རང་སེམས་གསོ་གླུ།
རྩོམ་པ་པོ།:འདམ་འཇིལ་ལི།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-10-27 10:33:46
ཀློག་གྲངས།:
རང་སེམས་གསོ་གླུ།
___སྙན་ངག་པའི་གླུ་སྐད།
འདམ་འཇིལ་ལི།(མཚོ་ནུབ)
སེམས་ངོགས་སུ་གཡེང་པའི་ཡི་གེ་རེ་རེམཁའ་ལ་འཕགས་པའི་རྒོད་པོ་རེ་རེ
ཉིང་ལག་རྒྱས་པའི་ཚེ་སྲོག་རེ་རེ
རེ་རེ་བཞིན་ཡར་ནས་ཡར་ལ་འཕགས
རེ་རེ་བཞིན་ཡར་ནས་མར་ལ་ལྷུང
ཡར་ནས་ཡར་ལ་བཙངས་པས་ཅི་ཁག
ནམ་མཁར་བཀྲམ་པའི་ཕུགས་བསམ་རེ་རེ
མར་ནས་མར་ལ་ལྷུང་བས་ཅི་སྐྱོན
ས་ཆེན་བརླབས་པའི་འབོད་པ་རེ་རེ
ལྟོས་དང ཨོཾ་ཡིག་དཀར་པོའི་པང་དུ་བཞད་པའི་མེ་ཏོག་སེར་ཆེན་རེ་རེ
རང་སེམས་ཀྱི་ཡུལ་ཁམས་བརྒྱན་པའི་ཐ་སྙད་དེ་དག་གི་ངོ་གདོང་རེ་རེ
ལོ་ཟླས་བཞེངས་པའི་འདས་སོང་གི་བྲག་ཐེམ་ལ་དཔར་པའི་ཞབས་རྗེས་རེ་རེ
དུས་ཚིགས་བཞི་ཡི་ཕོ་ཉ་སྤྲིན་ལ་བཅིབས་པའི་དེ་རིང་གི་ཉི་མ་རེ་རེ
སེམས་གྱི་དཔུང་གདང་ཐོར་བའི་ཁྲུང་ཁྲུང་གི་ཁྱུ་ཚོགས་རེ་རེ
ད་ནི་དགུན་ཁའི་གྲང་ངར་ལ་ཁ་ཡ་ངོ་ཡ་བྱེད་པའི་སྟོབས་ཀྱང་བྲི་འདུག
སོས་ཀ་ནི་ང་ཚོའི་རྨི་ལམ་ལ་འཁོར་བའི་རྨི་ལམ་ཡིན་པའི་དབང་དུ་བཏང་ཡང
ང་ཚོ་ཐུན་མོང་གིས་རུམ་ལ་ཉར་བའི་ཐ་སྙད་ཀྱི་མྱུ་གུ་དེ་དག་ལྷག་མ་མིན་པར་བསྒོ
ཁ་སང་གི་དྲན་པ་མག་མོག་སྨུག་པར་ཐིམ
དེ་རིང་གི་ཚོར་བ་བན་བུན་རླུང་གིས་ཟད
ན་ཟུག་གིས་གཡང་ལ་འཕངས་པའི་ཐ་སྙད་རེ་རེ
ཁ་ཁུ་སིམ་པོར་གོག་མ་ལངས་ཀྱིས་བསྐྱོད
རྣམ་ཤེས་ལས་རྒྱང་དུ་གཤེགས་པའི་ཚེ་སྲོག་རེ་རེ
ཕུང་པོ་གསར་པ་རེ་ལ་འཐམས་པའི་ཁ་ལོ་མེད་པར་ལྷགས
གསོན་དང འུར་ཆིལ་ལེར་གློ་སྙིང་ལ་ཟ་འཕྲུག་སློང་བྱེད་ཀྱི་ཆོ་ངེ་རེ་རེ
ཐོས་འཛིན་འོན་པའི་ཆོད་སེམས་དག་ལ་སྦྲན་པའི་བང་ཆེན་རེ་རེ
མཚམས་མཚམས་ལ་སྐོམ་གདུང་སེལ་བའི་ཆུ་མོ་ཤང་ཤང་བཞུར་འདྲ
སྐབས་སྐབས་སུ་རང་སེམས་གསོ་གླུའི་འགྱུར་ཁུགས་ངག་ལ་དྲངས་འདྲ
བདེན་ལུགས་ཀྱི་མེ་དཔུང་ཁྲོད་ང་ཚོ་ནི་རྣོ་ཁའི་མེ་སྟག་རེ་རེ
སེམས་མཚེར་བའི་ཁྲོ་ཆུ་ཁོལ་མ་ལས་རེ་རེ་བཞིན་ཚ་དྲོད་ཉམས
དེ་ལྟ་ནའང ང་ཚོ་ཤི་གསོན་བར་ནས་རིམ་བཞིན་རགས་རྡོ་རུ་གྱུར
ཀྱེ གཤོག་རྩལ་ལ་བདེན་པ་བྲིམས་པའི་ཨ་སྔོན་ལགས
ཁྱེད་ཀྱིས་ང་ལ་རིས་མེད་བརྩེ་བའི་སྒོ་མོ་ཆེ་ཆེར་ཕྱེས་ཤིག
ང་རང་ཡང་ཤོག་དཀར་ངོས་ལ་ཕབ་པའི་ཡི་གེ་ནག་ཆུང་བཞིན
ཁྱེད་ཀྱི་དཀྱེལ་ཡངས་ལས་ཕུགས་བསམ་ལ་སྐར་ཚོམ་བཀྲ་ཡོང
ལྟོས་དང མི་རབས་ཤིག་གིས་སྒྱུ་རྩལ་གྱིས་བརླན་པའི་ས་ཆེན་ཡང
ང་ཚོའི་འདས་མ་ད་གསུམ་གྱི་དོན་དུ་ཇི་འདྲའི་ཁྱོན་ཡངས་ཨང
སོམས་དང རང་སེམས་ཀྱི་གཙང་པོ་ལས་རྟོགས་པས་བསྒྲལ་བའི་ང་ཚོ
རང་གིས་རང་ལ་མགོ་བདག་མཛད་པའི་མཚན་མོ་རེ་རེ་བརྒལ
དེ་ཡང་མུན་པའི་མཐའ་ཆོད་པར་སང་ཉིན་གྱི་ཉི་འོད་ཡོད་པས
གང་ལྟར ངའི་མི་ཚེ་ཡི་འཕེན་པ་རྫོགས་ཏེ་འཆི་དགོས་རུང
ཏབ་ཅིག་ལའང་ས་ཆེན་གྱི་པང་དུ་ཉི་དྲོད་དབང་བར་མཛོད་ཅིག་ཀྱེ
ཨོ ང་ཚོ་ཚང་མ་འདུན་མ་རྩེ་གཅིག་གི་དོན་དུ་ནམ་མཁར་འཕུར
ང་ཚོས་འགྲོ་དྲུག་གི་བརྩེ་བ་ཁུར་ཏེ་སྲིད་པའི་རྩེ་མོ་ནས་འཛོམས
2020-10-11ལ་བྲིས།
རྩོམ་པ་པོ་ངོ་སྤྲོད།
འདམ་འཇིལ་ལི། 2010ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་དངོས་གཞིའི་སློབ་མཐར་ཕྱིན་རྗེས་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་དུ་ལོ་ཙཱའི་བྱ་བ་གཉེར། སྔ་ཕྱིར《སྦྲང་ཆར》དང《གངས་རྒྱན་མེ་ཏོག》《ཟླ་ཟེར》སོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་དུ་སྙན་ངག་རེ་འགའ་བཀོད་མྱོང། མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་ནུབ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན།སྙན་དེབ་ཐོག་མ《དབྱངས་ཀྱི་ང་རོ》2017ལོའི་ཟླ12པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་འགྲེམ་སྤེལ་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།