འབའ་བུ་སྣང་སྐྱིད་ཀྱི་བཅད་མ་འགའ།

རྩོམ་པ་པོ།:འབའ་བུ་སྣང་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-11-25 11:11:48 ཀློག་གྲངས།:
ཉི་ནུབ་ཀྱི་སྔ་གཞུག་ཏུ་བཏུས་པའི་ཐ་སྙད་ཀྱི་ཚོགས། 

སྲོད་ཁའི་འཆར་སྣང་།

རྒྱང་གི་གནམ་ས་འདྲེས་མཚམས་སུ།།
མཚལ་ལྟར་དམར་པོའི་མེ་ཏོག་འཁྲུངས།།
ང་ཡི་གདོང་དང་ལག་མཐིལ་དུ།།

འོད་ཀྱི་ཆར་བ་ག་ལེར་བབས།།
མིག་ཟུང་བཙུམ་ནས་རང་ཉིད་བཙལ།།
སྣང་བའི་མཁའ་ལ་རི་མོ་བྲིས།།
གལ་ཏེ་ང་ནི་བྱ་ཞིག་གམ།།
མིན་ཀྱང་ནམ་འཁར་འཕུར་ཤེས་པའི།།
ནུས་པའི་མཐུ་ཙམ་ཡོད་གྱུར་ན།།
ངས་ནི་ཁྱོད་ཀྱི་མགོ་ཐོག་ཏུ།།
ལྡིང་སྐོར་བརྒྱག་ཅིང་གླུ་གཞས་གཏོང་།།
མུན་པ་ཕྱི་ཞིང་རྨི་ལམ་བསྐྲུན།།

སྙན་ངག་བཀླགས་པ།

ཆུ་ཁོལ་ནང་དུ་ཇ་ལོ་སྦངས།།
གཞུང་ལས་ཁང་དུ་ཞོགས་ཟས་ཟ།།
འཚོ་བ་བཙགས་པའི་ཐ་སྙད་ཟ།།
ཚོར་བ་བཏབ་པའི་མེ་ཏོག་འཐུ།།
མིང་དང་ཚིག་གིས་འཚོ་བ་བཤད།།
འཚོ་བའི་མངར་སྐྱུར་ཁ་གསུམ་བཤད།།
ང་ནི་འདི་ལ་རབ་ཏུ་དགའ།།

འཚོ་བ་སྟོན་པའི་མེ་ལོང་དུ།།
ཚོར་བ་རྨང་ནས་སྦྲིད་བྱེད་པའི།།
ཐ་སྙད་དག་གི་སྤྱན་སྔ་རུ།།
ལོ་ན་ཕྲ་བའི་བྱིས་པ་བཞིན།།
སྐབས་རེར་དགོད་ཞིང་ངུ་བ་ལ།།
འདི་ནི་མི་ཚེ་ཡིན་རབས་འདོད།།
ང་ནི་ནམ་ཞིག་གསལ་བྱེད་དམ།།
ཡང་ན་དབྱངས་ཤིག་ཡིན་ཀྱང་ཆོག།
འདི་ལ་འཐིམ་ནས་ཤི་གྱུར་ན།།
ལང་ཚོ་ཉམས་པར་ཐེ་ཚོམ་ཅི།།

དུས་ཚོད་ཀྱི་མདུན་དུ།

ཉི་འོད་ནང་གི་ལང་ཚོ།།
ཆུ་མོ་ནང་བཞིན་བཞུར་ནས།།
རླུང་གི་གཤོག་པས་བསྒུལ་བའི།།
ཤོག་བུའི་ངོས་ཀྱི་འཇིག་རྟེན།།
ག་ལེར་ཆུ་ཡིས་ཟོས་པས།།
མི་རྣམས་བྲེལ་ཤ་ལངས་ནས།།
རང་ལ་ལྕགས་རིའི་བསྐོར་ཡང་།།
འཆི་བདག་གློ་བུར་སླེབས་ནས།།
སྐེ་ལ་ཞགས་པ་བསྐོན་སོང་།།
ཟུང་ཁྲག་ས་ལ་གཏོར་སོང་།།
སྐྲ་ཉག་རླུང་ལ་བསྐུར་སོང་།།
ཕུང་བོ་ཆུ་ལ་བསྐྱུར་སོང་།།
ལྷག་མ་མེ་ལ་བཏབ་སོང་།།

ཧ་ཅང་ཉམས་ཆུང་ཡིན་པའི།།
མི་རྣམས་འཆི་བདག་མདུན་དུ།།
གྲལ་ཕྲེང་རིང་མོར་བསྒྲིགས་ནས།།
ད་དུང་འཆར་གཞི་བཟོ་བར།།
མཚར་བའི་ཉམས་དང་བཅས་ཏེ།།
མེ་ལོང་ནང་དུ་བལྟས་པས།།
ང་ཡི་ཕུང་བོའི་ཕྱེད་ཀ།།
ཅི་ལྟར་བཙལ་ཡང་མ་མཐོང་།།

རོལ་དབྱངས་ལ་མཉན་པ།

ཉི་ཟླ་གཞན་ལ་མི་ཡོ་བར།།
ང་ཡི་ནམ་མཁའ་ཁོ་ནར་ཤར།།
འོད་ཟེར་བྱེ་བ་ཕྲག་བརྒྱ་ཡང་།།
ང་ཡི་ས་ཕྱོགས་ཁོ་ནར་འཕྲོས།།
དེ་ལས་འཇིག་རྟེན་སྣ་ཚོགས་འཁྲུངས།།
དེ་ལས་སྐད་སྙན་སྣ་ཚོགས་འབྱིན།།
དེ་ལས་མཛེས་སྡུག་སྣ་ཚོགས་མངོན།།

ང་ནི་མུན་པ་མེད་པ་ཡི།།
ས་ཕྱོགས་དེ་རུ་གནས་འཁོད་པས།།
མི་ཡི་བྱེ་མའི་ཐང་ཆེན་དུ།།
མུན་པ་འཐིབ་ཅིང་རླུང་ལྡིང་ནས།།
འབྲུག་སྒྲ་གྲགས་ཤིང་ཐོག་བརྒྱབ་ཀྱང་།།
ང་ནི་རོལ་མོའི་ཞིང་ཁམས་སུ།།
རྣམ་ཤེས་འཕོ་བར་རྩོམ་པ་ཡི།།
མར་མེའི་མདུན་གྱི་གསོལ་འདེབས་ལ།།
བློ་བ་གཏད་ཅིང་ལག་པ་ཡིས།།
དངོས་གྲུབ་ལེན་པར་བསྲིངས་ནས་ཡོད།།

ང་ཡི་སྒོ་ཁར་འཚང་བ་ཡི།།
རྨི་ལམ་དཀྲུག་པའི་འཛེར་སྒྲ་དག།
ད་ནི་ང་ལ་འབྲེལ་བ་ཅི།།

                                                 ༢༠༢༡/༡༠/༢༦  
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།