བསེ་ཀུན་དོང་གི་སྙན་ངག་ཚན་པ་གཉིས།
རྩོམ་པ་པོ།:བསེ་ཀུན་དོང་།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-12-28 15:16:02
ཀློག་གྲངས།:
རོང་བོ་རྒྱ་མཁར།
རོང་བོ་རྒྱ་མཁར
ངའི་དྲན་ངོགས་ན་ཀ་ར་ཉོ་ས་ཞིག་གམ
ལྷ་སའི་བར་སྐོར་ལྟར་འཚུབ་པའི་ཁྲོམ་ཆེན་ཞིག
ངག་རྒྱུན་ལ་ཡབ་རྗེ་བླ་མའི་སྐྱབས་འོག་ཚུད་པའི
ཁེ་པ་བརྒྱད་ཅུ་ཐམ་པ་ཡོད་སྐད
རོང་བོ་རྒྱ་མཁར
ལོ་རྒྱུས་སུ་རོང་བོ་ནི་རུས་ཆེན་ཞིག་ཡིན་སྐད
རྒྱ་མཁར་ནི་ས་མིང་བྱེ་བྲག་ཅིག་ལས་མ་འདས
རྟིང་སོར་རོང་བོ་ནི་ཡུལ་སྤྱིའི་མིང་དུ་ཆགས་པས
རེབ་གོང་དང་རོང་བོ་རྟ་མོག་གི་སྤུ་ལྟར་སྣང
རོང་བོ་རྒྱ་མཁར
རོང་བོ་ནང་སོའི་མཁར་རྫོང་ཡིན་སྐད
ད་དུང་དུས་བཞིའི་འཕོ་འགྱུར་གྱིས་མ་ཚུགས་པར
མཁར་གྱི་སྒོ་མོ་རྔམས་ཤིང་བརྗིད
ལྕགས་རིའི་སོ་འཕྲང་དོག་ཅིང་བཙན
རོང་བོ་རྒྱ་མཁར
གོ་ཐོས་སུ་རི་བྱིའུ་མང་པོས་ཁ་རུབ་ནས
ཡུལ་བྱིའུ་ལ་གནས་མལ་དཀོན་པ་བདེན་ནམ
དེ་ནི་མི་བདག་བདག་ཏུ་རེ
བདག་པོ་སྒོ་ཁྱིར་འདོན་པའི་རྨི་ལམ་ཞིག་མ་ཡིན་གྲང
གཟབ་ཉན་དང་རེ་དོགས།
ཁ་སང་གི་ན་བུན་འཁྲུགས་ཤུལ་ནས
དེ་རིང་གི་ནམ་མཁའ་འདི
ལྟོས་ཚོད་ཀྱིས་འཇམ་ཐིང་ངེར་སྣང་ཡང
འབྱུང་བཞིའི་ཡོ་ལང་གི་འདུ་འགོད་རྟོགས་དཀའ
ནམ་ཞར་གནམ་གཤིས་སྔོན་བརྡར་གཟབ་ཉན་བགྱིས་ཡོད
མདང་དགོང་མཚན་གང་བོར་རླུང་གཡུགས་པ་རེད
གཡུགས་ཤུལ་དྲོ་ཡང་བབས་ཤུལ་འཁྱགས
བསམ་ཚོད་ཀྱིས་ཉི་ཐིག་གི་སྟ་གོན་ཡོད་ཀྱང
གནམ་གཤིས་ཀྱི་འཕོ་འགྱུར་དཔགས་དཀའ
ཉིན་ཞག་ཕྲུགས་མེད་དུ་རེ་དོགས་བགྱིས་ཡོད
ནམ་མཁའ་ཡུག་གཅིག་གི་སྒང་གཤོང་མི་སྙོམ་པས
གནམ་གཤིས་ལ་ཧེ་བག་ཆེ་ཡང
བསམ་ཡན་དུ་ཡུལ་དུས་ཀྱི་བསྐལ་བ་མེད་པར
ཚ་གྲང་གཞི་གཅིག་ཏུ་བསྲེས་པ་འདི
སྙིགས་བསྐལ་བདོ་བའི་མཚན་མ་ཡིན་ནམ
གཟབ་ཉན་གྱི་རྣ་བ་ཅོར་ནས
རེ་དོགས་ཀྱི་ལོ་ཟླ་འཁྱོལ་དཀའ
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།