ཨ་ཅེ་སྤྱན་ཡངས།

རྩོམ་པ་པོ།:གནུབས་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-11-17 11:03:52 ཀློག་གྲངས།:
ཨ་ཅེ་སྤྱན་ཡངས། 
 གནུབས་རྒྱལ་མཚན།[མགོ་ལོག]
        ཨ་ཅེ་སྤྱན་ཡངས་ནི་སྙན་ངག་པ་ཞིག་ཡིན། རྩོམ་སྒྲིག་པ་ཞིག་ཀྱང་ཡིན། ཨ་ཅེ་སྤྱན་ཡངས་ངེད་གཉིས་ངོ་ཤེས་པའི་དུས་ནི་ངེད་ཀྱི་གཅུང་བོའི་ལག་པ་རྟས་ཐང་ལ་དྲུད་དེ་བཅག་པ་བཤགས་བཅོས་བྱེད་དགོས་བྱུང་བས་ཟི་ལིང་གི་སྨན་ཁང་(西宁恒生骨伤专科医院)ནང་དུ་བསྡད་ཡོད་པའི་ཉིན་ཞིག་གི་ཕྱི་དྲོ་ཡིན། ང་ནད་ཁྲིའི་ཐད་སོར་གྱི་འདུག་སྟེགས་སུ་ཙོག་ཏེ་«མེ་ཏོག་དེ་ཁྱོད་ཀྱི་ཡིན་»ཞེས་པའི་རྩོམ་ཐུང་དེ་འབྲི་བའི་སྐབས་སུ། ཁ་པར་གྱི་སྒྲ་དུང་ཏིར་ཏིར་དུ་གྲགས་བྱུང་། ཡིན་ནའང་། ཨང་གྲངས་དེ་ནི་ཆ་མེད་རྒྱུས་མེད་ཅིག་ཡིན་པས་སྒོ་ཕྱེ་མིན་ལ་ཐེ་ཚོམ་ཞིག་སྐྱེས་སོང་། ས་གནས་གང་གི་ཡིན་པར་བལྟས་པས་མགོ་ལོག་གི་ཡིན་པ་ཤེས་ཙམ་བྱུང་སྟེ་སྒོ་བླངས་པ་ཡིན། སྐད་གསེང་ཕྲ་ངེ་བའི་བུད་མེད་ཅིག་རེད། “བཀྲ་ཤིས་བདེ་ལེགས། ཁྱེད་རང་གནུབས་རྒྱལ་མཚན་ཨེ་ཡིན་ཞེས”དྲིས་བྱུང་། ང་འཚོལ་དོན་ཅི་ཡིན་ནམ་སྙམ་པའི་དངངས་འཚུབ་ཅིག་གིས་མགྲིན་པ་ལས་སྐད་ཆ་ཤོད་ལ་མི་ཤོད་ངང་ཡིན་ཞེས་ཤོད་ཐབས་བྱས་པ་ཡིན། མོས་ཁྱོད་ཀྱི་རྩོམ་ཡིག«འབྲོག་པའི་བུ་མོ་ཞིག་དྲན་པ»ཞེས་པ་ངེད་ཤྭ་སྐྱ་རྩོམ་སྒྲིག་ཁང་གི2020ལོའི་དེབ་གསུམ་པར་བདམས་ཐོན་བྱུང་བས། ཁྱོད་ཀྱིས་རྩོམ་དེའི་ཁ་བྱང་རྒྱ་ཡིག་དང་ཐོབ་ཐང་སོགས་འབྲེལ་གནས་སྐོར་སྐུར་རོགས་ཞེས་བཤད་བྱུང་། འཕྲིན་ཕྲན་འབྲེལ་རྗེས་དྲ་ལམ་བརྒྱུད་དེ་སྐུར་བ་ཡིན། ད་དུང་མ་རྩོམ་དེའི་མཇུག་མཐའི་ཤོ་ལོ་ཀ་འགར་བཟོ་བཅོས་ཤིག་ཀྱང་བརྒྱབ་ཏེ་སྐུར་བ་ཡིན། ཡིག་འབྲུས་མཚོན་བཀའ་དྲིན་ཞིག་ཀྱང་ཞུས་པ་ཡིན།   
        དྲ་ལམ་བརྒྱུད་པའི་འབྲེལ་གནས་ཡོད་ནའང་། རྗེས་སུ་གླེང་མོལ་དང་ལབ་མང་ཅི་ཡང་མི་འདུག ཁོ་མོས་བྲིས་པའི་རྩོམ་ཡིག་ཁག་ཅིག་«མཚོ་སྔོན་བོད་ཡིག་གསར་འགྱུར་»དང་ «མཆོད་མེ་དྲ་བ་»རེ་གཉིས་སུ་བཀོད་འདུག་པ་རང་གིས་མཐོང་བ་སྐོར་ཞིག་བཀླགས་རྗེས་སྒེར་ཐོག་ཏུ་སྐུར་མྱོང་ལས་གཞན་འཆད་མོལ་བྱས་པ་ཡོད་མྱོང་མེད།
        2021ལོའི་ཟླ་བ་དྲུག་པའི་སྨད་ཆར་ངེད་ཚོ་(ང་ཚོ་དང་སྙན་ངག་ཚང་)ཚོགས་པའི་རྩོམ་དེབ་«རྨི་ལམ་དགུ་བ»ཞེས་པ་ཇུས་འགོད་དང་རྩོམ་སྒྲིག པར་སྐྲུན་སོགས་བཟོ་སླད་དུ་དམིགས་སློབ་གྲྭར་གནང་བ་ཞུས་ཏེ་རྩོམ་གྲོགས་ཆང་གཞོན་ནུ་དང་མདའ་ཅང་ཤེས་ངེད་གསུམ་མགོ་ལོག་ཏུ་ཡོང་བ་ཡིན། སློབ་གླིང་ནས་ཡོང་བའི་དུས་ནི་ཞོགས་པ་ཞིག་ཡིན། རྩོམ་ཡིག་གི་མ་དཔེ་དང་ཆོག་མཆན་གྱི་ཡི་གེ་སོགས་དངོས་པོ་རྣམས་བསྡུ་གསོག་བགྱིས་ཏེ་ལམ་ལ་བུད་པ་ཡིན། རྭ་རྒྱའི་རྒྱུད་མགོར་ནས་གླ་གཏོང་ཞིག་གླས་ཏེ་ལམ་དུ་ཆས་པ་ཡིན། གླ་གཏོང་ཁ་ལོ་བ་ནི་གནས་འདིའི་མི་ཞིག་རེད། རླངས་འཁོར་དུ་ངེད་བཞི་ལས་གཞན་བུད་མེད་ཅིག་ཀྱང་ཡོད། ཕར་བལྟས་ཚོད་ཀྱིས་ལོ་ན་སུམ་ཅུ་ལ་ཟིན་ཡོད་མེད་ཀྱི་བུད་མེད་བྱང་མ་ཞིག་ཡིན་ཚོད་འདུག ཕྱིའི་ཆ་ལུགས་དང་ཀུན་སྤྱོད། ཉམས་ཀྱི་སྣང་བརྙན། ལབ་གླེང་བྱེད་སྟངས་སོགས་ཚུན་ཆད་ལ་བྱང་ཐག་ཡོད་པའི་མངོན་གསལ་ཞིག་དོད་འདུག ལམ་ལ་འབུད་ཁར་ང་རླངས་དུག་ཕོག་པར་དོགས་ཏེ་རྗེས་ཀྱི་ཤེལ་སྒོའི་འཁྲིས་སུ་ཙོག་ཡོད་མོད། བུད་མེད་དེ་ང་ཙོག་ཡོད་སའི་སྒོ་ལས་ནང་དུ་འཛུལ་བས་ངས་ཀྱང་ཀུན་སྤྱོད་དང་མི་མཐུན་པའི་བྱ་སྤྱོད་ལ་འཛེམ་དོགས་ཀྱིས་ཁ་རོག་གེར་དཀྱིལ་དུ་ནུར་ནས་ཙོག་པ་ཡིན། འགག་འཕྲང་གྱ་གྱུ་འཁྱུག་པའི་ལམ་བར་དུ་སློབ་གྲོགས་མདའ་ཅང་ཤེས་དང་ཁ་ལོ་བ་གཉིས་ཀྱིས་ཁ་བརྡ་སྐོར་ཞིག་བྱས་པ་བརྒྱུད་དེ་གནས་རིའི་གཞི་བདག་ག་གེ་མོའི་ལོ་རྒྱུས་དང་གཏམ་རྒྱུད་གླེང་སློང་བྱས་སོང་། ཁ་ལོ་བས་ཉིན་འགའི་སྔོན་ལ་ཁོའི་ངོ་ཤེས་རྒན་པོ་ཞིག་གིས་བཤད་རྒྱུར་ཁོ་གློ་བུར་དུ་ཅིག་གིས་མགོ་ལ་ཁུག་མ་ཞིག་བཀབ་ཏེ་གནས་ཤིག་ལ་ཁྲིད་ཐལ་ཟེར། གནས་དེར་ཐོན་རྗེས་མགོའི་ཁུག་མ་བླངས་བྱུང་། ཨ་ཨ། དེ་ནི་གཞི་བདག་སྐོར་ཞིག་གིས་གྲོས་མོལ་ཚོགས་འདུ་བའི་དུས་ཐོག་ཅིག་རེད། གཉན་ཆེན་ཐང་ལྷ་གཙོས་པའི་གཞི་བདག་མང་བོ་ཞིག་འདུག ཁོང་ཅག་གིས་དེང་དུས་གཏེར་ཁ་ཐམས་ཅད་སྔོག་འདོན་བྱས། ས་ཆུ་ཀུན་ལ་ཉམས་དམུས་ཐེབས་རྐྱེན་བཟོ་མུས་འདུག་པས། འུ་ཅག་གིས་ཕྱིར་ཀླན་ཀ་སྤྲད་དགོས་ལུགས་ཀྱི་གླེང་གྲོས་སྣ་ཚོགས་བྱས་མོད། མཐར་གཉན་ཆེན་ཐང་ལྷ་མགོ་བྱས་པའི་ཡོངས་སུ་ཁ་མ་མཐུན། གྲོས་མ་འཆམ་དེ་ཕྱོགས་སོར་གྱེས། དེ་དག་ལས་གཞི་བདག་ཅིག་གིས་ཁོའི་ཕྱི་ནང་རྩ་བརླག་གཏོང་རྒྱུའི་དབང་དུ་བཏང་རུང་ང་རང་དཔའ་ཞུམ་མེད་ངང་མི་འདུག་ཅེས་དམ་ཚིག་བཞག་སོང་ཟེར། དེ་ཡང་དེ་ནི་གཞི་བདག་དཔའ་ཅན་ཞིག་ཀྱང་ཡིན་ངེས་ཆེ་སྟེ། ཉིན་འགའི་སྔོན་དུ་གནས་རི་དེར་ས་བརྐོ་ལག་རིང་སྐོར་འགའ་ཕྱིན་པ་རྦབ་ཏུ་འགྲིལ་ཏེ་ཤི་རྨས་ཆེན་པོ་ཐེབས་འདུག་ཟེར་ཞེས་ཉན་འདོད་ཀྱི་གླེང་བརྗོད་བྱེད་བཞིན་མགོ་ལོག་ཏུ་འབྱོར་སོང་། 
        མགོ་ལོག་ཏུ་འབྱོར་རྗེས་མགྲོན་ཁང་(རྨ་གཡང་ཕྱུག་མོ)ཞིག་བླངས་ཏེ་ཁ་ལག་བཟོ་རུ་ཕྱིན། ཕྱི་དྲོར་དཔེ་སྐྲུན་ཁང་དུ་སྔོན་འགྲོ་ཞིག་བསྒྲུབས། སྲང་ལམ་དུ་ཚོང་ཉུལ་ཙམ་ལ་སོང་། མུན་རུབ་ལ་ཉེ་དུས་མགྲོན་ཁང་དུ་ལོག རྩོམ་ཡིག་ཞུ་དག་གི་ལས་ཀ་དེ་ག་རང་གཉེར་རྗེས་གཉིད་མལ་དུ་ཤོར། 
        ཕྱི་ཉིན་ནངས་མོར་དཔེ་སྐྲུན་ཁང་དུ་ཕྱིན་ཏེ་རྩོམ་སྒྲིག་དང་ཇུས་འགོད་ཀྱི་ལས་ཀ་གཉེར་ཏེ་ཉིན་གཉིས་ཡོལ་བར་འདས། ཉིན་གཉིས་པར་ལས་ཚོགས་གྲོལ་དུས་མུན་རུབ་འདུག རྨ་གཡང་ཁྲོམ་གྱི་ཉེ་ཟུར་གྱི་མཱ་ཀྲུང་ཟས་ཁང་དུ་ཕྱིན་ཏེ་ནུབ་ཚ་རེག་ཅིང་། རྩེད་མོ་རྩེད་ཁང་(སྟེགས་དྲུག་ཁང་དང་འཁྱག་ཤུད་ཁང་)ཁག་ཅིག་ཏུ་སོང་ནས་མཚན་གུང་བཟུར་བས་ཐང་ཆད་པའི་སྣང་བ་བན་བུན་ཞིག་དང་ལྷན་མགྲོན་ཁང་དུ་འབྱོར་དུས། དུས་ཚོད་གཉིས་པ་དང་ཕྱེད་དུ་སླེབས་འདུག ང་སྔོན་མ་ཡིན་པས་ཁྱིམ་དུ་འཛུལ་མ་ཐག་གོན་པ་དག་ཕུད་དེ་ཕྱོགས་སོར་གཏོར། ངོར་ཆུ་ཞིག་རྒྱག་ཏུ་ཁྲུས་ཁང་དུ་འཛུལ་བ་ན། མདའ་ཅང་ཤེས་དང་ཆང་གཞོན་ནུ་གཉིས་ཀའང་ཁྱིམ་དུ་ཐོན་ཏེ་སྒོ་ཁྲོག་གེར་གཏན། ཅུང་ནས་ལྡིར་སྒྲ་ཆེན་པོ་བརྒྱབ་བྱུང་བས་གནམ་མཐིལ་འདར། སྒོ་ཁ་ཁྲོག་ཏིར་ཏིར་འདར། མདའ་ཅང་ཤེས་ཀྱིས་ས་འགུལ་རེད་ཅེས་སྐད་བརྒྱབ་ཏེ་ཕྱི་རོལ་ཏུ་རྒྱུགས་པས། ཆང་གཞོན་ནུའང་ལམ་སེང་རྒྱུགས་སོང་། ངས་རྫི་དོར་རྔམ་གོན་དང་འགྲུལ་ལྷམ་དྲུད་དེ་སྒོ་ཁར་བྲོས་པ་ཡིན། ཕྱི་ན་ཆར་བ་འབབས་ཀྱིན་འདུག ཐོ་འགོད་སྟེགས་བུའི་གནམ་ཀེར་གློག་ཐོ་དེ་འདར་འགུལ་གྱིས་ཕར་ཚུར་ལ་ཁ་སྤྲད་པས་ཧྲིག་ཧྲིག་ཏུ་འཐོར་གྱིན་འདུག ཨག་རྒྱངས་དང་དངངས་སྐད་འཆོར་ཞོར། རྐས་ཐོག་ཏུ་ལ་ལས་བྱིས་པ་པང་ཏེ་སྒོར་བྲོས། ལ་ལས་ལྭ་བ་གོན་རྒྱུའང་གཏིང་བརྗེད་དུ་གྱུར་ནས་ཤ་འགག་རྗེན་མར་དཔུང་ཤ་དང་མྱོས་བུམ་ལྷང་ངེར་མངོན་ཚུལ་ལམ་ངོམ་ཟོལ་གྱིས་སྒོར་ཐོན། ཡུད་ཙམ་ནས་ཕལ་ཆེ་བས་རླངས་འཁོར་བསྐོར་ཏེ་གཤར་ཞོག་བརྒྱབ། འཚང་རུབ་བྱས་རེ་ཞོགས་མགོ་བརྩམས། འབྲོ་མགོ་བཏོད་བྱུང་། 
        མགོ་ལོག་ཏུ་གཞིས་བཅས་ཡོད་པའི་གྲོགས་པོའམ་ངོ་ཤེས་ཚོར་ཁ་པར་བཏང་མོད། ཕལ་ཆེ་བ་འབྲོ་སྐོང་གི་གྲས་སུ་ཞུགས་ཏེ་བུད་སོང་སྐད། འཕྲིན་ཚོམ་ལ་ཡར་བལྟ་མར་བལྟ་བྱས་པའི་གླགས་སུ་ཨ་ཅེ་སྤྱན་ཡངས་ཀྱི་དྲ་རྟགས་མཐོང་སོང་། དུས་ཐོག་དེར་མོར་ཁ་པར་བཏང་སྟེ་གང་ན་ཡོད་ཚུལ་དང་ས་འགུལ་གྱིས་གཉིད་དཀྲོགས་བརྒྱབ་བྱུང་ངམ་དྲིས། མོས་ས་འགུལ་འདི་ཚབ་གཉེན་ཚེ་བས་ཁྱིམ་གྱི་དཔེ་སྒྲོམ་འདར་བས་དཔེ་ཆ་དག་ཀྱང་ཡར་མར་ལ་གཏོར་སོང་ཟེར། ཁང་སྒོར་བུད་དེ་བསྡད་ཡོད། ཁྱོད་རང་ཡང་མགོ་ལོག་ན་ཡོད་དམ་ཟེར། ངས་ཡོད་པའི་བརྡ་ལ་སྐད་ཆ་ཁ་ཤས་བཤད་དེ་ས་གནས་སྐུར། མོས་ཅུང་སྒུག་དང་ངེད་ཚོ་དེ་གར་ཐོན་ཡོང་། འུ་ཅག་ཀྱང་ཕར་གྲོང་མཐར་བུད་དེ་བསྡད་ན་ཡག་ཅེས་བཤད་ནས་ཁ་པར་སྒོ་གཏན། ཡུད་ཙམ་ནས་མོ་དང་མོའི་གྲོགས་མོ་ཡིན་ཤས་ཆེ་བའི་བུད་མེད་ཅིག་དང་འགྲོགས་ཤིང་ཐོན་བྱུང་། ངེད་ཅག་གཞུང་ལམ་བཅད་དེ་གྲོང་མཐའི་དགུ་ཆུ་ཟམ་གྱི་ཕར་ནང་ལ་བུད། ཆར་ཟམ་ཟིམ་འབབས་ཀྱིན་འདུག་པས་གྲང་ངར་གྱི་འཁྱག་རླུང་ཞིག་ཀྱང་ལྡང་འཁོར་བྱེད། ཨ་ཅེ་སྤྱན་ཡངས་ཀྱིས་གཉེན་ཉེ་ཞིག་གི་ཁང་བ་ཡོད་པས་དེ་གར་སོང་ན་བདེ་འཇགས་ཡིན་ཤས་ཆེ་ཟེར་བས། ངེད་ཅག་དེ་རུ་ཕྱིན་པ་ཡིན། ཁང་བ་དེ་ནི་སྤྱིར་བཏང་གི་འབྲོག་པའི་ཁང་བ་དང་ཆ་འདྲ། ར་སྐོར་ཆེན་པོ་ཞིག་པོ་འདུག མ་ཟད་ལས་དྲང་བ་ཞིག་ལ་ར་སྐོར་ནང་དུ་སོག་གུར་ཆུང་བ་ཞིག་ཀྱང་ཕུབ་འདུག དེ་ནི་ངེད་ཅག་གཉིད་མལ་ལོག་སའི་མཐུན་རྐྱེན་ཆེན་པོ་ཉག་གཅིག་ཏུ་གྲུབ་འདུག མཚན་གུང་དུས་ཚོད་གསུམ་ཕྱེད་དུ་ཡོལ་འདུག་པས། ཉལ་སར་ལོག་མ་ཐག་གཉིད་དུ་ཡུར།  
        ཞོགས་པར་ཨ་ཅེ་སྤྱན་ཡངས་དང་མོའི་གྲོགས་མོ་གཉིས་ཡར་ལངས་ཏེ་རླངས་འཁོར་གྱི་མེ་ཁ་ཡང་གསོས་འདུག ངེད་ཅག་ཀྱང་ཤར་མར་ཡར་ལངས་ཏེ་མགྲོན་ཁང་དུ་བསྐྱལ་རྗེས་ཚེ་རིང་ལོ་བརྒྱའི་བདེ་མོ་བཞག་ནས་ཁོ་མོ་གཉིས་ཀྱང་རང་ཁྱིམ་དུ་ལོག་སོང་། མཚན་མོར་མགོ་ལོག་ཟང་ཟིང་ལང་ལོང་ཞིག་ཏུ་གྱུར་པས། མི་མང་ཆེ་བ་བྲོས་ཚར་འདུག ཉིན་དེར་ཡུན་གྱིས་འཇམ་ཅག་གེར་ལྷིང་འཇགས་ཤིག་ཀྱང་རེད།   
        ང་རང་སློབ་མཐར་ཕྱིན་ཁུལ་གྱི་གནས་བབས་བཟུང་བའི་རྗེས་ཀྱི་ཟླ་བདུན་པའི་སྨད་ཀྱི་ཉིན་ཞིག་ལ་ཨ་ཅེ་སྤྱན་ཡངས་ཀྱིས་འཕྲིན་ལམ་དུ་“བདེ་མོ། ཁྱོད་ཀྱི་རྩོམ་ཡིག་«སྙིང་གཏམ་བཀའ་བརྒྱ་མ། »ཞེས་པ2021ལོའི་«ཤྭ་སྐྱ་»དེབ་གསུམ་པར་དགོད་རྩིས་ཡོད་པས། མིང་དེ་རྒྱ་ཡིག་ཏུ་བསྒྱུར་རྗེས་སྐུར་རོགས་”ཞེས་སྐད་ཅིག་བཞག་འདུག ངས་དེ་བཞིན་སྒྲུབ་རྗེས། ཡིག་ལམ་ནས་ཁྱེད་ཅག་གི་རྒྱབ་སྐྱོར་ལ་བཀའ་དྲིན་ཆེ་ཞུས་པ་ཡིན།   
        ཡུལ་གངས་ལུང་གི་རྩོམ་པ་བོ་གངས་ཚ་འཇོམས་ལགས་ཀྱིས་གཙོས་གཙོ་སྒྲུབ་བགྱིས་པའི་2021ལོའི་ལོ་དེབ«གངས་ལུང་བ་»ར་རང་རྩོམ་ཞིག་འགོད་ཐུབ་པའི་རྐྱེན་བྱས་ཏེ། ལོ་དེབ་དེའི་མཛད་སྒོ་དྲ་ལམ་དུ་གཟབ་རྒྱས་ངང་འཚོགས་པའི་ནང་ཞུགས་ཐུབ་སོང་། རྩོམ་པ་བོ་སྒྲུང་གཏམ་པ་རྒན་ཁང་གསར་ཚེ་དབང་སོགས་གཙོས་བྱས་པའི་རྩོམ་པ་བོ་གྲགས་ཅན་འགའ་གདན་ཞུས་ནས་རྩོམ་རིག་གི་ཕྱོགས་ཀྱི་ཉམས་མྱོང་། ལག་ལེན། གསར་རྩོམ། རྩོམ་སྒྲིག་བཅས་གསུང་བཤད་མང་དུ་གནང་། ཨ་ཅེ་སྤྱན་ཡངས་ཀྱིས་ལྷག་པར་བུད་མེད་ཀྱི་སྙིང་སྟོབས་གསེད་བཀྲོལ་གྱིས་རང་གི་དགའ་ཕྱོགས་ལ་འཐམ་པའི་ལེའུ། རྩོམ་སྒྲིག་གི་དཀའ་ངལ། ཕུགས་བསམ་གྱི་དཀྱོག་ཁུག་མང་བོ་བརྒྱུད་པའི་རང་གི་མྱོང་བ་མང་བོ་གླེང་མོལ་བྱས་སོང་། ཚོགས་མི་མང་བོས་ཀྱང་ཁོ་མོའི་བུད་མེད་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་ཀྱི་མེ་ཏོག་འབུལ་གྱིན་འདུག ང་ཡང་དེ་བཞིན་དུའོ། ། 
        དྲང་བཞག་གིས་བཤད་ན་ཨ་ཅེ་སྤྱན་ཡངས་ནི་བུད་མེད་སྤྱིར་བཏང་བ་ཞིག་རེད་མོད། སྤྱིར་བཏང་བའི་བུད་མེད་ཁྲོད་ན་སྤྱིར་བཏང་བ་འདི་འདྲ་དཀོན་པོར་ཡང་སྣང་། མོས་ཆུང་དུས་ཀྱི་དགའ་ཕྱོགས་ཀྱི་ལེའུ་ལ་རྫོགས་ཚིག་མ་བཀོད་པར། གཞིས་ཀྱི་ཁྱིམ་ཐབ་བཟུང་ཡང་། བུ་ཕྲུག་གི་མེ་ཏོག་འབུས་ཀྱང་། སྔར་བཞིན་འཚོལ་སྙེག་དཔུང་དུ་སྡེབས། བརྩོན་རྒྱུན་གྲོགས་སུ་བསྟེན་ཏེ་གསར་རྩོམ་དང་རྩོམ་སྒྲིག་གི་ལས་ཀ་གཉེར་བའི་ཚུལ་ལ། རྗེས་སུ་ཡི་རངས་དང་དགའ་དད་ཚད་མེད་སྐྱེའོ། ། 
2021/10/15/སྔ་དྲོར་མགོ་བརྩམས།
2021/10/15/ཕྱི་དྲོར་མཇུག་གྲུབ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།