རྐྱང་རྩེ་རྡོར་ལྷུན་གྱི་སྙན་ངག
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-12-02 16:55:59
ཀློག་གྲངས།:
༄༅།།གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་གཤིས་ཡིད་འཕྲོག་པདྨའི་དྲི་རྫིང་།
རྐྱང་རྩེ་རྡོར་ལྷུན།
འཛམ་གླིང་ཤེས་བྱའི་རིག་པའི་ཆུ་གཏེར་ལས།།
ལེགས་འཁྲུངས་རྩོམ་རིག་སྒྱུ་རྩལ་འོད་དཀར་ཅན།།
ངོ་མཚར་མཁའ་རུ་འཕགས་པའི་གཟི་བྱིན་ལས།།
རིགས་སོའི་རྩོམ་གཤིས་ཟེར་བརྒྱ་འཛུམ་མེར་སྤྲོ།།
རྒྱ་གར་ཡུལ་དང་གྷི་རིགས་པ་ཡི་སྡེར།།
སྔ་མོ་ནས་བཟུང་སྒྱུ་རྩལ་ཡོངས་ཀྱི་རྩེ།།
སྙན་ངག་མཛེས་རྟོག་འཆད་པའི་ལྗགས་བརྒྱའི་གཞུང་།།
རྩོམ་གཤིས་སྨྲ་ལྕེ་ཆད་བར་བརྗོད་མཐའ་བྲལ།།
གངས་ཅན་ཡུལ་འདིར་སྙན་ངག་མཁན་རྣམས་ཀྱིས།།
སྤྱིར་ན་བོད་རྩོམ་འཕེལ་བའི་སྤྱི་འགྲོས་དང་།།
སྙན་ངག་མེ་ལོང་དར་བའི་ཤུགས་རྐྱེན་གྱིས།།
རིམ་པ་གཉིས་སུ་ཁས་ལེན་ཡང་དག་ལུགས།།
དེ་ཡང་སྔ་དར་ཏུང་ཧོང་མགུར་གླུ་དང་།།
བཀའ་ཆེམས་ལ་སོགས་སྙན་པའི་རྩོམ་མོད་ཀྱང་།།
དེ་ལ་ཐུན་མོང་བློ་གྲོས་རྩལ་འདུས་པས།།
སུ་དང་གང་གི་རྩོམ་གཤིས་མི་མཐོང་འདོད།།
ཕྱི་དར་འབྲོམ་གྱི་ཇོ་བསྟོད་སུམ་ཅུ་ནས།།
གསེར་རི་བཞིན་བསྟར་མཁས་དབང་རིམ་བྱོན་ཚོགས།།
བསྟོད་བའི་ལེགས་སྨོན་གསོལ་བའི་ལྗགས་རྩོམ་གཤིས།།
གཅིག་ཟླར་གཅིག་གིས་འགྲན་པ་འདི་འདྲ་མཆིས།།
ཚིག་གི་སྤྲོས་པ་མེད་པས་ངོས་གཙང་བ།།
སྦྱོར་བ་ཁ་ལ་བདེ་བས་འཛིན་བདེ་བ།།
དཔེ་དོན་བོད་དང་འབྲེལ་བས་སྙིང་ཉེ་བ།།
འབྲོམ་དང་མི་ལའི་རྩོམ་གྱི་གཤིས་སུ་བཞེད།།
ཁྱད་པར་འདི་ནས་བོད་དུ་སྔར་དཀོན་པའི།།
མི་རིགས་གཞན་གྱི་སྒྱུ་རྩལ་ངེས་ཅན་ཏེ།།
ཐུགས་རྗེ་ལྕགས་ཀྱུ་ཀུན་གཞིའི་ཞིང་ས་སོགས།།
གཟུགས་རྒྱན་མེ་ཏོག་ཆུན་པོའི་རྒྱ་གྲོལ་སྐད།།
སྐབས་འགར་སྒེག་ཅིང་ཡིད་དུ་འོང་བ་དང་། །
སྐབས་འགར་སྙིང་ཉེ་སྐྱོ་བ་རབ་འདྲེན་པའི། །
གོ་སླ་འཚོ་བ་དངོས་དང་ཐག་ཉེ་བ། །
མགུར་གླུ་སྤྱི་ཡི་རྨད་བྱུང་རྩོམ་གཤིས་སྐད། །
ཚིག་ཉུང་དོན་འདུས་བརྗོད་བྱ་རྒྱ་ཆེར་སྟོན།།
ཚིག་རྒྱན་ལེགས་སྤྲས་མཁས་པའི་ཡིད་རབ་འཕྲོག །
བླུན་པོས་གོ་སླ་མཁས་རློམ་བརྒྱ་འདུས་ཀྱང་།།
དཔྱོད་པར་མི་ནུས་ས་པཎ་མཆོག་གི་གཤིས།།
རྒྱ་མཚོའི་རླབས་ཕྲེང་འཕྱོ་ལྟར་བརྗིད་ཉམས་སྟོབས།།
སྡེབ་སྦྱོར་གཞུང་ལ་སྦྱར་ཏེ་སྔར་མེད་སྲོལ།།
ཀ་རྩོམ་ཞེས་བྱ་གཞན་ན་མ་མཆིས་པ།།
སྲོལ་ཕྱེ་ཆོས་རྒྱལ་འགྲོ་མགོན་འཕགས་པའི་གཤིས།།
ཚིག་གི་སྡེབ་ལེགས་སྙན་པའི་རོ་མངའ་ཞིང་།།
ཡིད་ལ་དགའ་བསྐྱེད་གོ་བདེ་ཞལ་གསལ་བ།།
སྙན་གཞུང་མེ་ལོང་འོད་ཀྱི་ཐོག་མའི་མདངས།།
འཕོས་པ་ཀུན་མཁྱེན་ཀློང་ཆེན་པ་ཡི་གཤིས།།
ཚིག་རིས་སྒེག་ཉམས་ཆེ་ལ་ཡི་གར་འོང་།།
དོན་ཟབ་རྒྱ་ཆེ་སྦྱོར་བདེ་འཛིན་པ་སླ།།
རྟོག་འཆར་འདུ་འགོད་འགྱུ་བའི་ཁྱད་མཚར་ཅན།།
ཚིག་དོན་སྒྲ་རྒྱན་ཉམས་ལྡན་ཙོང་ཁ་པ།།
དེ་དང་མཐུན་པར་ཞང་ཞུང་ཆོས་དབང་གྲགས། །
ཁྱད་ཆོས་དེ་བསྟུན་ཚིག་ལ་སྡུད་ཚབས་ཆེ། །
དོན་ལ་མཆོངས་སྟོབས་ཆེ་བས་ལྷག་པར་བརྗིད། །
སྒྱུ་རྩལ་འགྱིང་བག་ཆེ་བས་ཀུན་ལ་གྲགས། །
སྒྲ་ལ་བརྗིད་ཆགས་ཚིག་ལ་སྒྲོམ་ཆེ་ཞིང་།།
ཁ་དམ་གོ་དཀའ་ངག་ལ་འཁྱོག་བརྗོད་མོད།།
སྤོབས་པའི་གཟེངས་མཐོ་རྫ་རྔ་འབུམ་ཕྲག་གཅིག།
དུས་གཅིག་འཁྲོལ་སྙམ་གངས་ཅན་མཁས་གྲུབ་རྗེ།།
ཚིག་གི་སྦྱོར་བ་བརླིང་ཞིང་གཞུང་ཁོག་ཡངས།།
རླབས་ཆེ་སྒེག་ལྡན་ཕུན་ཚོགས་ལེགས་བཤད་གཏམས། །
ཆོས་སྲིད་རྩ་བ་སྡུད་པའི་མཁྱེན་རབ་ཡངས། །
རྒྱལ་དབང་ལྔ་བའི་རྩོམ་གྱི་གཤིས་ཀ་ལགས།།
གང་ལ་རྒྱ་ཆེ་གཏིབ་ཟབ་མི་དམངས་ཀྱི། །
རང་བཞིན་ལྡན་ཞིང་གོ་བདེ་སྙན་འཇེབས་ཚིག།
བཟུང་སླ་འདུས་ཆེ་དོན་རེ་གསོན་ཉམས་ངང་། །
མཚོན་པར་བྱེད་པ་ཚངས་དབྱངས་རྒྱ་མཚོའི་མགུར། །
བཅོས་མིན་ཤུགས་དྲག་ཡིད་ཀྱི་འགྱུར་བ་དག།
ཚིག་འབྲུར་གསལ་ཞིང་བཀོད་མའི་ཆུ་མིག་ལྟར། །
ལྷོག་ལྷོག་འཕྱུར་བ་དཎྜི་དགོངས་རྒྱན་བདག།
བོད་མཁས་མི་ཕམ་དགེ་ལེགས་རྣམ་རྒྱལ་གཤིས། །
མཁས་རྨོངས་བར་མ་སྐྱེ་བོ་མཐའ་དག་གིས། །
འཛིན་བདེ་སྙན་ལ་རོ་ཉམས་ཆེར་ལྡན་ཞིང་། །
འཇམ་རྩུབ་ཅི་ལྟར་བཤད་ཀྱང་གདམས་ངག་གི། །
དབང་གྱུར་རྫ་སྤྲུལ་དཔལ་གྱི་རྩོམ་གྱི་གཤིས། །
སྐུ་ཚེ་སྟོད་ལ་བརྗིད་ཅིང་སྨད་ཀྱི་རྩོམ། །
ཚིག་སྦྱོར་བབས་ཆགས་གོ་སླ་བཟུང་བདེ་ལ། །
དལ་འབབ་ཆུ་བོའི་བཞུར་སྒྲའི་དབྱངས་ཀྱི་རྟ། །
ལྷང་ངེར་མངོན་པ་གུང་ཐང་བསྟན་པའི་གཤིས། །
དཔེ་ཉམས་སྟེང་ནས་དོན་ལ་ངེས་པ་འདྲེན། །
ཚིག་ཟུར་ཙམ་ཡང་ཉམས་འགྱུར་དུ་མས་ཕྱུག།
ཐ་སྙད་པ་ལ་སྙན་ངག་ཉམས་ལེན་པར། །
ལམ་རིམ་བློ་སྦྱོང་དཔལ་སྟེར་ཐུའུ་བཀྭན་ལུགས།།
ཚིག་ཤ་གྲིམ་ཞིང་དོན་ལ་ཆོད་སྟོབས་ཆེ།།
སྤམ་མཐོ་བརྗིད་ཆགས་ཟབ་ཅིང་རྒྱ་ཆེ་བ།།
དོན་གནད་འདྲིལ་ཞིང་དགག་རིགས་རལ་གྲི་ཁས། །
ཐེ་ཚོམ་གཅོད་མཛད་རྡོ་བིས་དགེ་བཤེས་གཤིས།།
འཕགས་ཡུལ་བེེ་དརྦྷའི་དང་གོོ་ཌ་པའི། །
གཤིས་གཉིས་ལ་བྱང་གཞན་ལས་ཁྱད་དུ་འཕགས། །
གངས་ཅན་སྙན་ངག་ཀུན་གྱི་སྙིང་བོའི་བཅུད། །
གཅིག་སྡུད་བྱས་འདྲ་ཡོངས་འཛིན་དཔལ་ལྡན་ལུགས།།
རི་བོ་ས་གཞིར་ལྷུང་དང་དབྱངས་ཅན་གདངས། །
རྗོད་བྱེད་ཚིག་རྣམས་བརྗིད་ཆགས་སྙན་ཆ་ལྡན། །
ཁ་དམ་འགྲན་བྲལ་སྙན་རྩོམ་ཉ་རྒྱས་ཟླར། །
གྲགས་པ་འཇིགས་མེད་དམ་ཆོས་རྒྱ་མཚོའི་གཤིས། །
ཚིག་དབྱངས་དོན་གསུམ་སྒྱུ་རྩལ་སྙན་པའི་རྒྱུད། །
གཅིག་ཏུ་བསྡུས་ཏེ་སྙན་པའི་རོ་མཆོག་མངར། །
ཁྱད་པར་དང་བཅས་ཐོན་པ་རྡོ་གྲུབ་དང་། །
དགེ་ཆོས་སོགས་ཀྱི་རྩོམ་གཤིས་ཡིན་པར་སྨྲ། །
ཐོས་ཙམ་གྱིས་ཀྱང་ཁོང་འཛུམ་སྤྲོ་བྱེད་པའི། །
དཔེ་བྲལ་སྙན་འཇེབས་རྣ་བའི་བཅུད་ལེན་གང་། །
ཚིག་སྦྱོར་རྨད་བྱུང་འཇོ་བའི་འབྱུང་གནས་ཆེ། །
འཇིགས་མེད་རིག་བློས་རང་ལ་སྦྱར་བའི་གཤིས། །
ཚོར་འདུ་གཡུ་འབྲུག་ལྡིར་བ་ལྟ་བུའི་སྤོབས།།
གློག་ཞགས་དྲག་ཏུ་འཁྱུག་པའི་དྲག་ཤུལ་ཉམས།།
མ་བུ་ལྷན་དུ་འཛོམས་འདྲའི་དགའ་སྐྱོའི་ཉམས།།
དགོས་ལས་སྒྱིད་ལུག་སྤོངས་སྐུལ་ད་ལྟའི་སྲོལ།།
སྤྱིར་ན་རྩོམ་གཤིས་གྲགས་དོན་རབ་དྭངས་ལ། །
གོམས་པ་ས་པཎ་ཀློང་ཆེན་རབ་འབྱམས་དང་། །
བློ་བཟང་གྲགས་པ་ཀརྨ་རང་བྱུང་བ། །
བོ་དོང་པཎ་ཆེན་བློ་བཟང་ཡེ་ཤེས་དང་། །
ཚངས་དབྱངས་རྒྱ་མཚོ་འབྲུག་ཁམས་སྤྲུལ་བའི་སྐུ།།
འཇུ་མི་ཕམ་དང་གུང་ཐང་བསྟན་པའི་སྒྲོན། །
རིག་པའི་སེངྒེ་སཾགྷདྷརྨ་སོགས། །
དེ་ཡང་ཅུང་ཟད་རྟོགས་དཀའི་ཁ་དམ་པར། །
མཁས་གྲུབ་རྗེ་དང་རྒྱལ་དབང་ལྔ་བ་དང་། །
བོད་མཁས་པ་དང་རིན་སྤུངས་འཇིགས་མེད་དང་། །
ཞང་ཞུང་གྲགས་པ་རྡོ་བིས་དགེ་བཤེས་སོགས། །
འདི་ཡང་ཐུན་མིན་ཁྱད་འཕགས་རྩོམ་གཤིས་ལས། །
རིགས་གཅིག་བསྐྱར་ཟློས་ངལ་བ་སྤང་སྟེ་བཞེད། །
བཞེད་ཚུལ་འདི་ཡང་རྗེས་རབས་དཔྱོད་ལྡན་དག །
འདོད་པའི་ལྟ་བ་ཕྱོགས་གཅིག་སྤུངས་པ་ལས། །
ཤེས་རློམ་དམན་ཆུང་ཁ་ཕོའི་ཚིག་སྟབས་ཀྱིས། །
སྔོན་མེད་གསར་དུ་རྟོགས་པའི་རིག་པ་མིན། །
དེ་ལྟར་གངས་ཅན་མཁས་དབང་རིམ་བྱོན་གྱི། །
རྩོམ་གཤིས་ཡིད་འཕྲོག་པདྨའི་དྲི་རྫིང་འདིས། །
རྗེས་རབས་སྙན་ངག་རྩོམ་གྱི་གྲྭར་འཇུག་པར། །
ཕན་པའི་ངག་རིག་ཟེའུ་འབྲུ་རྒོད་པར་ཤོག །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།