི་ཡུལ་དུ་བྱོན་པར་བཤད།
དེ་ཡང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་རྟ་མགྲིན་རྒྱལ་གྱི་ཡུལ་ལྷའི་ཞིབ་འཇུག་གི་དཔྱད་འབྲས་ལྟར་ན། ཨ་མྱེས་ཡུལ་ལྷ་ནི་ཆིན་རྒྱལ་རབས་ཀྱི་བློན་པོ་ཀྲང་ཡུས་ཡིན་པར་ངོས་འཛིན་ཚུལ་ཞིག་ཀྱང་ཡོད་པར་བཞེད་ལ། རྒྱའི་ཡིག་ཚངས་ལྟར་ན་ཡུལ་ལྷའི་ལྷ་ཁང་གི་ཐོག་མ་སི་ཁྲོན་ཞིང་ཆེན་གྱི་ཙི་ཐུང་རྫོང་སྨེ་བདུན་རི་བོའི་ཧྲན་པིན་སི་ཡིན་ཞིང་། ཆིང་རིགས་ཀྱིས་མཆོད་ཅིང་ཀླུ་རུ་བཀུར་བར་བཤད། རྗེས་སུ་ཧོར་གྱི་གོང་མ་ཉན་ཡུག་གིས་བུན་ཁྲང་ཏུན་ཅོན་གྱི་རྒྱ་མིང་གསོལ་ཏེ་བཀུར་བ་རེད། སྐབས་དེར་བུན་ཁྲང་ནི་སྐར་ཁྱིམ་ཞིག་གི་མིང་སྟེ་སྐར་མ་སྨེ་བདུན་གྱི་ཁྱིམ་མཚེས་ཡིན་པར་བཤད། རྒྱའི་ངག་རྒྱུན་ལ། ལྷོ་ན་ཁོང་ཙིའི་མཆོད་བཀུར་ཆེ། །བྱང་ན་བུན་ཁྲང་གི་འཕྲིན་ལས་རྒྱས། །ཞེས་དམའ་བ་འབངས་དང་མཐོ་བ་གོང་མའི་བསྟེན་པའི་ལྷ་ཆེན་ཞིག་རེད། བོད་ལ་ནམ་ཡོང་གི་དུས་ངེས་གཏན་དང་ངག་གཅིག་མཚུངས་ཤིག་མེད་ནའང་ཆེས་སྔ་ན་ཡོན་རྒྱལ་རབས་དང་འཕྱི་ན་ཆིང་རྒྱལ་རབས་ཀྱི་སྐབས་སུ་བྱུང་བ་ཐག་གིས་ཆོད། སུས་ཁྲིད་ཡོང་གི་ཐད་ལའང་བཞེད་པ་མི་མཐུན་པ་འགའ་ཡོད་དེ། ཅོག་རོང་བླ་མ་བཤད་སྒྲུབ་རྒྱ་མཚོ་ཚང་གིས་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་འདི་ས་སྐྱ་ཚང་གི་བཀའ་བསྒོས་ཡིན་པར་གསུངས། ལ་ལས་སོག་སྟོན་ཡེ་ཤེས་རྒྱལ་མཚན་ཚང་གི་བཀའ་བསྒོས་ཡིན་པར་གསུངས། ཡང་ལ་ལས་རྗེ་གསེར་ཁྲི་སྐུ་ཕྲེང་གཉིས་པ་གོང་མའི་དབུ་བླར་བཞུགས་དུས་ཁྲིད་ཡོང་བར་བཤད། བཤད་ཚུལ་གཞན་ཞིག་ལ་སྔོན་ཆད་མི་ཉག་གིས་མཆོད་པ་ཧོར་གྱིས་མི་ཉག་བཅོམ་རྗེས། མི་ཉག་ཐོར་ནས་ཁྲི་ཀར་གནས་སྤོས་པ་ཚོས་མཆོད་པ་ལས་རིམ་གྱིས་ཁྲི་ཀའི་ཡུལ་སྤྱིས་མཆོད་པར་བཤད།
གང་ལྟར་ཡང་ཐོག་མར་ཨ་མྱེས་ཡུལ་ལྷའི་འཕྲིན་ལས་རྒྱ་ནས་རྒྱས་ཀྱང་ད་ལྟ་ཡུལ་ལྷའི་བསྟན་པ་བོད་ཡུལ་ན་དར་བ་བསྙོན་དུ་མེད།
རྡོ་སྦིས་སྤྱི་མདའ།
ད་ཐེངས་རྡོ་སྦིས་ཡུལ་གྱི་དྲུག་པའི་སྤྱི་མཐུན་ལབ་རྩེ་ཆེན་མོ་བསྟོད་དུ་སོང་བ་ཡིན། ལབ་རྩེ་འདི་ལ་ལོ་ངོ་སུམ་ཅུའི་ལོ་རྒྱུས་ལས་མེད་ནའང་གཞི་རྒྱ་ཧ་ཅང་ཆེ། རྡོ་སྦིས་ལུང་ཁོག་གི་བོད་སྡེ་ཉེར་ལྔ་དང་རྡོ་སྦིས་གྲྭ་ཚང་། ལུང་ཁོག་དེའི་བླ་ཆེན་དང་སྐྱེས་ཆེན་དག་ལའང་སྤྱི་མདའ་བསྟོད་པའི་སྲོལ་མཆིས།
དྲུག་པའི་ལབ་བསྟོད་རན་ལ་ཉེ་དུས་སྡེ་བ་རེ་ཡིས་སྤྱི་མདའ་རེ་དང་ཁྱིམ་ཚང་རེ་ཡིས་མདའ་ཕྲུག་རེ་གྲ་སྒྲིག་བྱེད་པ་རེད། སྤྱི་མདའི་བཟང་ངན་གྱིས་སྡེ་བ་དེའི་ཁོག་དཔུང་ལ་རྒྱ་མཚོན་གྱི་ཡོད། ལོ་རེ་བཞིན་སྤྱི་མདའི་མཐོ་དམའ་ལྟར་ཨང་རིམ་སྒྲིག་སྟེ་བྱ་དགའ་གནང་བས་འགྲན་རྩོད་ཧ་ཅང་ཆེ། དེའི་རྒྱུ་མཚན་གྱིས་སྤྱི་མདའ་སྦོམ་ཞིང་རིང་ལ། སྤྱི་རྒྱ་ལྔ་བརྒྱ་ལས་བརྒལ་འདུག་པར་མ་ཟད། འདེགས་འཁོར(吊车)མེད་ན་བསྟོད་ཐུབ་ཀྱིན་མི་འདུག འདི་འདྲའི་སྤྱི་མདའ་ནི་གདོད་མའི་ནགས་ཚལ་སྟུག་པོ་ན་མ་གཏོགས་གཅོད་རྒྱུ་མེད་པ་རེད། ཨང་དང་པོ་ཐོབ་མྱོང་བའི་སྤྱི་མདའ་ཞིག་གི་རིང་ཐུང་ལ་སྨི25.8དང་སྟེང་གི་སྦོམ་ཕྲ་ལ་ཁྲི་ཙེ1.5ཡོད་ལ། འགྲོ་སོང་དམངས་སྒོར་ཁྲི་ཉིས་ལྷག་འགྲོ་བར་བཤད།
སྤྱི་མདའི་མགོ་ལ་སྨྱུག་མ་དང་ཤུག་པ་བསྡམས་ཤིང་དེའི་འགབ་ལ་དར་ཚོན་སྣ་ལྔའི་གོས་ཆེན་དཔྱང་བར་མ་ཟད། མདའ་སྒྲོ་རིམ་པ་གསུམ་པོར་སྟག་སེང་ཁྱུང་འབྲུག་གི་རི་མོ་ཕབ་ཡོད།
སྤྱི་མདའ་བསྟོད་པའི་གོ་རིམ་ངེས་ཅན་ཡོད་དེ། ཐོག་མར་རྡོ་སྦིས་གྲྭ་ཚང་གི་སྤྱི་མདའ་བསྟོད་ཅིང་། བར་དུ་རྡོ་སྦིས་ལུང་ཁོག་གི་བླ་ཆེན་དང་སྐྱེས་ཆེན་དག་གི་སྤྱི་མདའ་བསྟོད་པ་རེད། མཐར་སྤྱི་མཐུན་ལབ་རྩེའི་ཁ་འགོ་སྡེ་བའི་སྤྱི་མདའ་ནས་མགོ་བཟུང་སྟེ་རིམ་པ་བཞིན་སྤྱི་མཐུན་ལབ་རྩེའི་ཁ་འགོ་ཉེ་བའི་སྡེ་བའི་གོ་རིམ་ལྟར་སྤྱི་མདའ་བསྟོད་ཅིང་མདའ་ཕྲུག་ཀྱང་དེ་ལས་མ་འདས་སོ། །
དཔའ་བོའི་རྡོ་རིང་།
མུ་འབྲེལ་བརྙན་འཕྲིན་ཟློས་གར་གྭ་ཏ་མེ་ལིན(嘎达梅林)ལ་བལྟས་པའི་སེམས་འགྱུ།
ད་ཐེངས་ཟླ་གནང་གི་གླགས་དང་བསྟུན་ནས་2002ལོར་འཁྲབ་ཁྲིད་པ་གྲགས་ཅན་ཧྥིན་ཞའོ་ཉིན(冯小宁)གྱིས་འཁྲབ་ཁྲིད་བྱས་པའི་ལེའུ༢༠ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་གྭ་ཏ་མེ་ལིན(嘎达梅林)ལ་བལྟས་པ་ཡིན། དེ་ནི་ཉེ་རབས་སུ་ནང་སོག་ཁི་འུར་ཆིན་རྩྭ་ཐང(科尔沁草原)ནས་བྱུང་བའི་མི་རིགས་དཔའ་བོའི་ལོ་རྒྱུས་མཚོན་པའི་ཟློས་གར་ཞིག་རེད། གྭ་ཏ་ནི་ཁོའི་མིང་ཡིན་ཞིང་མེ་ལིན་ནི་ཏྭ་འུར་རྒྱལ་པོར་ཆེས་བློ་དཀར་བའི་དཔོན་གནས་ཤིག་ཡིན་སྐད། ཁོས་ཕ་ས་རྩྭ་ཐང་དང་ཡུལ་མི་སྤུན་ཟླ་སྲུང་བའི་ཆེད་དུ་ཏྭ་འུར་རྒྱལ་རབས་དང་བྱང་ཤར་དམག་ཤེད་ཅན་ལ་དམར་འཛིང་དྲག་པོ་བགྱིས་ཏེ་གཅེས་སྲོག་གི་མཆོད་པ་ཕུལ་ནའང་ཁོང་གི་དཔའ་བོའི་རྡོ་རིང་འཛམ་གླིང་གི་ཡང་རྩེ་ན་ཀྲོང་ངེར་འགྱིང་འདུགདེ་ཡང་ཏྭ་འུར་རྒྱལ་རབས་ནི་ཇིང་གུར་རྒྱལ་བོའི་བུ་རབས་ཚ་བརྒྱུད་ཡིན་ཙང་། ལོ་ངོ་བདུན་བརྒྱ་ལྷག་ལ་ཁི་འུར་ཆིན་རྩྭ་ཐང་ཆེན་མོ་འདི་བདག་གིར་བྱས་པ་ཡིན། རྟིང་སོར་དུས་ཟིང་གི་འཁྲུག་ལོང་ལས་གཡོལ་མ་ཐུབ་པར་ཏྭ་འུར་རྒྱལ་པོའི་ལམ་ལུགས་ཅི་ལྟར་ཉམས་རྒུད་དུ་གྱུར་ཚུལ་དང་། དུས་ཟིང་ལ་དཔའ་བོ་འབྱུང་བའི་དཔེ་བཞིན་གྭ་ཏ་མེ་ལེན་ཞེས་པའི་དཔའ་བོ་དེས་ཕ་ས་རྩྭ་ཐང་དང་མ་ཡུལ་གཙང་བོ་སྲུང་བའི་དང་བླང་རུ་དཔུང་ཞིག་གི་སྣེ་དྲངས་ཏེ། ཕྱི་ཡི་བཙན་འཛུལ་དང་ནང་གི་ཟིང་འཁྲུག རུལ་དྲི་བྲོ་བའི་རྒྱལ་པོའི་ལམ་ལུགས་ལ་ངོ་རྒོལ་གྱིས་རང་ས་རང་ཡུལ་སྲུང་བའི་སྙིང་སྟོབས་ཀྱི་བ་དན་དགུང་དུ་འཕྱར་བ་ལགས།
ད་ལྟ་ཡང་ཁུ་འུར་ཆེན་རྩྭ་ཐང་ཆེན་མོར་འབྱུང་བཞིས་ཆགས་འཇིག་སྟེ། བྱེ་མས་ཕྱོགས་ཡོངས་ནས་དཔུང་འཇུག་བྱས་ཏེ་རྩྭ་ཐང་གི་བྲང་གཞུང་ཚལ་བར་གཤེགས་ཤིང་། ལུས་ཀྱི་ཟུངས་ཁྲག་གཞིབ་ནས་རྩྭ་ཐང་ཡོངས་བྱེ་མས་ཁྱུར་མིད་གཏོང་ལ་ཉེ་བར་བཤད།
བདག་གིས་བརྙན་འཕྲིན་ཟློས་གར་འདི་དང་ལས་དབང་གཅིག་པའི་ང་ཚོའི་འབྱུང་འགྱུར་ལ་བསམ་གཞིག་གཏོང་མི་བཏུབ་ཅིང་། བཙན་པོ་ན་རིམ་གྱི་མངའ་ཐང་དང་མཛངས་མི་རིམ་བྱོན་གྱི་མཁས་མཛངས། འཕྲུལ་བློན་ལུ་གུ་བརྒྱུད་ཀྱི་བློ་སྤོབས་ལ་ཡི་རངས་བྱེད་པ་ལས། གླང་དར་གྱི་གསར་བརྗེ་བློ་ཕམ་དང་གཅམ་ཚིག་གིས་སྤྲས་པའི་ཉེ་དེང་གི་ལོ་རྒྱུས་ལ་ཡི་ག་ལོག་ནས་གཉིད་ཀྱང་མ་ཁུགས།
བརྒྱ་ལ་གེ་སེར་རྒྱལ་པོ་ད་ལྟ་དངོས་སུ་འཁྲུངས་ན་ཡང་། ཅོལ་ཆུང་ཁབ་མིག་བློ་ཡི་བུ་གར་མི་ཤོང་བར་ཕྲག་དོག་སྦྲུལ་གྱི་ཁ་དུག་དང་གཡོ་ཟོལ་མེ་འོབས་ཀྱི་དོང་ལ་མི་ཚུད་པའི་ཡིད་ཆེས་སུ་ལའང་མེད་པས། ཀུན་རྟོག་གི་སྒོ་མོ་བསྡམ་པ་ལས་ཕུགས་བསམ་གྱི་རྨུ་ཐག་རྨེལ་བའི་བསྐལ་བ་ཞིག་ག་ལ་མཆིས།
འཐོར་རླུང་གི་བཙན་ས།
ཚགས་ཐོར་ཞིང་མཐོ་དམའ་མི་སྙོམས་པའི་གློག་སྡོང་གི་ཐོད་ལ་དཔྱངས་པའི་གློག་སྐུད་དང་དྲྭ་སྐུད་ཀྱི་སྡོམ་རྒྱ་ལས་འདྲེ་སྐད་དུ་བསྙད་པའི་ཤུགས་སྒྲ་ཞིག་འཇགས་མ་མྱོང་ལ། རྔ་མོང་གི་རྒྱབ་དང་ཕག་རྒོད་ཀྱི་སོ་ལྟར་འབྲེལ་བའི་བྱེ་སྒང་གི་ཁུག་སོ་ནས་ལྡང་བའི་འཁྱགས་རླུང་གིས་སྐྱེ་དངོས་ཀྱི་སྲོག་རྩར་སྙོབ་ཐེངས་གཅིག་གིས་ཤིང་བལ་རླུང་གིས་བདས་པ་ལྟར་གཡེང་བའི་རྣམ་ཤེས་ཀྱི་ཚོགས་ལ་སྡོམ་རྩིས་ལེན་པར་དཀའ།
བྱེ་མའི་དཔུང་འཇུག་ལ་རྒོལ་པའི་ཚེར་སྡོང་དང་ལྕང་སྡོང་། མ་སྡོང་སོགས་འཐབ་ར་སྲུང་བའི་རུ་དཔུང་ལྟར་བསྟར་ལ་སྒྲིག་ནའང་འཐོར་རླུང་གི་མདུན་ན་དངངས་ཤིང་འདར་ཟིག་ཟིག ཐ་ན་དབྱར་ཟླ་ར་བའི་གསོན་ཤུགས་མཚོན་པའི་དམག་ལྭ་ལྗང་ཁུ་དེའང་ཉི་འོད་ཀྱི་གཟི་མདངས་དང་ཁ་ཆར་གྱི་ནེམ་ཤ་མ་རེག་པར་ཐལ་མདོག་གི་ལྷན་པོས་ཁེབས་འདུག་ལ། ལོ་ཟླ་རྒས་པའི་འགྲོས་ཀྱིས་གཉོམ་ལག་རྒྱས་མ་ཐུབ་པའི་ལྗོན་ཤིང་གི་གེལ་བ་འཁུམས་ཤིང་ན་ཚོད་ཁོག་ལ་སོང་ཡང་ལང་ཚོ་མངོན་མ་ཐུབ་པའི་ཚེ་ལོ་བཅུ་བའི་རྒད་པོ་བགྲེས་སོང་ཞིག་དང་ཨ་ན་མ་ན་རེད།
དུས་བཞིའི་ཚ་གྲང་གི་མྱོང་བ་ཉིན་གཅིག་ལ་རོལ་ཐུབ་པའི་གནམ་གཤིས་ནི་རི་གྲོང་འདིའི་ཐུན་ཆོས་སུ་མངའ་ཞིང་། དགུན་ལྭ་ནི་ཡུལ་མི་རྣམས་ཀྱི་རྒྱུན་ལྭ་ཉག་ཅིག་གོ །
བཤས་རའི་རྫབ་དྲི་དང་སློབ་རའི་སྤྱོད་ཁང་གི་དྲི། གང་སར་རྒྱུ་བའི་རྫབ་ཆུའི་དྲི་གསུམ་ནི་འཐོར་རླུང་གི་རྔམ་པ་དང་འགྲོགས་ནས་དྲི་འཛིན་གྱི་དབང་བོ་བཟི་འཐོམས་ཤིང་སད་པའི་བསྐལ་བ་ཞིག་ཡོད་རེ་སྐན།
བྱེ་རྡུལ་གྱི་ཚན་ཁ་ཞུགས་པའི་རང་འབབ་ཆུ་ནི་ཆད་མ་མཐུད་དུ་འབབ་ཅིང་སིལ་ཁུ་ནག་པོ་ཞིག་དང་ཀུན་ནས་མཚུངས་པའི་བཏུང་ཆུས་མི་གྲངས་ཆིག་ཁྲི་ལྷག་གི་སྐོམ་གདུང་ག་ལ་སོད།
ས་རྡུལ་དང་བྱེ་རྡུལ་སྣ་ཚོགས་འཐོར་རླུང་གིས་བསྡུས་ནས་ཁ་མིག་གི་སྒོ་མོ་བརྒྱུད་དེ་འབྱུང་བཞིར་སིམ་ཞིང་དོན་ལྔ་སྣོད་དྲུག་གི་གཤེད་མར་རྒྱུ་ལ། ལྷག་ཏུ་གློ་གཅོང་ནད་ཀྱིས་བདག་གིར་བྱས་པའི་མི་མང་། ཆུ་རྙོག་གིས་གཏམས་པའི་ཕུང་བོ་འདིར་དྭངས་གཙང་གི་ཁྲག་རྒྱུན་ཟགས་པ་ནི་རྒྱུ་འབྲས་གཏན་ཚིགས་དང་འགལ་ཞིང་དབྱར་གཞུང་ལྟ་བུའི་ནམ་ཟླ་ཞིག་ལ་རེ་བ་མེད་ཀྱང་། འཐོར་རླུང་གིས་གཙེས་པའི་མྱ་ངམ་ཐང་འདིར་ཟོ་ཟོ་སྡོང་བོའི(梭梭树)ནགས་ཚལ་ཞིག་དང་དགུན་གཞུང་གི་ནམ་ཟླར་འཚམ་པའི་སློག་པ་ཞིག ནོར་བུ་ཀེ་ཏ་ཀ་ལས་གྲུབ་པའི་གསུས་པ་ཞིག་མཁོ་ཨང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།