ངའི་སྐད་ཆར་ནམ་ཞིག་ལ་རིན་ཐང་ཡོད།

རྩོམ་པ་པོ།:གཟུངས་སྐྱབས་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-12-13 15:16:49 ཀློག་གྲངས།:
ངའི་སྐད་ཆར་ནམ་ཞིག་ལ་རིན་ཐང་ཡོད།
གཟུངས་སྐྱབས་རྒྱལ།

        སློབ་གྲྭའི་སྒོ་ཐེམ་དུ་འདེགས་འཇོག་གི་གོམ་ཁ་བསྒྱུར་བ་ནས་ད་ལྟའི་བར་ཕལ་ཆེར་བགྲང་བྱ་བརྒྱད་ལྷག་ཙམ་འདས་པའི་རིང་ང་རང་དེ་རིང་གི་འདི་ལྟ་བུ་ཞིག་ངུས་མྱོང་མེད་ལ། ཆུང་དུས་སུ་ངུ་སྐྱེན་མོད། དེ་དུས་ཀྱང་དེ་རིང་གི་འདི་ལྟར་ངུས་མྱོང་བ་ཡེ་ནས་མི་དྲན། དེ་རིང་གི་དོན་དེས་བསྡད་ཀྱིན་བསྡད་ཀྱིན་ང་རང་ངུས་ཏེ་མཚམས་འཇོག་མི་ཐུབ་པར་གྱུར།
        སྤྱིར་ང་ནི་དོན་དག་ལ་བསྟན་བཤིག་ཚ་བོ་བྱེད་པར་དགའ་བས། མཚམས་རེར་སློབ་ཁྲིད་སྐབས་སུ་བསམ་གཟས་པ་མིན་མོད། དབང་མེད་དུ་གཡས་གཡོན་ལ་ལབ་གླེང་དང་ལག་པས་གཞན་ལ་རེག་པ་སོགས་ལུས་ཀྱི་སྦྱོར་བ་ཙ་ཙིག་རྩོམ་པར་དགའ་བས་བསླབ་ཁག་དགེ་རྒན་མང་ཆེ་བ་ཞིག་གི་སོ་ནང་གི་སྲིན་འབུ་དང་མིག་ནང་གི་ཚེར་མར་གྱུར་ཡོད།
        ཡིན་ནའང་། ཉིན་འདི་གར་འཛིན་བདག་དགེ་རྒན་ལགས་ཀྱིས་ང་རང་ཁོལ་དུ་བོས་ཏེ་སློབ་ཁྲིད་ལ་ལེགས་པོར་མཉན་པའི་ཁ་ཏ་མང་པོ་བྱས་པ་དང་། ངས་ཀྱང་རྒན་ལགས་ལ་ད་ནས་བཟུང་བསླབ་ལ་རྩེ་གཅིག་བྱེད་པའི་དམ་བཅའི་ཕུར་བ་སྙིང་གི་དཀྱིལ་དུ་བརྡབས་ཡོད་པས། སློབ་ཁྲིད་སྐབས་སུ་བསྟན་བཤིག་ཚ་བོའི་བརྟུལ་ཞུགས་དེ་ཡོ་བསྲང་བྱེད་པར་འབད་བཞིན་ཡོད་པས་དེ་རིང་ཕྱི་དྲོར་ཡང་པྲ་ཆལ་གྱི་སྦྱོར་བ་ཅི་ཡང་མ་སྤེལ་མོད། ཟོག་རང་འདུག་མགོ་རུ་རྡོ་རང་འཁོར་ཞེས་པ་ལྟར་རྒྱ་ཡིག་དགེ་རྒན་ལ་སློབ་ཐུན་སྐབས་སུ་རླུང་ལངས་ཏེ་ང་རང་ཕྱི་ལ་དེད་ནས་སློབ་ཐུན་གྲོལ་བའི་བར་སྒོ་རུ་བསླངས་བ་དང་། སློབ་ཁྲིད་གྲོལ་རྗེས་ནང་དུ་བོས་ཏེ་ཁོ་མོའི་ཡང་ཟོར་ཅན་གྱི་ཕྱག་ཟུང་གིས་ཕྲན་ལ་ཚ་བེར་བེར་གྱི་འགྲམ་ལྕགས་ཐེངས་མང་པོར་གཞུས་པ་མ་ཟད། སྔོན་མར་གུང་གསེང་བཏང་ནས་ཕྱིར་ལོག་སྐབས་གསར་དུ་ཉོས་པའི་ཕོར་བ་དེའང་ཉེས་མེད་དུ་གྱང་ངོས་སུ་བརྡབ་ནས་ཆག་ཧྲིལ་དུ་བཏང་། ངས་རང་གིས་པྲ་ཆལ་ཅི་ཡང་མ་བྱས་པའི་གནས་ལུགས་བསྙད་མོད། ཁོ་མོར་རླུང་དྲགས་པོ་ལངས་ཡོད་པས་ཁྱི་གུའི་སྡེར་འོག་ཏུ་ཞི་ལ་ཚུད་པ་ལྟར་སྔར་ལས་དྲག་ཏུ་ཁྲོས་ཏེ་ང་རང་སློབ་གྲོགས་མང་པོའི་གྲས་ས་འདྲུད་རྡོ་འདྲུད་བྱས་པས་དབང་མེད་ངུ་ཁ་ཤོར་སོང་། འདང་བརྒྱབ་ཀྱིན་ཉེས་མེད་པར་གཅར་རྡུང་བྱས་པ་རེད་འདོད་ན། སེམས་གཏིང་ནས་དང་ལེན་མི་ཐུབ་པས་ངུས་པ་ཡིན་ལ། ངུས་ཀྱིན་ངུས་ཀྱིན་རླུང་ལངས་པས་རབ་ཏུ་ངུས་པ་ཡིན།
        སུ་ཞིག་གིས་སྙན་སེང་ཞུས་པ་ཡིན་པ་མ་ཤེས་མོད། རྟ་ཞོན་གྱི་བརྡ་མ་སླེབས་གོང་ལ་གཡག་ཞོན་གྱི་སྐད་ཐོན་ཞེས་པ་ལྟར་དོན་དེ་འཛིན་བདག་དགེ་རྒན་ལགས་ཀྱིས་ཤེས་པས། ང་རང་སློབ་ཁང་དུ་སྐད་གསང་མཐོན་པོས་ངུ་བཞིན་པའི་སྐབས་ཁོ་རང་སླེབས་བྱུང་། ངས་འཛིན་བདག་ནི་སྐྱིད་སྡུག་ཞུ་སའི་བླ་མ་དང་སྙིང་གཏམ་བཤད་སའི་ཕ་མ་ཡིན་པར་འདོད་དེ། ཉིན་དེའི་དོན་དག་ཐམས་ཅད་སྦ་གསང་མེད་པར་ནམ་གསལ་གསལ་ཉི་མ་ཤར་ཤར་གྱིས་བཤད་མོད། རྐུ་དང་རྫུན་ལ་གཅིག་ཞུགས་པའི། །མི་དེར་རྟག་ཏུ་དོགས་པ་སྐྱེ། །ཞེས་པའི་དཔེ་བཞིན་ཁོ་རང་ངས་བཤད་པའི་གཏམ་ལ་ཡིད་ཆེས་པ་ལྟ་ཅི། དེ་ལས་ལྡོག་སྟེ་ངས་དུས་རྒྱུན་བསྟན་བཤིག་ཚ་བོས་སློབ་ཁྲིད་ལ་མི་ཉན་པར་པྲ་ཆལ་བྱེད་པ་དང་ཐེངས་འདིའི་ཡིག་རྒྱུགས་བཏང་བར་བལྟས་ན་སློབ་སྦྱོང་བྱེད་ཀྱི་མེད་པ་སོགས་འདྲེས་ཤར་ནས་གནོད་པ་ལ་གླུད་ནུབ་ཏུ་གཏོང་པ་དང་། སྟག་ནགས་ནས་མཆོངས་པ་ལ་རྗེས་སྤང་ནས་བཙལ་བའི་བདེན་ལུང་བ་གང་དཔང་ལ་བཅོལ་ཏེ་མཛུབ་མོ་ཀེར་ནས་བཀྱོན་པ་ལས། སེམས་གསོ་དང་རྒྱབ་སྐྱོར་ཀྱི་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པས། མུ་གེའི་ལོ་ལ་ཟླ་ལྷག་ཅེས་པ་ལྟར་ང་རང་གནམ་རྡིབ་པ་ལྟ་བུའི་སྐྱོ་གདུང་གིས་མནན་ཏེ་ངུ་མཚམས་གཏན་ནས་འཇོག་མ་ཐུབ་པར་གྱུར་པ་དང་། ཡང་སེམས་སུ་སློབ་གྲོགས་རེ་གཉིས་ཀྱིས་ང་རང་ལ་ནག་ཉེས་ཅི་ཡང་མེད་པ་བདེན་དཔང་བྱེད་ཐུབ་ན་སྙམ་མོད། དེ་ནི་སྦལ་བ་ན་ཀོང་ནང་དུ་བསྡད་དེ།བསམ་པ་གླིང་དཀར་སྟོད་ལས་མ་འདས།
        ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པ་ནི་ཅི་འདྲའི་བདེན་པ་ལ། མ་གཞིར་ངས་པྲ་ཆལ་གྱི་སྦྱོར་བ་དང་བསྟན་བཤིག་ཚ་བོའི་རང་གཤིས་ལ་འགྱུར་བ་བཏང་སྟེ། བསླབ་ལ་འབད་པའི་ཆོད་སེམས་བརྟན་པོ་ཞིག་བཅངས་ཡོད་མོད། དེ་རིང་གི་དོན་ཕྲན་ཚེགས་འདིས་ངའི་སེམས་ཀྱི་འདུན་པ་རྨག་མེད་བཏང་བ་མ་ཟད། རང་ཉིད་རང་ལ་ཚིག་པ་ཟ་བར་གྱུར། ནམ་ཞིག་ལ་ངས་བཤད་པའི་སྐད་ཆར་རིན་ཐང་ཡོད་དམ།

རྩོམ་པ་པོ་ནི་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།