ཙིག་ཕྲུག་མ།

རྩོམ་པ་པོ།:སྟག་འབུམ་རྒྱལ།༼མཚོ་ལྷོ།༽ ཡོང་ཁུངས།:བོད་ཀྱི་རྩོམ་རིག་སྒྱུ་རྩལ། ༢༠༢༡༼༤༽ དུས་ཚོད།:2021-10-11 10:57:51 ཀློག་གྲངས།:
ཙིག་ཕྲུག་མ།
སྟག་འབུམ་རྒྱལ།༼མཚོ་ལྷོ།༽
       ཙིག་ཕྲུག་མའི་མིང་དངོས་ལ་བཙུན་ཐར་སྐྱིད་ཟེར་མོད། ཁོ་མོ་གཟུགས་པོ་ཆུང་ཞིང་ལུས་ཤ་རིད་པོ་ཡིན་པ་དང་། ངོ་མདངས་སྐྱ་བོར་གྱུར་ཏེ་བལྟས་ན་ཉམ་ང་བ་ཞིག་ཡོད་པའི་ཁར། ལམ་དུ་འགྲོ་བའི་སྐབས་སུ་ཕྲག་པ་གཉིས་བསྒོངས་ཏེ་བྲེལ་ཤིག་ཤིག་ཙི་གུ་ཞིག་འགྲོ་བ་དང་མཚུངས་པས། སློབ་གྲྭའི་ནང་གི་དགེ་རྒན་རྣམས་ཀྱིས་མོའི་མིང་དངོས་འབོད་པ་མ་གཏོགས། སྡེ་བའི་ནང་གི་མི་རྣམས་དང་སློབ་གྲོགས་ཚོས་མོའི་མིང་ལ་ཙིག་ཕྲུག་མ་ཞེས་འབོད། 
       མདང་དགོང་ནས་བཟུང་ཆར་བ་ཆེན་པོ་བབས་ཤིང་། དེ་རིང་སྔ་སེ་ཡང་ད་དུང་གནམ་ཐང་མ་ཐུབ་པར་ཆར་ཟིམ་བར་མེད་དུ་འབབ་ཀྱིན་འདུག དེ་རིང་གཟའ་ཉི་མ་ཡིན་ཞིང་ཨ་མ་བ་རྫིར་འགྲོ་དགོས་པས། ཙིག་ཕྲུག་མ་གཅིག་པུ་ཡུལ་དུ་བསྡད་དེ་ལས་བྱ་འབྲི་རྒྱུ་བཀོད་སྒྲིག་བྱས་སོང་། ཙིག་ཕྲུག་མ་མལ་སྟེགས་སྟེང་དུ་ཁ་སྦུབ་ཏུ་ཉལ་ནས་དུས་ཚོད་གཅིག་ཙམ་གྱི་རིང་ལ་བོད་ཡིག་ལས་བྱ་བྲིས་ཚར་བར་བྱས་རྗེས། མུ་མཐུད་དུ་རྩིས་རིག་ལས་བྱ་འབྲི་མ་འདོད་པར། ཞན་སྨྱུག་སོ་བར་དུ་བཙིར་ནས་ཁ་གཏད་ཀྱི་རྩིག་ངོས་སུ་བབས་ཡོད་པའི་སྦྲང་ནག་དེ་ལ་བལྟས་ནས་བསྡད། མོས་བལྟས་ཀྱིན་བལྟས་ཀྱིན་དུ་སྦྲང་ནག་དེ་ནི་རྩིས་རིག་དགེ་རྒན་རྟ་ལོ་ཡིན་པའི་སྣང་བ་སྐྱེས། དགེ་རྒན་རྟ་ལོ་ཡང་གཟུགས་པོ་ཐུང་ཞིང་ནམ་རྒྱུན་ལྭ་བ་ནག་པོ་གྱོན་པར་དགའ་ལ། ལྷག་པར་དུ་ཆར་བ་འབབ་པའི་དུས་སུ་ཁོ་དང་འཚམ་པའི་ཆར་གདུགས་ནག་པོ་དེ་བསྒྲེངས་ནས་འགྲོ་བར་བྱེད་པས་ངོ་མ་སྦྲང་ནག་ཅིག་དང་མཚུངས། རྩིས་རིག་དགེ་རྒན་རྟ་ལོ་མོའི་མིག་མདུན་གྱི་རྩིག་ངོས་ནས་ཕར་ལ་སོང་ནས་འདུག་ཙམ་དང་། དེ་ནས་ཚུར་ལ་ཡོང་ནས་འདུག་ཙམ་བྱེད་ལ། དེ་ནས་འཁོར་འགྲོས་འགའ་བྱས་ཏེ"རྩིས་རིག་ནི་ཤེས་བྱ་ཀུན་གྱི་མ་མ་ཡིན། དེའི་རྐྱེན་གྱིས་་་་་་"ཅེས་བཤད་ཀྱིན་འདུག་པས། མོས་བཟོད་མ་ཐུབ་པར་ཁོང་དགོད་ཅིག་ཤོར། གློ་བུར་དུ་སྦྲང་ནག་དེ་སུ་ཞིག་གིས་དཀྲོགས་པ་ལྟར་འཕུར་ཏེ་ཁང་བའི་བར་སྟོང་གང་ཞིག་ཏུ་ཡལ་སོང་བ་མ་ངེས་པས། མོ་ལ་ཅི་བྱུང་མེད་པའི་ཕངས་སེམས་ཤིག་སྐྱེས་བྱུང་ལ། ཕངས་སེམས་དེ་ནི་ཏག་ཏག་གཟའ་ཉི་མའི་ཉིན་མོར་ཆར་བ་བབས་ཏེ་ཕྱི་རོལ་ཏུ་རྩེ་རུ་འགྲོ་དཀའ་བའི་ཕངས་སེམས་དང་ཡོངས་སུ་མཚུངས། མོས་དེ་མུར་འབྲི་དེབ་དང་ཞན་སྨྱུག་ཕར་གཡུགས་ཏེ་མལ་སྟེགས་སྟེང་ནས་སར་བབས་ནས་ལྭ་བ་མཐུག་པོ་ཞིག་གོན་པ་དང་། དེ་ནས་ལྕགས་ཐབ་ཀྱི་འགྲམ་བརྒྱུད་ནས་ཕར་སོང་སྟེ་སྒོ་རྒྱབ་ཏུ་བཀལ་ཡོད་པའི་ཆར་གདུགས་ཆུང་ཆུང་དེ་བླངས། ཆར་གདུགས་ཆུང་ཆུང་དེ་ཨ་མས་མོ་རང་སློབ་གྲྭར་འགྲོ་དུས་འཁྱེར་རྒྱུར་ཆེད་དུ་ཉོས་པ་རེད། ཙིག་ཕྲུག་མས་ཆར་གདུགས་ཆུང་ཆུང་དེ་བླངས་ནས་སྒོ་ཁར་ཡོང་བ་ན། ཆར་བ་ཟམ་ཟིམ་གྱི་ཁྲོད་དུ་ལྷས་རའི་ནང་ཡོངས་རྫོགས་བརླན་ཆིལ་ཆིལ་དུ་གྱུར་ཅིང་། རྣ་ལམ་དུ་ཁང་བའི་བྱ་འདབ་ཀྱི་མཐའ་ནས་ཐིགས་ཆུ་ཐིགས་པའི་ཏིས་ཏིས་ཏུང་ཏུང་གི་སྒྲ་ཁོ་ན་ཐོས་པ་ལས།  མཐའ་འཁོར་ཡོངས་སུ་གྲགས་འགུལ་ཅི་ཡང་མེད་པར་ཡོད་ཚད་སྟོང་ལྷང་ངེར་འདུག མོས་ཁ་སང་སློབ་གྲྭ་ནས་ཡོང་བའི་ལམ་དུ་བཏུས་པའི་མེ་ཏོག་རེའུ་ལྕག་ཚོམ་བུ་ཞིག་ལྷས་ཀྱི་ས་ནག་ནང་དུ་བཙུགས་ཡོད་པ་དེའང་། ད་ནི་ཆར་བའི་ཁྲོད་ཡོངས་སུ་རྙིད་པར་གྱུར་ཏེ་མེ་ཏོག་དཀར་པོ་དག་མེ་ཡིས་འཚིགས་པ་ལྟར་ནག་ཅིང་སྙེར་བར་གྱུར་འདུག གཡོན་ཟུར་གྱི་མ་ཁང་གི་ཕུགས་སུ་བཏགས་པའི་ར་མ་གཉིས་ཀྱིས་ཁོ་མོ་མཐོང་འཕྲལ་གསོ་རྩྭ་ཟ་མཚམས་བཞག་སྟེ་སྐེ་དཀྱོགས་ཏེ་འབའ་སྐད་འགའ་འདོན་པར་བྱེད། མོས་དེ་ལ་ཁ་ཡ་མ་བྱས་པར་ལྷས་སྒོའི་ཕྱི་རོལ་ཏུ་བུད་ཅིང་།  བཤུལ་རིང་རྒྱག་རྒྱུ་ཡིན་པ་ལྟར་སྒོ་དམ་པོར་གཏན་ནས་ལྕགས་ཟྭ་བརྒྱབ་བྱུང་། 
       ཆར་བ་བབས་པ་ཆེ་རྒྱུ་ཆུང་རྒྱུ་མེད་ཅིང་། མགོ་རུ་བསྒྲེངས་པའི་ཆར་གདུགས་ལས་ཆར་བའི་ཅལ་སྒྲ་ཐག་ཐག་ཏུ་གྲགས་པར་བྱེད་ལ། ནམ་གང་བོར་སྲང་ལམ་དུ་བབས་པའི་ཆར་བ་ནི་ས་རུ་ཐིམས་ཡུལ་མེད་པས་སྲང་བར་དུ་བཏིང་བའི་ཨར་འདམ་གྱི་ལམ་ངོས་སུ་གསལ་ཞིང་དྭངས་པའི་གནམ་ཆུར་འཁྱིལ་འདུག མོ་དེ་གར་འགྲེང་སྟེ་ཕྱོགས་གཅིག་ནས་ཆར་བ་འབབ་པའི་ཐག་སྒྲ་ལ་ཉན་པ་དང་། ཕྱོགས་གཅིག་ནས་རང་ཉིད་ཕྱོགས་གང་ཞིག་ཏུ་འགྲོ་བར་བསམ་བློ་བཏང་།  
       ཁོ་ཚང་ཡོད་ས་ནི་གཡས་གཡོན་དང་མདུན་རྒྱབ་ཀུན་གྱི་གཞིས་ཀ་དག་དམག་ལྟར་གྲལ་སྟར་བསྒྲིགས་པའི་ནག་ཞར་སྡེ་གསར་གྱི་དཀྱིལ་དབུས་ཡིན་ཞིང་། གཞིས་ཀ་རེ་རེའི་འཁྲིས་སུ་ལུག་ལ་ཤེད་གསོ་བྱེད་སའི་མ་ཁང་གྲུ་བཞི་རེ་ལས་ཤིང་། གཞིས་ཀ་དང་མ་ཁང་གི་ལྷས་ར་ཡུག་གཅིག་ཏུ་སྦྲེལ་ཡོད། ཁོ་ཚང་གི་མདུན་ཐད་ཀྱི་མི་རིང་བའི་སར་སོ་ཕག་གིས་བརྩིགས་པའི་ཁང་ཆུང་ཀླད་བརྡིབ་ལ་ཉེ་བ་ཞིག་ཡོད་པ་ནི་སྤྱི་བའི་སྤྱོད་ཁང་རེད། ཙིག་ཕྲུག་མ་རང་ཁྱིམ་གྱི་ཕྱི་སྒོར་ལངས་ནས་གཡས་གཡོན་གྱི་གཞིས་ཀ་དག་གི་ཁང་ཀླད་དུ་བལྟས་པ་ན། གཞིས་ཀ་འགའ་རེའི་ཁང་ཀླད་ཀྱི་དུད་ཁུང་ལས་དུ་བ་ལིང་མ་ལིང་རེ་འཕྱུར་གྱིན་འདུག་ཅིང་། དེ་མིན་གྱི་ཁང་བ་དག་གི་ཀླད་དུ་དུ་བ་སྨོས་ཅི་ཐ་ན་དུད་ཁུང་ཡང་མེད་པ་ཚོར། དུད་ཁུང་མེད་པའི་གཞིས་ཀ་དེ་དག་ནི་ཕྱུགས་ཟོག་གི་དབང་གིས་གཞིས་སྤོ་བྱེད་མ་འདོད་པའི་ཁྱིམ་ཚང་ཡིན་པས་ཕྱི་སྒོ་བསྡམས་ཏེ་ཟྭ་རྒན་རེ་བསྣར་འདུག་ལ། ལྷས་རའི་ནང་དུའང་ཡུག་པོ་བཏབ་པ་ལྟར་མིའི་ལུས་ཚད་དང་མཉམ་པའི་རྩྭ་ཡན་རྫུབས་པོར་སྐྱེས་ཏེ་ཁེངས་ཡོད་པ་དང་།  ཁང་བ་འགའ་རེའི་སྒོ་དང་སྒེའུ་ཁུང་དག་ཀྱང་བྱིས་པ་མ་རབས་རྣམས་ཀྱིས་རྡོ་བ་གཡུགས་ནས་བཅག་སྟེ་ནག་ཧུར་རེར་འདུག མི་ངོ་ཚ་མེད་པ་འགའ་རེས་ཁོ་ཚོའི་ལྷས་རའི་ནང་གི་རྩྭ་ཡན་བྲེགས་ཏེ་ཁྱིམ་ནང་དུ་གསོ་བཞིན་པའི་ཕྱུགས་ཟོག་ཆུང་བ་དག་ལ་གཟན་རྩྭར་སྤྱོད་བཞིན་ཡོད། འདི་གར་གཞིས་སྤོ་བྱས་ཡོད་པའི་ཁྱིམ་མི་འགའ་རེ་ད་དུང་ཡང་སྤྱོད་ཁང་དུ་སོང་ནས་ཕྱི་ས་འདོར་བར་མི་གོམས་པ་དང་། ཐག་ཉེ་ཀུན་ཏུ་གསང་བ་བསྒྲིབ་སའི་གནས་ཤིག་མ་རྙེད་པས། སྒོ་དང་སྒེའུ་ཁུང་བཅག་ཡོད་པའི་གཞིས་ཁྱིམ་དེ་དག་གི་ཁང་བའི་ནང་དུ་ལྡིང་སྟེ་སྤྱོད་ཁང་བྱེད་ཀྱིན་ཡོད། ཙིག་ཕྲུག་མའང་ནམ་རྒྱུན་སྤྱི་བའི་སྤྱོད་ཁང་དུ་འགྲོ་དུས་སྤྱོད་ཁང་གི་ནང་དུ་གཙང་སྦྲ་བྱེད་མཁན་མེད་པར་སྐྱག་པ་དང་ཁྲག་གིས་སྦགས་པའི་ཤོག་ཧྲུལ་གྱིས་ཐང་གཅལ་ཁེངས་ཤིང་དྲི་ངན་སྣས་མི་ཚུགས་པས། ཁྱིམ་མཚེས་ཀྱི་ཁང་སྟོང་དེ་དག་གི་ནང་དུ་ཕྱི་ས་དོར་དུ་འགྲོ་བའི་བསམ་ཚུལ་ཐེངས་མང་སྐྱེས་མྱོང་ན་ཡང་། ཁང་བ་དེ་དག་གི་ནང་དུ་བྱི་ལ་ལྡོམ་པོའམ་བྱིས་པ་རྐུ་བའི་སྤྲང་བོ་སོགས་གབ་ཨེ་ཡོད་སྙམ་པའི་མུར་ཞེ་འདར་ཙམ་གྱིས་འགྲོ་མི་ཕོད་པར་འགྱུར།
       ནག་ཞར་སྡེ་གསར་ནང་དུ་གཞིས་སྡོད་བྱེད་མཁན་ཉུང་བའི་ཁར། མདང་དགོང་ནས་ཆར་བ་བབས་པས་སྲང་ལམ་དུ་མི་འགྲོ་འོང་བྱེད་མཁན་མི་འདུག་ཅིང་། ལན་རེར་བདག་མེད་དུ་གྱུར་པའི་ཧཱ་པ་ཆུང་ངུ་སྐོར་ཚོ་རེ་སྲང་ལམ་གྱི་འདི་ཕྱོགས་ཀྱི་སྲང་བར་ཞིག་ནས་ཕྱིར་བུད་དེ་ཡོང་ཞིང་། ཁོ་མོའི་ཕྱོགས་སུ་ལྟ་ཙམ་བྱས་རྗེས། དེ་མུར་དགའ་རེས་རྩེད་རེས་ཀྱིས་ཞོགས་ཏེ་སྲང་ལམ་གྱི་ཕྱོགས་གཞན་ཞིག་གི་སྲང་བར་དུ་ཡལ་སོང་། ཉེ་ལམ་གར་ཡོང་མི་ཤེས་པའི་ཧཱ་པ་མང་པོ་ཞིག་དབྱར་རྩྭ་བརྐོ་རུ་ཡོང་བའི་ནང་ལོགས་ཀྱི་མི་དེ་དག་དང་འདྲ་བར་སྐོར་དང་སྐོར་བྱས་ནས་ནག་ཞར་སྡེ་གསར་གྱི་སྲང་བར་ཀུན་ཏུ་མངོན་པར་གྱུར་པས། དེང་ཐོག་ཁོ་མོའང་སློབ་གྲོགས་ཚོ་དང་འདྲ་བར་ཧཱ་པ་འདི་འདྲ་མང་པོ་ཞིག་གནམ་ནས་བབས་པ་ཨེ་ཡིན་ནམ་སྙམ་སྟེ་ཡ་མཚན་པར་གྱུར་མོད། དགེ་རྒན་གྱིས་བཤད་པ་ལྟར་ན། ད་སྐབས་མཁར་གྲོང་གི་མི་དག་ཐོག་ཁང་ནང་དུ་སྤར་བས། ཁྱིམ་ནང་གི་ཧཱ་པ་དག་གསོ་ཐབས་མ་བྱུང་བར་གཞི་རིམ་དུ་ཁྱེར་ཡོང་ནས་རི་རྒྱག་བྱས་པ་རེད་ཟེར། དེ་བས་མོ་ཧཱ་པའི་བདག་པོ་དེ་དག་ལ་རང་དབང་མེད་པར་སྡང་སེམས་ཤིག་སྐྱེས་ཤིང་། འཁྲི་ས་རྟེན་ཡུལ་མེད་པའི་ཧཱ་པ་སྙིང་རྗེ་བོ་དེ་དག་ལ་གདུང་སེམས་ཤིག་བཅངས་དགོས་བྱུང་། ཙིག་ཕྲུག་མ་ལམ་དུ་འགྲོ་བཞིན་དུ་སེམས་སུ། ཁོ་ཚོར་ལྟོ་ལྡུད་པའི་བདག་པོ་མེད་པས། ཇི་ལྟར་ཁ་གསོ་བ་ཡིན་ནམ་སྙམ། ཡིན་ནའང་མོ་ལ་མུ་མཐུད་དུ་དེའི་ཐད་ལ་བསམ་བློ་གཏོང་བའི་གོ་སྐབས་མེད་སོང་།    
       གློ་བུར་དུ་ཉེན་རྟོག་པའི་རླངས་འཁོར་གྱིས་ཉེན་བརྡ་གཏོང་བའི་སྒྲ་འཚུབ་ཅན་ཞིག་གྲགས་པའི་སྐད་ཐོས་བྱུང་ལ། དེར་མཐུད་ནས་མདུན་ཕྱོགས་ཀྱི་སྲང་མགོ་ནས་ཉེན་རྟོག་པའི་རླངས་འཁོར་སྔོ་ཁྲ་ཞིག་གི་ཀླད་པའི་སྟེང་གློག་གི་ཟི་ར་འཚུབ་བཞིན་ཚུར་དཀྱོགས་ནས་མོའི་ཐད་དུ་བསྙེགས་ནས་ཐོན་བྱུང་། ཉེན་བརྡའི་དབྱངས་དང་བསྡོངས་ནས་རླངས་འཁོར་ཡང་བྲེལ་འཚུབ་ཀྱིས་ཡོང་བས། འཁོར་ལོ་བཞི་བོས་ཨར་འདམ་སྟེང་གི་ཆུ་འཁྱིལ་དག་རས་གཤགས་པ་ལྟར་ཕྱོགས་གཉིས་སུ་བཅད་ཅིང་། ཆུ་རྡུལ་དཀར་པོ་ཞིག་བྱ་སྒྲོ་འཐོར་བ་བཞིན་འགྲམ་གཉིས་སུ་གཏོར་ནས་ཐོན་བྱུང་། ཙིག་ཕྲུག་མ་རེ་ཞིག་འཚབ་འཚབ་པོར་གྱུར་ཏེ་རང་ཉིད་ལམ་གྱི་མཐའ་གང་ཕྱོགས་སུ་གཡོལ་དགོས་པའང་མ་ཤེས་པར་ཧད་ནས་སྡོད་དགོས་བྱུང་། རླངས་འཁོར་དེ་ཏག་ཏག་ཙིག་ཕྲུག་མའི་མདུན་ལ་ཐོན་ལ་ཉེ་དུས་གློ་བུར་དུ་ཇེ་དལ་དུ་བཏང་སྟེ། ཁ་ལོ་ཕར་དཀྱོགས་ནས་སྡེ་དཔོན་སྐྱ་བྷ་ཚང་ལ་འགྲོ་བའི་སྲང་གོག་དེའི་ནང་དུ་ཨ་བྲ་ཁུང་དུ་འཛུལ་པ་ལྟར་བཞུད་སོང་། ཙིག་ཕྲུག་མ་དེ་མལ་དུ་འགྲེང་སྟེ་སེམས་སུ་ཡང་དོན་དག་ཅི་ཞིག་བྱུང་སོང་བ་ཡིན་ནམ་སྙམ། ཙིག་ཕྲུག་མའི་ཡིད་དུ་གསལ་བོར་ཡོད་དེ། དེ་སྔོན་མོའི་ཨ་ཕ་འཛིན་བཟུང་བྱེད་པའི་ཉིན་དེར་ཡང་། རླངས་འཁོར་འདི་འདྲ་ཞིག་གིས་ཉེན་བརྡ་བརྒྱབ་ནས་ཁོ་ཚང་ལ་ཡོང་ཞིང་། ཉེན་རྟོག་པ་གཉིས་ཀྱིས་ཨ་ཕས་རྩམ་པ་རྫི་བཞིན་པའི་ལག་པ་གཉིས་ཀྱི་མགོར་ལྕགས་སྒྲོག་བརྒྱབ་སྟེ་ཁྲིད་སོང་བ་རེད། གང་ལྟར་རླངས་འཁོར་འདི་འདྲ་ཞིག་བྱུང་དུས་དོན་དག་ཅིག་བྱུང་སོང་བ་ཐག་ཆོད་རེད་པས། ཙིག་ཕྲུག་མས་ཁོར་ཡུག་དེ་འདྲ་བ་མཐོང་མི་འདོད་ཀྱང་གཡོལ་ནས་འགྲོ་སའི་ལམ་མེད་པས་མུ་མཐུད་དུ་མདུན་ཕྱོགས་སུ་སོང་། 
       ཙིག་ཕྲུག་མའི་ཨ་ཕ་ནི་ཤོ་བརྒྱབ་ནས་མི་གཞན་ལ་རྡུང་རེས་བྱས་ཏེ་བཙོན་ཁང་དུ་སོང་བ་རེད། ཁོ་མོའི་ཨ་ཕའི་མིང་ལ་བན་དེ་ཐར་ཟེར་ཞིང་། མི་སུས་བཤད་ཀྱང་རྣར་འགྲོ་བའི་མི་དྲང་མོ་དྲང་རྐྱང་ཞིག་ཡིན་པས། སྡེ་གསར་འཛུགས་སྐྲུན་གྱི་བཟོ་བཀོད་ལེགས་འགྲུབ་བྱས་པའི་ལོ་དེར། ནག་ཞར་སྡེ་བའི་ཁྱིམ་ཚང་གཅིག་གིས་ཀྱང་ནོར་ལུག་ཚང་མ་མེད་བརླགས་བྱས་ཏེ་སྡེ་གསར་དུ་གཞིས་སྤོ་བྱ་འདོད་མ་བྱུང་བས། སྡེ་དཔོན་སྐྱ་བྷ་ཐབས་ཟད་དེ་ཡུལ་ཚོའི་སྲིད་གཞུང་གི་བཀོད་པ་ལྟར་ཁྱིམ་ཚང་གང་དག་གིས་ནོར་ལུག་བཙོངས་ཏེ་སྡེ་གསར་དུ་གཞིས་སྤོ་བྱས་ན། ཁྱིམ་ཚང་དེ་དག་ལ་ཆེས་དམའ་བའི་འཚོ་བའི་ཕོགས་ཐོབ་སྟེར་རྒྱུ་ཡིན་ཞེས་དྲིལ་སྒྲོག་བྱས་པས། ཙིག་ཕྲུག་མའི་ཨ་ཕ་དང་མི་དྲང་མོ་སྐོར་ཞིག་ཡིད་ཆེས་ཏེ་ནོར་ལུག་ཚང་མ་བཙོངས་ཏེ་ནག་ཞར་སྡེ་གསར་དུ་གཞིས་སྤོ་བྱས་ཤིང་། ནོར་ལུག་གི་ཚབ་ཏུ་བ་མོ་འགའ་ཉོས་པ་རེད་ལ། ཡུལ་ཚོའི་སྲིད་གཞུང་གིས་ཀྱང་རྫོང་དམངས་སྲིད་ཅུ་ལ་རེ་ཞུ་ཞུས་ཏེ། གཞིས་སྤོ་བྱས་པའི་ཁྱིམ་ཚང་གི་མི་རེར་ཟླ་རེར་སྒོར་ཉིས་བརྒྱའི་འཚོ་བའི་ཁག་ཐེག་གི་སྒོར་མོ་ལེན་སྤྱད་ཀྱི་བྱང་བུ་སྤྲད་བྱུང་། ལས་ཀ་ཅི་ཡང་བྱ་མི་དགོས་པར་སྒོར་མོ་ལེན་རྐྱང་བྱེད་ཆོག་པ་དེས་ནག་ཞར་སྡེ་གསར་གྱི་སྐྱེས་པ་དག་ཉིན་རྒྱུན་སྒྱིད་ལུག་པར་གྱུར་ཏེ་ཉི་མར་ལྡེ་ནས་ཉི་མ་གཏོང་དགོས་བྱུང་། ཡིན་ནའང་ཚེ་གང་བོར་ནོར་ལུག་འཚོས་ནས་ཡོང་བའི་ནག་ཞར་སྡེ་བའི་འབྲོག་པ་རྣམས་ལ་མཚོན་ན། དགུན་གྲང་འཁྱག་བུ་ཡུག་དང་དབྱར་ཚ་གདུགས་ཆར་རླུང་ཁྲོད་ཕྱུགས་འཚོ་བ་དང་བསྡུར་ན། ལས་ཀ་ཅི་ཡང་མེད་པར་གང་བྱུང་ངང་ཉི་མར་ལྡེ་ནས་ཉི་མ་འཁྱོལ་བར་བྱ་རྒྱུ་དེ་ཧ་ཅང་བཟོད་དཀའ་བའི་ལས་ཀ་ཞིག་ཡིན་འདུག ཁོ་ཚོས་ཧ་ཅང་དོན་སྙིང་མེད་པ་ལྟ་བུའི་ཉི་མ་རེ་རེ་ཕར་བསྐྱལ་དཀའ་བར་གྱུར་པས། རིམ་བཞིན་མི་འགའ་རེ་ལྷན་དུ་འདུས་ནས་ཆང་འཐུངས་ཤིང་ཁ་བརྡ་བྱས་ཏེ་དུས་ཚོད་བསྐྱལ་དགོས་བྱུང་ལ། ཅང་མ་འགོར་བར་ཕྱི་རོལ་གྱི་མི་འཁྱམས་པོ་འགའ་རེས་མཱ་ཅང་ཟེར་བའི་རྩེད་ཆས་དེ་ཁྱེར་ནས་ནག་ཞར་སྡེ་གསར་ནང་དུ་ཐོན་པས། ནག་ཞར་སྡེ་གསར་གྱི་ཆང་མི་འཐུང་བའི་སྐྱེས་པ་འགའ་རེས་ཁྱིམ་ནང་དུ་ཤེས་སུ་མ་བཅུག་པར་འཚོ་བའི་ཕོགས་ཐོབ་ཀྱི་སྒོར་མོ་བླངས་ནས། ཕྱི་ཡོང་གི་མི་རྣམས་དང་ལྷན་དུ་མཱ་ཅང་རྩེ་བར་ལོབས་པར་གྱུར། ཙིག་ཕྲུག་མའི་ཨ་ཕ་ནི་དང་ཐོག་ཆང་མི་འཐུང་བའི་སྐོར་ཡིན་པར་མ་ཟད་མཱ་ཅང་ཡང་རྩེ་མི་ཤེས་མོད། ནག་ཞར་སྡེ་གསར་དུ་ཡོང་བ་ནས་བཟུང་ཆང་འཐུང་དགོས་བྱུང་བ་དང་དེ་ནས་ཕྱི་ཡོང་གི་མི་དག་ལ་ལད་མོ་བྱས་ཏེ་མཱ་ཅང་རྩེ་རྒྱུ་སྦྱངས། ཕྱི་ནས་ཡོང་བའི་མི་དེ་དག་གིས་དེང་ཐོག་སྙིང་ཉེ་ཉེ་ངང་ཁོ་ལ་མཱ་ཅང་རྩེ་ཚུལ་ཁྲིད་ཅིང་། དེ་ནས་སྒོར་མོ་གཅིག་རེ་བྱས་ཏེ་རྩེ་བ་ན་ལན་རེར་ཁོ་རང་རྒྱལ་འགྲོ་བས། ཁོ་སྔར་བས་དེ་ལ་སྤྲོ་བ་ཆེ་བར་གྱུར་ཏེ་རིམ་བཞིན་སྒོར་ལྔ་རེ་དང་བཅུ་རེ། ལྔ་བཅུ། བརྒྱ་རེ་སོགས་ལ་འཕར་བས། ཁོ་ཚང་གི་འཚོ་བའི་ཕོགས་ཐོབ་ཀྱི་སྒོར་མོ་སྨོས་ཅི་དེ་སྔ་ནོར་ལུག་བཙོང་བའི་སྒོར་མོ་དག་ཀྱང་རྩད་རྫོགས་བྱས། མཇུག་མཐར་ཁོས་ཆང་འཐུང་སྟེ་མཱ་ཅང་རྩེ་སྟེ་ཕྱི་ཡོང་གི་མི་ཞིག་ལ་སྒོར་ཁྲི་གཅིག་གི་དོམ་ཆད་པར་གྱུར་སྐད། མི་དེས་ཉིན་རེ་བཞིན་ཁྱིམ་ནང་དུ་དོམ་འདེད་དུ་ཡོང་ཞིང་ཉིན་རེ་སྒོར་བརྒྱ་རེའི་བོགས་སྟེར་དགོས་ཟེར་བས། ཙིག་ཕྲུག་མའི་ཨ་ཕས་ཆང་འཐུངས་ཏེ་ངར་རྒྱས་ཡོད་པས། ཁོང་ཁྲོ་དྲག་ཏུ་ལངས་ཏེ་ཁུ་ཚུར་གཡུགས་ཐེངས་གཅིག་གིས་མི་དེའི་མིག་གཡོན་པའི་ནང་དུ་གཞུས་པས། དེ་མ་ཐག་ཏུ་མི་དེའི་མིག་ཀོང་ལས་ཁྲག་རྣག་འདྲེས་མ་བཞུར་ཏེ་གདོང་ཁེབས་པར་གྱུར། རྗེས་ནས་བཤད་པ་ལྟར་ན་མི་དེའི་མིག་འབྲས་རྩ་བ་བརླགས་ཏེ་མིག་སྐོགས་ས་ཁུང་ཞིག་དང་མཚུངས་པར་བྱས་འདུག་ཟེར། དེ་བས་ཉེན་རྟོག་པས་ཙིག་ཕྲུག་མའི་ཨ་ཕ་འཛིན་བཟུང་བྱས་ཤིང་། མཇུག་མཐར་ལོ་ལྔ་ལ་བཙོན་ཁང་དུ་སྡོད་དགོས་པའི་ཁྲིམས་ཐག་བཅད་སོང་། 
       ཨ་ཕ་བཙོན་དུ་བཟུང་བ་ནས་བཟུང་། ཙིག་ཕྲུག་མ་ནི་རྒྱུན་དུ་འདི་ལྟར་ཁེར་འགྲོ་བྱེད་པར་དགའ་བ་ཞིག་ཏུ་གྱུར་སོང་། ལན་རེར་ཁོ་མོ་གཅིག་པུ་རྒྱབ་ཕྱོགས་ཀྱི་གཞུང་ལམ་འགྲམ་དུ་སོང་ནས་དེ་སྔོན་སྤྱི་བདེ་རླངས་འཁོར་གྱིས་མོའི་ཨ་ཕ་ཁྲིད་འགྲོ་སའི་རྫོང་མཁར་གྱི་ཕྱོགས་སུ་ལྟ་བར་བྱེད། གཞུང་ལམ་ནི་ཟི་ལིང་ནས་མགོ་ལོག་གི་ཕྱོགས་སུ་བསྲིངས་ཡོད་ཅིང་། ཏག་ཏག་ནག་ཞར་སྡེ་གསར་གྱི་མར་མཐའ་དེ་མགོ་ལོག་དང་རྫོང་མཁར་དུ་འགྲོ་བའི་ལམ་གྱི་སུམ་མདོ་ཡིན། གཞུང་ལམ་སྟེང་རླངས་འཁོར་ཆེ་ཆུང་མང་པོ་འགྲོ་འོང་བྱེད་མཁན་རྒྱུན་མི་ཆད་ལ། ཉེ་འགྲམ་གྱི་འབྲོག་པ་ཚོས་འཕྲུལ་རྟ་ཞོན་ནས་འགྲོ་འོང་བྱེད་པའང་འདུག ཁོ་མོ་ཆེས་ལྟ་བར་སྐྲག་པ་ནི་ནམ་རྒྱུན་དམག་གི་རླངས་འཁོར་ལྗང་གུ་ཧ་ཅང་མང་པོ་གྲལ་བསྟར་བསྒྲིགས་ཏེ་དལ་དལ་ངང་གཤར་གྱིན་པ་དེ་རེད། རླངས་འཁོར་དེ་དག་གཤར་ཚེ་ཡུན་རིང་བོར་ཚར་རྒྱུ་མེད་པར་སྔོན་མ་གང་དུ་སོང་ཟིན་པ་དང་རྗེས་མ་གང་ནས་ཡོང་གིན་པ་མིག་ལམ་དུ་ཚུད་མི་ཐུབ། དོན་ངོ་མར་ཁོ་ཚོ་གང་ཞིག་ནས་ཡོང་བ་མི་རྟོགས་པ་དང་གང་ཞིག་ལ་འགྲོ་བའང་མི་རྟོགས། དམག་གི་རླངས་འཁོར་དེ་དག་གི་འཁོར་གཞོང་སྟེང་སྒྲིབ་གཡོགས་ལྗང་གུས་ཡོངས་སུ་བཏུམས་འདུག་པས། དེའི་ནང་དུ་སྐྱེལ་གྱིན་པ་ནི་མི་ཡིན་ནམ་དངོས་པོ་ཡིན་པའང་ཤེས་མཁན་མི་འདུག དཔྱད་བརྗོད་ལ་དགའ་བའི་མི་དག་གིས་དུས་རྒྱུན་དམག་གི་རླངས་འཁོར་དེ་དག་གཤར་བའི་ཚེ་ན།"འདི་དག་གི་ནང་དུ་ཡོད་པ་ནི་མཚོན་ཆ་ཡ་མེད་ཤ་སྟག་ཡིན་རྒྱུ་རེད་ཨང"ཟེར་ནས་རང་ཉིད་མཚོན་ཆ་ལ་ཆ་རྒྱུས་ཡོད་མདོག་བྱེད། ཁོ་ཚོས་འདྲུད་ཀྱིན་པ་ནི་མི་དང་མཚོན་ཆ་ཅི་ཡིན་ཡང་། ཙིག་ཕྲུག་མས་དམག་གི་རླངས་འཁོར་དེ་དག་ཡོང་བ་མཐོང་སྐབས་བྲོས་ནས་སྲང་བར་དུ་སྦ་བར་བྱེད། ཐེངས་ཤིག་དམག་གི་རླངས་འཁོར་དེ་དག་ཕྱིར་གཤར་བའི་དུས་སུ། ཏག་ཏག་ཁོ་ཚོའི་འདབས་རོལ་དུ་ཐོན་འཕྲལ་རླངས་འཁོར་གཅིག་ལ་ཆག་སྐྱོན་བྱུང་བས། རླངས་འཁོར་གཞན་དག་ཚང་མ་དེ་གར་ཡུན་རིང་དུ་བསྡད་ཅིང་། མཇུག་མཐར་ཞིག་གསོ་བྱ་མ་ཐུབ་པས་དམག་དཔོན་ཁྱི་འདྲ་བ་དེས་དམག་མི་གཉིས་ལ་རྡོག་ཐོས་གཉིས་རེ་གཞུས་རྗེས་དེ་མལ་དུ་བསྐྱུར་པ་དང་། རླངས་འཁོར་གཞན་དག་སྔོན་ལྟར་གཤར་ནས་བུད་སོང་། རླངས་འཁོར་གཞན་དག་གཤར་སོང་མཚམས་ཙིག་ཕྲུག་མའང་སླར་ཡང་དོགས་དོགས་ངང་ཕྱིར་གཞུང་ལམ་ཁར་ཡོང་བ་རེད། རླངས་འཁོར་དེ་དང་དམག་མི་གཉིས་ཀ་བདག་མེད་ཀྱི་དྭ་ཕྲུག་ལྟར་དེ་གར་ལུས་ནས་ཉིན་ཞག་གཉིས་འགོར་སོང་། མཐར་དམག་མི་གཉིས་ཀ་ཕོ་བ་ལྟོགས་ཏེ་ངོ་མདངས་ཤོར་ཞིང་མཆུ་འདབ་ལ་བ་ཚྭ་དཀར་པོ་ཆགས་འདུག་པས། ཙིག་ཕྲུག་མས་ཁོ་གཉིས་གཞན་གྱིས་བསྐྱུར་སོང་བར་སྙིང་རྗེ་སྐྱེ་ཞིང་། ཁོ་གཉིས་ཤུལ་དུ་སྐྱུར་མཁན་གྱི་དམག་དཔོན་བཙན་པོ་དེའི་སྟེང་ལ་ཞེ་སྡང་ལངས། མོའི་སེམས་ལ་ཨ་ཕ་ཡང་བཙོན་ཁང་དུ་འདི་ལྟར་ལྟོགས་སྐོམ་མྱངས་ཏེ་ངོ་མདངས་ཤོར་ཏེ་མཆུ་འདབ་ལ་བ་ཚྭ་དཀར་པོ་ཆགས་ཨེ་ཡོད་དམ་སྙམ། མོ་ཡུལ་དུ་སོང་ནས་ལྐོག་ཏུ་གོ་རེ་དང་ཆུ་ཁོལ་ཁྱེར་ཡོང་ནས་དམག་མི་གཉིས་ལ་བྱིན་པ་ན། དམག་མི་གཉིས་ཀ་ཧ་ཅང་དགའ་སྟེ་ཁོ་མོར་བལྟས་ནས་མཐེ་བོང་སྟོན། ཉིན་གསུམ་པའི་ཉིན་གུང་གི་སློབ་ཁྲིད་གྲོལ་ནས་ཕྱིར་ཡོང་དུས། རླངས་འཁོར་དེ་ཞིག་གསོ་བྱས་ཚར་ནས་སོང་ཟིན་འདུག་ཅིང་། མཐའ་འཁོར་གྱི་མི་དག་རླངས་འཁོར་ཆག་སྐྱོན་བྱུང་སའི་ཤུལ་དུ་འདུས་ནས་ཅི་ཞིག་དཔྱད་གླེང་བྱེད་ཀྱིན་འདུག ཙིག་ཕྲུག་མ་ཐད་ཀར་རང་ཁྱིམ་དུ་མ་སོང་བར་ཁོ་ཚོའི་འཁྲིས་སུ་སོང་བ་ན། རླངས་འཁོར་གྱི་ཤུལ་དུ་ས་ནག་ཕུང་བོ་ཞིག་བྱོ་འདུག་པ་ལས་དངོས་པོ་གཞན་ཅི་ཡང་མི་འདུག དེར་ཡོད་པའི་མི་དག་རང་ཉིད་ཀྱི་མིག་ལའང་ཡིད་མི་ཆེས་པར་གྱུར་སོང་།"ཨ་ཙི་ཙི། མ་གཞི་ཁོ་ཚོས་འདྲུད་ཀྱིན་པ་ནི་ས་ནག་ཡིན་འདུག འོ་ན་ཁོ་ཚོའི་ཡུལ་དེར་ས་ནག་ཀྱང་ཚར་སོང་བ་ཨེ་ཡིན་ནམ"ཟེར།
       འཁྲིས་ཀྱི་མི་འགའ་རེས་དེ་འཕྲལ་ཙིག་ཕྲུག་མ་ཐོན་འདུག་པ་མཐོང་ནས།"ཙིག་ཕྲུག་མ། ཁྱོད་སློབ་གྲྭ་གྲོལ་རྗེས་ཡུལ་དུ་མི་འགྲོ་བར། ཅིའི་ཕྱིར་འདིར་ཡོང་བ་ཡིན"ཞེས་སྤྱོ་བར་བྱེད།
       མི་གཞན་ཞིག་གིས་རྒྱུས་ཡོད་མདོག་གིས"ཁོ་མོ་འདི་ལྟར་ཁེར་འགྲོ་བྱེད་རྒྱུ་ལོབས་ཡོད་པ་རེད"ཟེར།
       ཙིག་ཕྲུག་མ་དངོས་གནས་འདི་ལྟར་ཁེར་འགྲོ་ཁེར་འདུག་བྱེད་རྒྱུར་ལོབས་ཡོད་དེ། སློབ་གྲྭའི་ནང་དུའང་ནམ་རྒྱུན་སློབ་གསེང་སྐབས་སུ། སྐབས་རེར་ཁོ་མོ་གཅིག་པུ་སློབ་ཁང་ནང་དུ་བསྡད་དེ་ལག་ནང་ནས་སྨྱུ་གུའམ་ཡང་ན་ཤོག་བུ་ལེབ་མོ་ཙམ་ཕར་སྐོར་ཚུར་སྐོར་བྱས་ཏེ་ལྟ་བཞིན་སྡོད་པ་ལས་སློབ་གྲོགས་གཞན་དག་ལྟར་འུར་ཟིང་ངང་ལྷས་རའི་ནང་ཕར་རྒྱུག་ཚུར་རྒྱུག་མི་བྱེད་ལ། ལན་རེར་ཁོ་མོ་གཅིག་པུ་སློབ་གྲྭའི་ནང་ནས་སྒོར་བུད་དེ་ཕ་རོལ་གྱི་སྤང་ཐང་གི་སྟེང་དུ་འགྲོ་ཞིང་། དེ་ག་ནས་སྔོན་ཆད་ཁོ་ཚང་འདི་གར་སྤར་ཡོང་སའི་མཚེར་སའི་རི་སྒང་དང་དེའི་ཞོལ་གྱི་བཞུར་ཆུའི་གྲོག་མོ། རེའུ་ལྕག་གི་མེ་ཏོག་གད་ཡོད་པའི་ཐང་གཤོང་བཅས་ཀྱི་ཕྱོགས་སུ་རྒྱང་ལྟ་བྱས་ནས་ཡུན་རིང་བོར་སྡོད་པའམ། ཡང་ན་རང་ཉིད་གཅིག་པུ་ཐང་ཡན་དུ་ཉུལ་ནས་རྩྭ་གསེབ་ཏུ་བྱེའུ་ཚང་བཅོས་ཡོད་པ་བཙལ་ཞིང་། བྱེའུ་ཚང་ནང་གི་སྒྲོ་སྤུ་ཐོགས་མེད་པའི་བྱེའུ་ཕྲུག་དམར་འབྱར་དེ་དག་གི་འཁྲིས་སུ་བྱེའུ་མ་ཡིན་ཁུལ་གྱིས་ཏིའུ་ཏིའུ་ཞེས་གྲགས་པ་ན། དེ་དག་གིས་ཨ་མས་རྒུམ་བུ་འཐུས་ཡོང་བ་ཡིན་འདུག་སྙམ་སྟེ་མཆུ་ཏོ་གནམ་ལ་གདངས་ཏེ་ཙིར་ཙིར་གྱི་སྐད་འདོན་པར་བྱེད་པས། ཁུག་མ་ལས་གོ་རེའི་རྡུལ་དག་བླངས་ཏེ་རྡོག་ཙམ་རྡོག་ཙམ་དེ་དག་གི་ཁ་ནང་དུ་འཇོག་པར་བྱེད། མཇུག་མཐར་སློབ་ཁྲིད་འཚོགས་པའི་བརྡ་གྲགས་པ་ན་གཅིག་པུ་མྱུར་མོར་ཕྱིར་སློབ་ཁང་ནང་དུ་ཡོང་ལ། ལན་རེར་དགེ་རྒན་གྱིས་མཚར་སྣང་དང་བཅས་དགོད་བཞིན་དུ་ཁོ་མོར།"ཙིག་ཕྲུག་མ། ཁྱོད་ནམ་རྒྱུན་ཁེར་འགྲོ་ཁེར་འདུག་བྱེད་དོན་ཅི་ཡིན"ཞེས་དྲིས་པ་ན། ཙིག་ཕྲུག་མས་དགེ་རྒན་གྱི་བཞིན་ལ་བལྟས་ནས་ཡུན་རིང་ཙམ་འགོར་རྗེས། ལྡབ་ལྡིབ་ངང"ཡུལ་དུའང་ང་གཅིག་པུ་ཡིན་པས་་་་་་"ཞེས་ལན་འདེབས་ལ། དེ་མུར་དགེ་རྒན་གྱིས་ཀྱང་མོའི་ཨ་ཕ་བཙོན་དུ་བཟུང་ཡོད་པ་དྲན་ནས། བཞིན་གྱི་འཛུམ་མདངས་བསྡུས་ནས་མོ་ལ་གདུང་སེམས་འཆང་བར་བྱེད།
       ཙིག་ཕྲུག་མ་སྡེ་དཔོན་སྐྱ་བྷ་ཚང་གི་སྲང་སྒོར་ཐོན་མཚམས་མོས་ཆེད་དམིགས་ཀྱིས་སྐེ་ཇེ་དྲང་དུ་བཏང་ནས་མདུན་དུ་འགྲོ་ཅི་ནུས་བྱས་པ་ལས། ཕ་རོལ་ན་སྡེ་དཔོན་སྐྱ་བྷ་དང་རྩིས་གཉེར་བ་གསེར་ཁ་སོགས་མི་འགའ་ཡིས་ཉེན་རྟོག་པ་གཉིས་ཀ་བསྐོར་ནས་སྐད་ཆ་ཅི་ཞིག་བཤད་པའི་ཚུལ་ལ་མིག་གིས་མི་ལྟ་བའི་སེམས་ཐག་བཅད། ཡིན་ནའང་ཙིག་ཕྲུག་མས་ཁོ་ཚོའི་སྐད་གདངས་ལས་མི་སུ་དག་ཡིན་པ་གསལ་བོར་ཤེས་ཐུབ་པར་མ་ཟད། ཁོ་ཚོའི་ལུས་ཀྱི་ཉམས་འགྱུར་ཡང་མིག་ལམ་དུ་འཆར་ཐུབ་སྟེ། སྐད་སྦོམ་ཞིང་སྐད་ཆ་ལྡར་ལྡིར་བཤད་པ་དེ་ནི་སྡེ་དཔོན་སྐྱ་བྷའི་སྐད་རེད་ལ། གསེར་སོ་གཉིས་ཀྱི་བར་ནས་སྐད་མགོ་མཐོ་ཞིང་ཕྲ་སིང་ལ་ཀླད་པའི་ནང་དུ་ཟུག་འགྲོ་བ་ལྟར་བཤད་པ་དེ་ནི་རྩིས་གཉེར་པ་གསེར་ཁའི་སྐད་དང་། སྐད་མགོ་དམའ་ཞིང་མགོ་རུམ་ལ་བཅུག་ནས་བཤད་པ་ལྟ་བུ་དེ་ནི་ཨ་ཁུ་དཀོན་མཆོག་གི་སྐད་རེད། དེ་མིན་བུད་མེད་ཀྱི་སྐད་ལྟར་ཨག་སྐད་འདྲེས་པ་དེ་དང་ངག་འཇམ་ཞིང་གནས་ལུགས་དྲང་བོར་འཆད་ཀྱིན་པ་ལྟ་བུ་དེ་ནི་ཉེན་རྟོག་པ་གཉིས་ཀའི་སྐད་ཡིན་རྒྱུ་རེད། 
       ཙིག་ཕྲུག་མས་དོན་ངོ་མར་དོན་དག་ཅི་ཞིག་བྱུང་སོང་བའང་མི་ཤེས་མོད། ཁོ་ཚོ་ཚང་མར་བྲེལ་འཚུབ་ལངས་ཀྱིན་པའི་བཟོ་ལྟ་འདུག་པས་དོན་དག་གལ་ཆེན་ཞིག་བྱུང་སོང་བ་ཁོ་ཐག་རེད། ཁོ་ཚོས་སྡེ་དཔོན་སྐྱ་བྷ་ཚང་གི་སྒོ་མདུན་དུ་འདུས་ཏེ་སྐད་ཆ་སྣ་ཚོགས་ཤིག་བཤད་རྗེས། དེ་མ་ཐག་ཏུ་སྡེ་དཔོན་སྐྱ་བྷ་དང་ཉེན་རྟོག་པ་གཉིས་སྔོན་མ་བྱས་ཤིང་། རྩིས་གཉེར་བ་གསེར་ཁ་དང་ཨ་ཁུ་དཀོན་མཆོག་གཉིས་རྗེས་མ་བྱས་ཏེ་སྡེ་དཔོན་སྐྱ་བྷ་ཚང་གི་ལྷས་རའི་ནང་དུ་འཛུལ་སོང་། ཁོ་མོས་དེ་དག་ལ་ཁ་ཡ་མ་བྱས་པར་མུ་མཐུད་དུ་མདུན་དུ་སོང་། ཁོ་མོའི་སེམས་ལ་ཉེན་རྟོག་པ་ཡོང་ཚེ་དོན་དག་བཟང་བོ་ཞིག་མེད་སྙམ། ཡིན་ནའང་ཁོ་མོས་དེ་དག་ལ་ཁ་ཡ་མ་བྱས། ཁོ་མོའི་སེམས་སུ། ཨ་ཕ་བཙོན་དུ་ཁྲིད་པ་ནས་བཟུང་ཁོ་མ་སྨད་གཉིས་ཀ་སྡེ་བ་དང་འབྲེལ་བ་མེད་པ་ལྟར་གྱུར་པས། ཁྱིམ་ཚང་གཞན་ལ་དོན་དག་ཅི་བྱུང་ཡང་ཁོ་མ་སྨད་གཉིས་ཀར་འབྲེལ་བ་ཅི་ཡང་མེད་སྙམ། ཁོ་མོར་དམིགས་ཡུལ་ཅི་ཡང་མེད་པར་མདུན་ཕྱོགས་སུ་སོང་། ཆར་བ་བབས་པ་རེས་འཚུབ་རེས་འཇགས་ཡིན་ཞིང་ཆར་ཐིགས་དག་ཆར་གདུགས་སྟེང་དུ་བབས་པའི་སྒྲའང་མི་ཡི་ལག་པས་གཏོར་བ་ལྟར་བཏང་ལྷོད་མི་སྙོམས་པར་འདུག  མོས་རྣ་བས་ཆར་བ་ཆར་གདུགས་སྟེང་དུ་བབས་པའི་སྒྲར་ཉན་ཞིང་། མིག་གིས་ཆར་ཐིགས་ཀྱིས་བར་མཚམས་མེད་པར་འཁྱིལ་ཆུའི་ནང་གཙབས་ཧྲལ་དུ་གཏོང་བ་ལྟ་བུའི་ཆུ་རིས་ལ་བལྟས། ཁོ་མོ་འགྲོ་བཞིན་འགྲོ་བཞིན་སྲང་ལམ་གྱི་མགོར་ཐོན་བྱུང་། ཙིག་ཕྲུག་མས་མིག་གིས་མ་བལྟས་ཀྱང་ཡིད་ངོར་གསལ་བོར་འཆར་ཐུབ་སྟེ། མདུན་ཕྱོགས་ཀྱི་སྲང་མགོའི་གཡས་ཟུར་དུ་ཡུལ་ཚོའི་འཕྲོད་བསྟེན་ས་ཚུགས་ཤིག་ཡོད་ཅིང་དེའི་གོང་རོལ་གྱི་སྲིབ་ངོས་ཀྱི་དེ་སྔར་མཁར་སའི་ཆེ་ཆུང་ཙམ་གྱི་ས་སྟོང་ཞིག་ཡོད་པ་དེ། ཕྱིས་སུ་སྡེ་དཔོན་སྐྱ་བྷས་བདག་ཏུ་བཟུང་ནས་སྒེར་གྱིས་ཁང་བ་གྱན་གསུམ་ལས་པ་དང་། ཁང་བ་དེ་དག་བཤས་པ་ཀྲང་མཆུ་སྟུག་ལ་གླས་ཏེ་ལུག་ཤ་འཚོང་ས་བྱས་ཡོད། ནག་ཞར་སྡེ་གསར་དང་ལྷན་དུ་གནས་སྤོ་བྱས་པའི་ནག་ཞར་སློབ་གྲྭ་ནི་དེ་དག་གི་གོང་རོལ་དུ་རྩིག་པ་དཀར་པོ་བརྒྱབ་པའི་ལྷས་རའི་ནང་དུ་ཁང་པ་གྲལ་སྟར་གཉིས་ཡོད་པ་དེ་ཡིན་ཞིང་། ལྷས་རའི་དཀྱིལ་དུ་བསྒྲེངས་ཡོད་པའི་དར་དམར་དེ་དུས་རྒྱུན་རླུང་གིས་བསྐྱོད་དེ་མཐའ་འཁོར་གྱི་སློབ་མ་དག་སློབ་གྲྭར་འབོད་པ་ལྟར་ཡོད་ཀྱང་། དེ་རིང་གཟའ་ཉི་མ་ཡིན་པའི་ཁར་ཆར་བ་འབབ་ཀྱིན་ཡོད་པས། ཆར་བའི་ཁྲོད་ཉམས་སྣང་ཅི་ཡང་མེད་པ་ལྟར་ལྷོད་ཤིག་གེར་འདུག
       ཙིག་ཕྲུག་མ་ཤེས་མེད་ཚོར་མེད་དུ་ཡུལ་ཚོའི་འཕྲོད་བསྟེན་ས་ཚུགས་ཀྱི་སྒོ་ཆེན་གྱི་ཐད་དུ་ཐོན་འདུག  འཕྲོད་བསྟེན་ས་ཚིགས་དེར་སྤུས་ཀ་ལེགས་པའི་ཁང་བ་གྲལ་སྟར་གཅིག་ལས་མེད་ཀྱང་ལྷས་ར་ཆེ་ཞིང་། ལྷས་རའི་མདུན་ཕྱོགས་སུ་ལྕགས་དྲའི་སྒོ་ཆེན་ཞིག་ཡོད་པས་མི་སུས་བལྟས་ཀྱང་ལས་ཁུངས་ཞིག་ཡིན་པ་ཤེས་སླ། ཡིན་ནའང་འཕྲོད་བསྟེན་ས་ཚུགས་སུ་སྨན་པ་རྒད་པོ་ཞིག་དང་ནད་གཡོག་བུ་མོ་གཉིས་ལས་མེད་པར་མ་ཟད། ཉིན་བཞིན་ནད་པ་ཡོང་མཁན་རེ་གཉིས་ལས་མེད་ལ་ལན་རེར་ཉིན་གང་བོར་ནད་པ་གཅིག་ཀྱང་མེད་པའི་སྐབས་ཀྱང་འདུག  སྨན་པ་རྒད་པོ་ནི་ཉིན་རྒྱུན་ཆང་ཁོ་ན་འཐུང་ནས་དྭངས་སུ་མི་གཞུག་པའི་ཆང་རྐྱལ་ཞིག་ཡིན་པས།  ཁོའི་ཆང་འཐུང་བར་ཚོད་འཛིན་བྱ་ཕྱིར་ཟླ་ཕོགས་ཀྱི་བྱང་བུ་ཡང་རྫོང་མཁར་དུ་ཡོད་པའི་ཆུང་མས་ཉར་ཚགས་བྱས་ཡོད་སྐད། ཡིན་ནའང་ཁོ་ནམ་རྒྱུན་ཚོང་ཁང་དག་གི་ནང་དུ་སོང་ནས་ཆང་དོམ་ལ་ལེན་པའམ་ཁྱིམ་ཚང་རེ་རེའི་ནང་དུ་སོང་ནས་ཆང་བསླངས་ནས་འཐུངས་ཏེ་ནད་གཡོག་མ་གཉིས་ལ་ཤུལ་བསྲུང་དུ་འཇུག་མོད། བསྡད་ཀྱིན་དུ་ཚོང་ཁང་དག་གིས་ཁོ་ལ་ཆང་དོམ་དུ་མི་འཇོག་པ་དང་ཁྱིམ་ཚང་དག་ཏུ་སོང་ཡང་ཆང་ལྡུད་མཁན་ཡང་མ་བྱུང་བས། ད་ལོ་ནས་བཟུང་ཁོས་ཆང་གཏན་གཅོད་བྱས་ཡོད་སྐད། ཙིག་ཕྲུག་མ་འཕྲོད་བསྟེན་ས་ཚུགས་ཀྱི་ལྕགས་སྒོའི་ཐད་དུ་ཐོན་འཕྲལ་མདུན་དུ་འགྲོ་མཚམས་བཞག འཕྲོད་བསྟེན་ས་ཚུགས་ཀྱི་ལྕགས་སྒོའི་སྒོ་ཆེན་ལ་ཟྭ་བརྒྱབ་སྟེ་འགྲམ་གྱི་སྒོ་ཆུང་ལས་ཕྱེ་མི་འདུག་ཅིང་། སྒོ་ཆུང་གི་ནང་ནས་ཀྱང་བ་གླང་འཛུལ་བར་དོགས་ཏེ་ལྕགས་ཐག་གིས་སྦྲེལ་ནས་ཕྱེད་ཙམ་ལས་ཕྱེ་མེད་པས། མི་རྣམས་ནང་དུ་འགྲོ་དུས་ལུས་པོ་བསྒུར་ནས་འཛུལ་ན་མ་གཏོགས་ནང་དུ་འགྲོ་མི་ནུས་པར་འདུག ཙིག་ཕྲུག་མས་མིག་ཅེར་རེར་འཕྲོད་བསྟེན་ས་ཚུགས་ཀྱི་ནང་ཕྱོགས་སུ་བལྟས་པ་ན། ལྷས་རའི་ནང་དུ་གསར་དུ་བཙུགས་པའི་སྡོང་ཕྲུག་སྟར་ཕྲེང་འགའ་ཡོད་པ་དེ་དག་ཆར་བའི་ཁྲོད་དུ་ལོ་མ་མར་དུད་དེ་འདུག་པས། ལྷས་རའི་ནང་སྔར་བས་ཀྱང་སྟོང་འཇགས་སེར་མི་ཡོད་མེད་ཀྱང་མི་ཤེས་པར་འདུག
       མོ་དེ་གར་ཡུད་ཙམ་ལ་འགྲེང་ནས་བསྡད་རྗེས། མིག་གི་ལྟ་ཕྱོགས་ཚུར་བསྡུས་ཏེ་དེའི་གོང་རོལ་གྱི་ཁ་གཏད་དུ་ཡོད་པའི་བཤས་པ་ཀྲང་མཆུ་སྟུག་གི་ལུག་ཤ་འཚོང་སའི་ཁང་བའི་ཕྱོགས་སུ་བལྟས། བཤས་པ་ཀྲང་མཆུ་སྟུག་གིས་ཉིན་རྒྱུན་སྔ་མོའི་དུས་སུ་ཉེ་འཁོར་གྱི་འབྲོག་སྡེ་དག་ཏུ་སོང་ནས་ལུག་ཉོས་ཏེ་དྲུད་ཡོང་ཞིང་། ཁང་བའི་ནང་འཁོར་གྱི་ལྷས་རར་བཤས་ཏེ་ཤ་དག་མདུན་ཕྱོགས་ཀྱི་སྲང་ལམ་དུ་བསྟན་ནས་བཀལ་ཡོད་ལ། ད་དུང་ཉེ་འཁོར་ནས་མར་ཆུར་སྡུད་ཉོ་བྱས་ཏེ་རིན་གོང་ཇེ་མཐོར་བཏང་ནས་གཞན་ལ་འཚོང་གིན་ཡོད་པས། སྡེ་གསར་གྱི་མི་རྣམས་ཀྱིས་ཀྱང་མཁར་གྲོང་གི་མི་རྣམས་དང་འདྲ་བར་ཉི་མ་རེ་གཉིས་ལ་མཁོ་བའི་ཤ་དང་མར་ཆུར་དག་ཁོའི་ས་ནས་རྡོག་ཙམ་རྡོག་ཙམ་བྱས་ཏེ་ཉོ་བ་ཡིན། ཉིན་འདིར་ཆར་བ་འབབ་ཀྱིན་ཡོད་པས་ལུག་ཤ་དག་ཕྱི་རོལ་ཀྱི་རྩིག་པའི་སྟེང་དུ་བཀལ་ནས་ནག་ཞར་སྡེ་གསར་གྱི་ལུག་ཤས་དབུལ་ཞིང་ལུག་ཤ་ཟ་བར་དགའ་བ་དག་ལ་ངོམ་སོ་བྱེད་པ་ལྟར་བཤམས་མི་འདུག་ལ། ཀྲང་མཆུ་སྟུག་ཁོ་རང་ཡང་ནམ་རྒྱུན་ལྟར་ལྭ་བ་སྣུམ་སྟུག་མ་དེ་གོན་ནས་སྒོ་ཁའི་འདུག་སྟེགས་རྒྱབ་སྙེས་མའི་སྟེང་དུ་རྐང་བ་གཅིག་སྟེང་ལ་གཅིག་བཞག་སྟེ། མཆུ་འདབ་མཐུག་པོའི་བར་དུ་དུ་བ་ཞིག་བསྣར་ནས་ལུག་ཤ་དང་མར་ཆུར་ཉོ་མཁན་ལ་བསྒུགས་ནས་བསྡད་མི་འདུག་ནའང་། ལུག་ཤ་འཚོང་སའི་ཁང་བའི་སྒོ་ནི་དུས་རྒྱུན་ལྟར་ཡོད་ཚད་ཁྱུར་མིད་དུ་བཏང་འགྲོ་བའི་མུན་ནག་གི་ཁུང་བུ་ཞིག་དང་འདྲ་བར་ཉོ་མཁན་དག་ལ་བཟེད་དེ་བརྒྱངས་འདུག ཙིག་ཕྲུག་མའི་གོམ་ཁ་རང་དབང་མེད་པར་བཤས་ཁང་གི་ཕྱོགས་སུ་བསྒྱུར། 
       ཀྲང་མཆུ་སྟུག་གིས་ཁང་བའི་ནང་དུ་ལུག་གི་ནང་ཁྲོལ་ལ་ཉ་ར་བྱེད་ཀྱིན་འདུག་ཅིང་། ཁོའི་ཆུང་མས་གམ་དུ་ལོ་གཅིག་ལ་སོན་ཙམ་གྱི་བྱིས་པ་པང་ནས་ཁོ་ལ་རྒྱུ་མའི་ནང་དུ་ཆུ་ལྡུག་རོགས་བྱེད་ཀྱིན་འདུག གློ་བུར་དུ་སྒོ་ནང་ནས་གྲིབ་གཟུགས་ཤིག་བྱུང་བས་ཀྲང་མཆུ་སྟུག་གིས་ལུག་ཤ་ཉོ་མཁན་ཞིག་ཐོན་བྱུང་སྙམ། ཁོས་མགོ་བོ་ཡར་དགྱེ་སྟེ་བལྟས་པ་ན་ཙིག་ཕྲུག་མ་ཡིན་འདུག་པས། དེ་མུར་དོ་སྣང་མི་བྱེད་པར་མུ་མཐུད་དུ་རྒྱུ་མ་འདེད་བཞིན"བུ་མོ། དེ་རིང་གཟའ་ཉི་མ་ཡིན་པ་མིན་ནམ། ཁྱོད་གང་ལ་འགྲོ་བ་ཡིན"ཞེས་དྲིས་བྱུང་། བལྟས་ཚོད་དུ་ཁོའི་སེམས་ཀྱི་དམིགས་པ་ད་དུང་ཡང་རྒྱུ་མ་འདེད་པའི་ཕྱོགས་སུ་འཁོར་ཡོད་པས། དྲི་བ་དེ་ནི་ཁོས་རྒྱུ་མ་འདེད་པར་རམ་འདེགས་བྱེད་པའི་སྐད་ཆ་ཞིག་ཡིན་པར་སྣང་།
       ཙིག་ཕྲུག་མས་ཁོ་ལ་ལན་ཅི་ཡང་མི་འདེབས་པར་ཁ་རོག་གེར་ཁང་བའི་ནང་དུ་ཡོང་ཞིང་། མིག་རིག་རིག་གིས་ཁང་བའི་རྩིག་ངོས་སུ་བཀལ་བའི་ཤ་རྣམས་ལ་ལྟ་ཙམ་བྱས་རྗེས། མཆུ་འདབ་དམ་པོར་བསྡམས་ཏེ་ཤེལ་གྱི་སྒྲོམ་སྟེགས་ཀྱི་འཁྲིས་སུ་ཡོང་བ་དང་། སྒྲོམ་སྟེགས་ནང་དུ་བཤམས་ཡོད་པའི་མར་ཆུར་དག་ལ་བལྟས་ནས་བསྡད། དོན་ངོ་མར་ཁྱིམ་དུ་ལུག་ཤ་ཆད་སོང་བས་མ་བུ་གཉིས་ཀྱིས་ཞག་མ་གཉིས་ལ་འོ་ཇ་ལ་ལྕིབས་ནས་གོ་རེ་ཟོས་ནས་ཉལ་དགོས་བྱུང་བས། མོའི་སེམས་སུ་ནམ་ཡང་ཕོ་བ་རྒྱགས་མེད་པའི་ཚོར་སྣང་ཞིག་གིས་གཉིད་མི་ཡོང་བར་འགྱུར།
       མོས་མིག་གིས་ཀྲང་མཆུ་སྟུག་ལ་མི་ལྟ་བར་འབྲི་མར་ལ་ཅེར་ཏེ།"མར་རྒྱ་མ་གང་ལ་སྒོར་མོ་ག་ཚོད་ཡིན"ཞེས་དྲིས། 
       "སྒོར་མོ་བཞི་བཅུ་ཐམ་པ།"ཀྲང་མཆུ་སྟུག་གིས་འདང་རྒྱག་མི་དགོས་པར་དེ་ལྟར་བཤད་རྗེས། དེ་མུར་ཡིད་དུ་ཅི་ཞིག་དྲན་པ་ལྟར་ཕྱིར་འཁོར་ནས་ཙིག་ཕྲུག་མར་ལྟ་བཞིན"ཨེ་བུ་མོ། ཁྱོད་ཀྱི་ཨ་མས་དེ་སྔོན་ལུག་ཤ་རྒྱ་མ་གསུམ་ཉོས་པའི་སྒོར་མོ་བྱིན་མེད། ཁྱོད་དེ་སྟེར་དུ་ཡོང་བ་མིན་ནམ"ཞེས་དྲིས་བྱུང་། དྲི་བ་འདི་འདྲི་དུས་ཁོའི་རྣམ་འགྱུར་ཧ་ཅང་ནན་ཏན་ཡིན་འདུག་སྟེ། ཕལ་ཆེར་དྲི་བ་དེ་ཁོའི་མིག་འོད་ཀྱི་གཏིང་རིམ་ནས་ཐོན་པ་རེད་ཅེས་བཤད་ཆོག་འདུག
       ཀྲང་མཆུ་སྟུག་ལ་ཐབས་འདི་འདྲ་ཞིག་ཡོད་དེ། ནག་ཞར་སྡེ་གསར་གྱི་མི་དག་ཁོ་ལ་འདྲིས་ཡོད་ཅིང་ཁོ་ཡང་ནག་ཞར་སྡེ་གསར་གྱི་མི་དེ་དག་ལ་གསལ་ཆ་ཡོད་པས། ནམ་རྒྱུན་ཤ་མར་དག་ཉོ་བའི་ཚེ་ན་ཉོ་མཁན་གྱིས་སྒོར་མོ་བསྣམས་མེད་ནའང་། ཁོས་ཧ་ཅང་ཡིད་ཆེས་ཡོད་པའི་ངང་སྒོར་གྲངས་ཡི་གེར་བཀོད་དེ་དོམ་བྱེད་རྒྱུ་ཅི་ལའང་མི་བརྩི་བས། ནག་ཞར་སྡེ་གསར་གྱི་ཉོ་མཁན་དག་གིས་ཀྱང་དེ་བཞིན་དུ་སྒོར་མོའི་རིན་ཐང་གློ་བུར་དུ་མར་ལྷུང་བ་ལྟར་དོམ་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད། ཡིན་ནའང་དོམ་པ་དག་གིས་སྒོར་མོ་མ་བྱིན་པར་ཅུང་འགོར་བ་ན། ཁོས་སློབ་གྲྭ་གྲོལ་བའི་གོ་སྐབས་དང་བསྟུན་ནས་དེ་ཚང་གི་བྱིས་པར་ཁོ་ཚང་གིས་དོམ་ཆད་ཡོད་ཚུལ་བཤད་པ་ན། བྱིས་པ་དེ་སློབ་གྲོགས་ཚོའི་ཁྲོད་ནས་ངོ་ཚ་བར་གྱུར་ཏེ་མགོ་འདེགས་མི་ནུས་པར་འགྱུར་ལ། ཕྱིར་ཡུལ་དུ་སོང་འཕྲལ་ཁྱིམ་བདག་ལ་བསྐུལ་ཏེ་ཁོ་ལ་ཆད་པའི་དོམ་མྱུར་དུ་སྟེར་དུ་གཞུག་པ་རེད།
       ཙིག་ཕྲུག་མས་ཀྱང་དེ་སྔོན་ཨ་མས་ལུག་ཤ་རྒྱ་མ་གསུམ་ཉོས་པ་ཡིད་དུ་ཡོད་མོད། འོན་ཀྱང་དེ་ནི་དོམ་དུ་བླངས་པ་ཡིན་མིན་གསལ་བོར་མི་ཤེས་པས། ཁོ་མོའི་མིག་འོད་གཞི་ནས་སྒྲོམ་སྟེགས་སྟེང་ནས་བཤས་པ་ཀྲང་གི་གདོང་ལ་བསྒྱུར་ཏེ། འགྲམ་པ་དམར་པོར་འགྱུར་ཙམ་གྱིས"ངའི་ཨ་མས་དོམ་དུ་བླངས་པ་རེད་དམ"ཞེས་ནན་ཏན་དུ་དྲིས། མིག་མདངས་ལ་བལྟས་ན་ད་དུང་མོའི་རྣར་འགྲོ་ཡིན་མེད་པ་འདྲ།
       ཀྲང་མཆུ་སྟུག་གིས་མིག་ཆེ་རུ་ཅེར་ཙམ་བྱས་ཏེ"འདི་ན་ཡི་གེར་བྲིས་ཡོད་པ་རེད། ཁྱོད་ཀྱིས་ལྟ་དགོས་སམ། ཁྱོད་ཀྱི་ཨ་མས་བརྗེད་མི་སྲིད་ཨང"ཞེས་དྲིས་བྱུང་།
       ཙིག་ཕྲུག་མས་མགོ་འཕྲེད་དུ་གཡུག་ཙམ་གྱིས་ཡི་གེའི་སྟེང་ལ་ལྟ་འདོད་མི་བྱེད་པར"ངའི་ཨ་མས་བརྗེད་མི་སྲིད"ཟེར་བ་དང་། ཡང་བསྐྱར་མིག་གིས་འབྲི་མར་ལ་ལྟ་བཞིན་ལུག་ཤར་དོ་སྣང་བྱེད་ཀྱིན་མེད་པ་ལྟར"ལུག་ཤ་རྒྱ་མ་གང་ལ་སྒོར་ག་ཚོད་ཡིན"ཞེས་དྲིས།
       "སུམ་ཅུ་ཐམ་པ།"བཤས་པ་ཀྲང་གིས་ཧ་ཅང་བསྒུལ་རྒྱུ་མེད་པ་ལྟ་བུའི་ངག་གིས་དེ་ལྟར་བཤད་བྱུང་ལ། ཕལ་ཆེར་ཁོའི་མཆུ་འདབ་མཐུག་པོ་དེ་ཆེད་དུ"ཐམ་པ"ཞེས་པའི་ཐ་སྙད་དེ་འཆད་བྱེད་དུ་ཐོགས་པ་ལོས་ཡིན་སྙམ་འོངས།
       མཇུག་མཐར་ཙིག་ཕྲུག་མས་རང་དབང་མེད་པར་རྩིག་ངོས་སུ་བཀལ་ཡོད་པའི་ལུག་ཤར་མིག་གིས་ལྟ་ཙམ་བྱས་རྗེས་མཆུ་འདབ་དམ་པོར་བསྡམས་ཏེ་སྒོར་འགྲོ་རྩིས་བྱས། ཏག་ཏག་སྐབས་དེར། སྒོ་ནང་ནས་རུམ་དུ་བུས་པ་པང་བའི་བུད་མེད་ཅིག་གིས་ཁུག་མ་ཞིག་རྒྱབ་ཏུ་ཁུར་ནས་བཤས་ཁང་གི་ནང་དུ་ཐོན་བྱུང་། བུད་མེད་དེ་ནི་ངོ་གདོང་ནག་ཅིང་ལུས་པོ་ནད་ཀྱིས་མནར་བ་ལྟར་རིད་ཅིང་ཅུང་སྒུར་ཡོད་པ་ཞིག་རེད་མོད། ཙིག་ཕྲུག་མས་ཆེས་མཉམ་བཞག་པ་ནི་བུད་མེད་དེའི་རུམ་གྱི་བུས་བ་དེ་རེད། བུད་མེད་དེའི་ལུས་ལ་རས་ལྭ་ནང་མ་ཅན་རྙིང་པ་ཞིག་གོན་ཡོད་པ་ཆར་བས་སྦངས་ཏེ་བརླན་ཆིལ་ཆིལ་དུ་གྱུར་འདུག་ཅིང་། རུམ་གྱི་བྱིས་པ་ལ་གྲང་བའི་ཚོར་བ་ཅི་ཡང་མེད་པར་གཉིད་པ་ལྟར་མིག་མི་འབྱེད་པར་འདུག བུད་མེད་དེ་ནང་དུ་ཐོན་མ་ཐག་ཀྲང་མཆུ་སྟུག་ལ་བལྟས་ཏེ"ཁྱོད་ཀྱིས་འབྲི་མར་ཉོ་བཞིན་ཨེ་ཡོད"ཞེས་དྲིས་བྱུང་།
       ཀྲང་མཆུ་སྟུག་དེ་མུར་ཡར་ལངས་ཏེ་མོར་མི་ལྟ་བར་མོའི་རྒྱབ་ཀྱི་ཁུག་མར་ལྟ་བཞིན"འབྲི་མར་ཉོ་བཞིན་ཡོད། ག་རེ་མར་ལ་བལྟ་དང"ཟེར་ནས་མོའི་རྒྱབ་ཀྱི་ཁུག་མ་དེ་ལེན་རྩིས་བྱས་བྱུང་། 
       ཡིན་ནའང་བུད་མེད་དེས་དེ་མ་ཐག་ཏུ་ཁོའི་ཤ་ཚིལ་གྱི་སྦགས་པའི་ལག་པར་ཅེར་ནས་ཅུང་ཐེ་ཚོམ་དུ་གྱུར་ནས་བསྡད་བྱུང་བས། ཀྲང་མཆུ་སྟུག་གིས་གཞི་ནས་རང་ཉིད་ཀྱི་ལུག་བཤས་མ་ཐག་པའི་ལག་པར་མཉམ་འཇོག་བྱས་ཤིང་། ལག་པ་ཕྱིར་བསྐུམས་ཏེ་འགྲམ་དུ་བྱིས་པ་བཟུང་ཡོད་པའི་ཆུང་མར"ཁྱོད་ཀྱིས་ལྟོས་དང"ཟེར།
       ཀྲང་མཆུ་སྟུག་གི་ཆུང་མ་ནི་རྩལ་ཆེན་ཞིག་ཡིན་འདུག མོས་ལག་གཡོན་པས་བྱིས་པ་བྲང་ཁར་བཙིར་པ་དང་། ལག་གཡས་པས་བུད་མེད་དེའི་ཕྲག་སྟེང་གི་ཁུག་མར་བསྙབས་ཏེ་སྒྲོམ་སྟེགས་སྟེང་དུ་བཞག་ཅིང་། ལག་པ་གཅིག་གིས་བྱང་ཆ་ཡོད་པའི་ངང་ཁུག་མའི་ཁ་ཕྱེ་སྟེ་འབྲི་མར་ཕྱི་རུ་བཏོན་བྱུང་། འབྲི་མར་ནི་འོ་མ་གསར་དུ་དཀྲོག་ནས་བླངས་པ་ཡིན་འདུག་སྟེ། ཁུག་མའི་ནང་དུ་འོ་ཟོའི་ནང་གི་དཀྲོག་ཚད་ཚད་གཞི་བྱས་པའི་མར་སྐྲོག་ག་གཉིས་བཅུག་འདུག་ཅིང་། ཧ་ཅང་གཙང་ཞིང་གྲལ་དག་པར་འདུག་པས་མིག་མདུན་གྱི་བུད་མེད་འདིའི་ལག་ནས་ཐོན་པ་ཨེ་ཡིན་ནམ་སྙམ་པ་ཞིག་འདུག
       བུད་མེད་དེས་རེ་བའི་མིག་གིས་ཀྲང་མཆུ་སྟུག་ལ་བལྟས་ཏེ་སྒུག་མི་བཟོད་པའི་ངང་།"རྒྱ་མ་གང་ལ་སྒོར་མོ་དུ་སྟེར་རྒྱུ"ཞེས་དྲིས་བྱུང་། བཟོ་ལྟར་བལྟས་ན་མོར་ཧ་ཅང་བྲེལ་བ་ལང་གིན་འདུག
       ཀྲང་མཆུ་སྟུག་གིས་མིག་གིས་བལྟས་ཙམ་གྱིས་འབྲི་མར་བཟང་བ་རྟོགས་ཏེ། བཤད་རྒྱུ་མེད་པའི་ཚུལ་གྱིས"སྒོར་མོ་སུམ་ཅུ་སོ་གསུམ"ཞེས་བཤད་བྱུང་། 
       ཙིག་ཕྲུག་མའི་སེམས་སུ་ཁོས་ད་སྔོན་བཞི་བཅུ་ཐམ་པ་ཟེར་བ་མིན་ནམ། རང་ཉིད་ཀྱིས་གོ་ལོག་གོ་བ་ཨེ་ཡིན་ནམ་སྙམ་ན་ཡང་། ཁོའི་མཆུ་འདབ་ལས"ཐམ་པ"ཞེས་བཤད་པ་ད་དུང་ཡང་མིག་ལམ་དུ་འཆར་གྱིན་འདུག་པས་མོས་གོ་ལོག་ཐོས་པ་ག་ལ་ཡིན། མོས་ཀྲང་མཆུ་སྟུག་གི་ངོ་ལ་བལྟས་ནས"ཁྱོད་ཀྱིས་ད་སྔོན་བཞི་བཅུ་ཐམ་པ་ཟེར་བ་མིན་ནམ"ཞེས་དྲིས།
       བུད་མེད་དེས་གཞི་ནས་ཙིག་ཕྲུག་མ་མཐོང་བྱུང་བ་ལྟར་ཧུར་རེར་མོའི་གདོང་ལ་ཅེར་ནས་བསྡད་བྱུང་། ཕལ་ཆེར་མོས་ཀྱང་འབྲི་མར་རྒྱ་མ་གང་ལ་སྒོར་བཞི་བཅུ་སྟེར་བར་ཡིད་ཆེས་བྱེད་ཀྱིན་མེད་པ་ལྟར་སྣང་།
       ཀྲང་མཆུ་སྟུག་གིས་དེ་མུར་ཙིག་ཕྲུག་མར་བལྟས་ཏེ་དགོད་བཞིན་དུ། "དེ་ནི་ཁྱོད་ཚོས་ཉུང་ཉུང་ཙམ་ཉོ་ན་བཞི་བཅུ་ཡིན་པ་རེད། ངས་ཁྱོད་ཚོའི་ལག་ནས་མང་པ་ཉོ་ན་སྒོར་མོ་སུམ་ཅུ་སོ་གསུམ་ཡིན་པ་རེད། དེ་མིན་ན་ངས་ཚོང་བརྒྱབ་ན་ནང་དོན་ཅི་འདུག"ཅེས་བཤད་བྱུང་།
       ཙིག་ཕྲུག་མས་ཁོས་བཤད་པའི་སྐད་ཆ་དེའི་དོན་གོ་མ་བྱུང་། ཁོའི་བཤད་པའི་རྩིས་རིག་དེ་འདྲ་བ་ཞིག་རྩིས་རིག་དགེ་རྒན་རྟ་ལོས་ཀྱང་ཁོ་ཚོར་ཁྲིད་མ་མྱོང་འདུག་པས་ཁ་གྲགས་རྒྱུ་མེད་པར་གྱུར། མོས་རང་དབང་མེད་པར་མགོ་བོར་ལག་པས་འཕྲུག་འཕྲུག་བྱེད་བཞིན་ཀྲང་མཆུ་སྟུག་གིས་བཤད་པའི་བརྩི་སྲོལ་དེར་བསམ་བློ་བཏང་།
       སྐབས་དེར་འབྲི་མར་འཚོང་བའི་བུད་མེད་དེའི་རུམ་གྱི་བུས་པས་གསལ་ལ་མི་གསལ་བའི་འཁུན་སྐད་ཅིག་བཏོན་བྱུང་བས། མོས་མྱུར་དུ་བུས་པར་ལྟ་ཙམ་གྱིས་རུམ་ནས་ཡར་འདེགས་ཙམ་བྱས་ནས་སྒུལ་སྒུལ་བྱེད་བཞིན། མུ་མཐུད་དུ་ཀྲང་མཆུ་སྟུག་ལ་བལྟས་ཏེ"སྒོར་མོ་བཞི་བཅུ་བྱོས། བཞི་བཅུ་བྱོས"ཞེས་བཤད་ཅིང་། དེ་ནས་ཡང་བསྐྱར་རུམ་གྱིས་བུས་པར་ལྟ་ཙམ་བྱས་ཏེ"ངའི་བྱིས་པ་འདིར་ཆམ་པ་བྱུང་ནས་སྨན་པར་སྟོན་དགོས་བྱུང་མོད། སྒོར་མོ་མེད་པས་སྟོན་མ་ཐུབ་པ་རེད། བཞི་བཅུ་བྱོས"ཞེས་སྒོར་མོ་དགོས་པའི་རྒྱུ་མཚན་དང་བཅས་པ་གསལ་བོར་བཤད་བྱུང་། ཕལ་ཆེར་མོས་སྒོར་མོའི་སྤྱོད་ཡུལ་བཤད་ན་ཀྲང་མཆུ་སྟུག་གིས་རིན་གོང་དེ་བྱིན་ནས་ཉོ་ངེས་རེད་སྙམ་གྱིན་པ་འདྲ།
       ཀྲང་མཆུ་སྟུག་གིས་མོའི་བུས་པར་ཆམ་པ་ཕོག་ཡོད་མེད་དང་སྨན་པར་སྟོན་དགོས་མིན་ལ་ཁ་ཡ་མི་བྱེད་པར་འདུག བཤད་རྒྱུ་མེད་པའི་ཚིག་གིས"ད་ནི་ཁྱོད་ཀྱིས་སྒོར་བཞི་བཅུའང་མ་ཟེར། ངས་སྒོར་སོ་གསུམ་ཡང་མི་ཟེར། སྒོར་མོ་སོ་ལྔ་བྱོས"ཞེས་བཤད་རྗེས། མུ་མཐུད་དུ་མོར་རིན་གོང་མི་གཏམས་པའི་རྣམ་འགྱུར་གྱིས་མར་ཙོག་སྟེ། མུ་མཐུད་དུ་ལུག་གི་རྒྱུ་མ་ཉ་ར་བྱེད་པའི་ལས་ལ་ཞུགས་སོང་།
       ཙིག་ཕྲུག་མ་སྔ་གཞུག་ཀུན་ཏུ་བུད་མེད་དེའི་འཁྲིས་སུ་ལངས་ནས་མོའི་རུམ་གྱི་བུས་པ་དེར་བལྟས། བུས་པ་ནི་ཧ་ཅང་ཆུང་བར་འདུག་སྟེ་སྐྲ་གསེབ་ཀྱི་ཀླད་དྲེག་ཀྱང་ཡལ་མི་འདུག་པས་ཕལ་ཆེར་བཙས་ནས་ཟླ་གཉིས་གསུམ་མ་གཏོགས་འགོར་མེད་པ་འདྲ། ཡིན་ནའང་ད་ལྟ་བུས་པ་དེའི་སྣ་ནང་ནས་འཁུན་སྐད་ཆུང་ངུ་ཞིག་གྲག་གིན་འདུག་ཀྱང་མིག་ནི་སྔོན་ལྟར་མི་འབྱེད་པར་འདུག བུས་པའི་ལུས་ལ་ལྭ་བ་སྲབ་པོ་ཞིག་གོན་པའི་སྟེང་བུད་མེད་སྟོད་གོས་ཤིག་གཅུད་དེ་རུམ་ལ་བཅུག་ཡོད་ཀྱང་། ཆར་སྐྱོབ་ཅི་ཡང་མེད་པར་ཨ་མའི་ལྭ་བ་ཡོངས་རྫོགས་རློན་པར་གྱུར་འདུག་པས། བལྟས་ཚོད་དུ་ཆར་ཆུའི་བརླན་དེས་བུས་པ་གཅུད་བྱེད་ཀྱི་སྟོད་གོས་ཀྱང་བརྟོལ་ཡོད་ངེས་རེད། ཙིག་ཕྲུག་མའི་སེམས་ནས་རང་དབང་མེད་པར་མ་བུ་དེ་གཉིས་ཀར་སྙིང་རྗེ་ཞིག་སྐྱེས་ཀྱང་། མོར་རོགས་བྱེད་པའི་ནུས་པ་ཅི་ཡང་མེད་པས་གང་བྱུང་ངང་དེ་ལྟར་བལྟས་ནས་སྡོད་དགོས་བྱུང་།
       བུད་མེད་དེའང་ཐབས་ཟད་པར་གྱུར་ཅིང"དེས་ན་དེ་བྱོས། རྒྱ་མ་ག་ཚོད་འདུག་པ་ལྟོས་དང"ཅེས་དྲིས་བྱུང་།
       ཀྲང་མཆུ་སྟུག་གི་ཆུང་མས་མུ་མཐུད་དུ་ལག་པ་ཡ་གཅིག་གིས་ལས་ཀ་ལས་མ་ནུས་པ་འདྲ། ཁོ་མོས་བྱིས་པ་འཁྲིས་ཀྱི་བྱིས་སྙོར་འཁོར་སྟེགས་ཆུང་ངུའི་སྟེང་དུ་བཞག་པ་ན་བྱིས་པ་དེ་མ་ཐག་ཏུ་ངུས་བྱུང་། ཁོ་མོས་བྱིས་པ་ངུ་མིན་ལ་ཁ་ཡ་མི་བྱེད་པར་མྱུར་མོར་མར་སྐྲོག་ག་གཉིས་ཀ་རྒྱ་མའི་སྟེང་དུ་བཞག་ཅིང་མཐེབ་གནོན་འགའ་མནན་ཏེ། ཤེལ་དྲའི་ངོས་སུ་ཤར་བའི་ཨང་གྲངས་སྟོན་བཞིན"གན། རྒྱ་མ་བཅུ་དྲུག་འདུག སྒོར་མོ་ལྔ་བརྒྱ་དང་དྲུག་ཅུ་རེད"ཟེར། འོན་ཀྱང་ཁོ་མོས་བཤད་པའི་བོད་སྐད་ནི་ཀྲང་མཆུ་སྟུག་ལྟར་བྱང་ཆ་ལྡན་པ་ཞིག་མ་རེད།
       བུད་མེད་དེས་ཨང་ཀི་ལ་ལྟ་མི་ཤེས་པར་འདུག་ཅིང་། ལྟ་མི་ཤེས་པ་དེ་དྲང་པོར་ཡང་བཤད་བྱུང་།"ཡིན་ངེས་རེད། ངས་དེ་ལ་ལྟ་ཤེས་པ་མ་རེད། ཁྱོད་ཀྱིས་ང་ལ་སྒོར་མོ་བྱིན་ན་ཐོངས་དང་། ང་འགྲོ་རྒྱུ། ངས་བྱིས་པ་སྨན་ཁང་ལ་སྟོན་དགོས"ཞེས་སྒོར་མོ་བཀོལ་ཡུལ་གང་ཡིན་པ་ཡང་བསྐྱར་གསལ་བཤད་ཅིག་བྱས་སོང་། 
       བྱིས་སྙོར་འཁོར་སྟེགས་སྟེང་གི་བྱིས་པས་ཨ་མར་ལྟ་བཞིན་མུ་མཐུད་དུ་ངུ་བར་བྱེད་ཀྱང་། ཀྲང་མཆུ་སྟུག་གི་ཆུང་མས་བྱིས་པར་གཅེས་པའི་སྐད་ཆ་བཤད་བཞིན་གང་མྱུར་ངང་འགྲམ་གྱི་འཐེན་སྒམ་ནས་སྒོར་མོ་བླངས་ཏེ་བརྩིས་པ་དང་། དེ་ནས་བུད་མེད་དེའི་ལག་ཏུ་བཞག་ནས"སྒོར་མོ་ལྔ་བརྒྱ་དང་དྲུག་ཅུ། ཁྱོད་ཀྱིས་རྩིས"ཟེར།
       སྒོར་མོ་ལག་ཏུ་བཞག་འཕྲལ་བུད་མེད་དེས"རྩི་ག་ལ་དགོས། ཡིན་ངེས་རེད"ཅེས་བཤད་རྗེས། སྒོར་མོ་སྤར་མོའི་ནང་བསྡམས་ཏེ་བྱིས་པ་བྲང་ཁར་སྦྱོར་ཙམ་གྱིས་བྲེལ་འཚུབ་ངང་སྒོར་བུད་སོང་བས།  ཙིག་ཕྲུག་མའང་མྱུར་མོར་མོའི་རྗེས་འབྲངས་ནས་སྒོར་བུད།
       ཕྱི་རོལ་ཏུ་ཆར་བ་བབས་པ་ཇེ་ཆེར་གྱུར་འདུག ཆར་བ་ནི་ཨར་འདམ་གྱི་ཐང་གཅལ་དང་། ལམ་ངོས་ཀྱི་འཁྱིལ་ཆུའི་ནང་། འགྲམ་གཉིས་ཀྱི་རྡོ་ཟེགས་ཀྱི་ངོས་ཀུན་ཏུ་ཅལ་སྒྲ་དང་བཅས་འབབ་ཀྱིན་འདུག་ལ། ཕྱོགས་ཀུན་ཏུ་ཆུ་རྡུལ་གྱི་སེང་རས་སྐྱ་བོ་ཞིག་འཐིབས་ཏེ་ཐག་རིང་བོའི་ས་མཐོང་མི་ཐུབ་པར་འདུག ཡིན་ནའང་བུད་མེད་དེས་འཛེམ་དོགས་ཅི་ཡང་མི་བྱེད་པར་ལག་པ་གཉིས་ཀྱིས་རུམ་གྱི་བྱིས་པ་དམ་པོར་བསྐྱོར་པ་དང་། ཕྲག་པ་སྒོང་སྒོང་དང་རྐེད་པ་སྒུར་སྒུར་ངང་ཆར་བའི་ཡོལ་བའི་ཁྲོད་ནས་ཕར་ཕྱོགས་ཀྱི་འཕྲོད་བསྟེན་ས་ཚུགས་བསྙེགས་ནས་བུད་སོང་། ཆར་བའི་ཁྲོད་ནས་ཁོ་མོའི་རྒྱབ་གཟུགས་དེ་རིམ་བཞིན་རབ་རིབ་ཏུ་གྱུར་ནས་འཕྲོད་བསྟེན་ས་ཚུགས་ཀྱི་ལྕགས་སྒོའི་ཁར་ཐོན་མཚམས་ཇི་ལྟར་ནང་དུ་སོང་བའང་མི་གསལ་བར་འདུག
       ཙིག་ཕྲུག་མས་མགོ་བོ་མགོ་བོ་དུད་བཞིན་རང་ཉིད་ཀྱི་རྡོག་པར་བལྟས། རྐང་བར་གྱོན་པའི་རས་ལྷམ་གཉིས་ཀ་ཆུ་ཡིས་སྦངས་ནས་བརླན་ཆིལ་ཆིལ་དུ་གྱུར་འདུག་ཅིང་། ཨར་འདམ་གྱི་ལམ་ངོས་སུ་བབས་པའི་ཆར་ཐིགས་དག་བཞུར་ཆུའི་ཟོལ་གྱིས་ཁོ་མོའི་རྡོག་འགྲམ་གཡས་གཡོན་ཀུན་བརྒྱུད་ནས་འགྲམ་གྱི་ཆུ་རྐའི་ནང་དུ་བཞུར་གྱིན་འདུག ཙིག་ཕྲུག་མ་ཆར་བའི་ཁྲོད་དུ་ལངས་ནས་ད་ནི་གང་དུ་འགྲོ་བར་བསམ་བློ་བཏང་། མུ་མཐུད་དུ་མདུན་དུ་སོང་ན་ནག་ཞར་སློབ་གྲྭ་ཡོད་སར་ཐོན་པ་རེད་ལ། གཟའ་ཉི་མའི་ཉིན་སློབ་གྲྭའི་ནང་དུ་སྒོ་སྲུང་རྒད་པོ་མ་གཏོགས་མི་གཅིག་ཀྱང་མེད་པས་ནམ་རྒྱུན་བྱིས་པ་ཚོ་ནང་དུ་བཏུད་དུ་མི་འཇུག  ཙིག་ཕྲུག་མ་ནི་སློབ་གྲྭའི་ནང་དུ་འགྲོ་མི་འདོད་ལ་འགྲོ་དོན་ཡང་མེད། མོའི་སེམས་ལ་གཟའ་ཉི་མའི་ཉིན་འདི་ཅིས་ཀྱང་དོན་སྙིང་ཡོད་པ་ཞིག་བྱ་དགོས་སྙམ། 
       གློ་བུར་དུ་ཙིག་ཕྲུག་མའི་སེམས་སུ་གྲམ་གཞུང་གི་ནགས་རའི་ནང་དུ་ཡོད་པའི་ལྡིང་ཁང་དྲན་བྱུང་། ཁོ་མོའི་སེམས་ལ་ཆར་བ་འབབ་པའི་དུས་སུ་ལྡིང་ཁང་འོག་ཏུ་བསྡད་ནས་ཆར་གཡོལ་བྱས་ན་ཧ་ཅང་སྐྱིད་ངེས་རེད་སྙམ། གྲམ་གཞུང་གི་ནགས་ར་ནི་ནག་ཞར་སྡེ་གསར་གྱི་རྒྱབ་རོལ་ནས་གཞུང་ལམ་བརྒལ་ཞིང་རྩི་ཏོ་མང་པོ་སྐྱེས་ཡོད་པའི་ལྷས་རྙིང་གི་ཕར་འདབས་ཡིན་ཞིང་། གྲམ་གཞུང་གི་ཕར་ཕྱོགས་ནི་མུ་མཐའ་མེད་པའི་བྱེ་མའི་ཡུལ་ལྗོངས་ཤིག་ཡིན་པ་དང་། བྱེ་མ་དེ་ལོ་རེ་བཞིན་ནུབ་བྱང་གི་རླུང་ཆེན་གཡུགས་ཏེ་ལྷོ་ནས་ལྷོ་རུ་སྤོ་ནུར་བྱེད་ཀྱིན་ཡོད་པས། ཕལ་ཆེར་ལོ་བཅུ་ཕྲག་གི་སྔོན་ནས་བཟུང་སྲིད་གཞུང་གིས་ལོ་རེ་བཞིན་སྡེ་བ་སོ་སོ་བསྐུལ་ནས་གྲམ་པའི་ནང་དང་བྱེ་མའི་ཁྲོད་དུ་སྡོང་བོ་བཙུགས་ནས་བྱེ་འགོག་བྱས་པས། སྔོན་ཆད་ཀྱི་སྤང་ཐང་དང་བྱེ་ལྗོངས་ཀྱི་དབྱེ་ཐིག་ལྟར་གྱུར་པའི་གྲམ་གཞུང་འདི་ད་ལྟ་ནགས་ཚལ་ཆེན་པོ་ཞིག་ཏུ་གྲུབ་ཡོད་ཅིང་། ད་དུང་ནགས་རའི་ནང་དུ་ཕྱུགས་ཟོག་གིས་གནོད་སྐྱེལ་བ་འགོག་ཆེད་མཐའ་བསྐོར་ནས་ལྕགས་དྲ་འཐེན་ཡོད་ཀྱང་། ལོ་བཞིན་དབྱར་ཁར་ཆར་ཆུ་རྒོད་དུས་ཆུ་ལོག་རྒྱུག་སྟེ་ལྕགས་དྲ་ཡང་དང་བསྐྱར་དུ་ཁུར་འགྲོ་བས། ད་ལྟ་ཆེད་དུ་རྩིས་གཉེར་པ་གསེར་ཁ་ལ་བསྲུང་དུ་བཅུག་ཡོད། རྩིས་གཉེར་བ་གསེར་ཁ་ནམ་རྒྱུན་སྔ་མོའི་དུས་སུ་གྲམ་ཁ་བརྒྱུད་ནས་ནགས་རར་སྐོར་བ་ཞིག་བྱེད་ཅིང་། གལ་ཏེ་སུ་ཚང་གི་བ་གླང་དང་ར་མ་ནགས་རའི་ནང་དུ་ལྡིང་ཡོད་པ་མཐོང་ཚེ་དེད་དེ་ཁོ་ཚང་གི་མ་ཁང་དུ་འཇུག་པར་བྱེད་ལ། བ་གླང་རེར་སྒོར་བཅུ་དང་ར་མ་རེར་སྒོར་ལྔ་རེའི་ཆད་པ་མ་བྱིན་ན་ཕྱིར་མི་སྤྲོད། ཡིན་ནའང་དེ་རིང་ཆར་བ་འབབ་ཀྱིན་ཡོད་པས་རྩིས་གཉེར་བ་གསེར་ཁ་ནགས་རར་སྐོར་བ་བྱེད་དུ་ཡོང་མི་སྲིད། 
       ཙིག་ཕྲུག་མ་དྲང་ཤལ་ལེར་ཡོད་པའི་སྲང་གོག་ཅིག་བརྒྱུད་ནས་ཕར་སྣེར་བུད་ཅིང་། དེ་ནས་གཡོན་ངོས་ཀྱི་ལམ་ཕྲན་དེད་ནག་ཞར་སྡེ་གསར་གྱི་ཕྱི་རྒྱབ་ཏུ་ཐོན། ཕྱི་རྒྱབ་ཀྱི་གཞུང་ལམ་ནང་དུའང་དེ་རིང་ཆར་བ་བབས་པས་འཁོར་ལོའི་རིགས་ཀྱི་འགྲོ་འོང་ཧ་ཅང་ཉུང་འདུག སྐབས་དང་སྐབས་སུ་རྫོང་མཁར་ནས་ཟི་ལིང་དུ་འགྲོ་བའི་འགྲུལ་བཞུད་རླངས་འཁོར་རེས་ལམ་ཆུ་ཕྱོགས་གཉིས་སུ་གཤགས་བཞིན་ཐོན་ཡོང་བ་དང་། ཏག་ཏག་སྡེ་གསར་གྱི་རྒྱབ་རོལ་གྱི་སྲང་མདོའི་མཚམས་སུ་སླེབས་མཚམས་ཧ་ཅང་རྣར་གཟན་པའི་དུང་བརྡ་ཞིག་སྒྲོག་པར་བྱེད་ལ། དེ་ནི་མགྲོན་སྒུག་བྱེད་པའི་འགྲུལ་པ་ཡོད་མེད་ལ་བརྡ་གཏོང་བ་ཡིན་འདུག ཙིག་ཕྲུག་མ་གཞུང་ལམ་གྱི་ཕར་ཁ་བརྒལ་ཞིང་རྩི་ཏོ་མང་བའི་ལྷས་ཤུལ་རྙིང་བ་དེ་བརྒྱུད་ནས་གྲམ་གཞུང་གི་ཕྱོགས་སུ་སོང་། ཁོ་མོ་གཅིག་པུ་དལ་ལྷོད་ལྷོད་ངང་མདུན་དུ་འགྲོ་བའི་ངང་ཚུལ་ནི་ལམ་ནོར་ཐེབས་པའི་བྱིས་པ་ཞིག་དམིགས་ཡུལ་མེད་པར་ཐང་སྟོང་ཆེན་པོ་ཞིག་བརྒལ་ནས་འགྲོ་བ་དང་མཚུངས་མོད། ཡིན་ནའང་འདི་ནི་སྡེ་བའི་འདབས་ཡིན་ཞིང་མོ་རང་དུས་རྒྱུན་འགྲོ་མྱོང་བའི་གནས་ཡིན་པས། ལམ་ནོར་ཐེབས་ག་ལ་སྲིད་དེ་གཏན་ནས་མི་སྲིད།
       ཙིག་ཕྲུག་མ་གྲམ་གཞུང་གི་ནགས་རའི་འགྲམ་དུ་ཐོན་འཕྲལ་ཆར་བ་སླར་ཡང་ཇེ་ཆུང་དུ་གྱུར། ནགས་རའི་ནང་གི་བཞུར་ཆུ་བྲུག་པའི་ཤང་སྒྲ་ཆེན་པོ་དེས་ཁོ་མོ་ལྡིང་ཁང་གི་ནང་དུ་འགྲོ་བའི་རེ་བ་གཏན་ནས་བརླགས་པར་བྱས་སོང་། རྒྱུ་མཚན་ནི་ཆུ་བོ་བྲུགས་ཚེ་མི་ཕྱུགས་དག་ཆུས་འཁུར་མྱོང་བས་ཁོ་མོ་ཆུའི་ཕ་རོལ་ཏུ་འགྲོ་མི་ཕོད། ཡིན་ནའང་སྐབས་དེར་ཁོ་མོས་གནས་ཚུལ་གཞན་ཞིག་མཐོང་བྱུང་། ནགས་རའི་ནང་དུ་བུད་མེད་གཉིས་ཀྱིས་ལྐོག་ཏུ་བ་གླང་འཚོ་བཞིན་འདུག ཁོ་མོ་གཉིས་ཀའི་ལུས་སྟེང་དུ་བྱིས་པའི་རས་ལྭ་ལྟ་བུ་ཞིག་ཆར་སྐྱོབ་ཏུ་གོན་འདུག་པས། གལ་ཏེ་མགོ་རུ་མགོ་དཀྲིས་དམར་པོ་རེ་གཅུད་མེད་ཚེ་བུད་མེད་གཉིས་ཡིན་པ་ཁ་ཚོན་གཅོད་དཀའ་བོ་འདུག དང་ཐོག་ཆར་བའི་ཁྲོད་དུ་ཁོ་གཉིས་ཀྱི་གཟུགས་པོ་དེ་འདྲ་གསལ་བོ་མིན་ནའང་། ཆར་བ་ཇེ་ཆུང་དུ་གྱུར་པ་དང་བསྟུན་ནས་ཁོ་མོ་གཉིས་ཀྱི་མགོ་དཀྲིས་དམར་པོའི་ཁ་དོག་སྔར་བས་གསལ་བོར་གྱུར་སོང་། ཡིན་ནའང་གྲམ་གཞུང་གི་བཞུར་ཆུའི་ཤང་སྒྲ་ཆེ་བས་ཁོ་མོ་གཉིས་ཀས་གསང་གཏམ་སྨྲ་བ་ལྟ་བུའི་སྐད་ལྡབ་ལྡིབ་དེ་ཧ་ཅང་ཐོས་དཀའ་ཞིང་། རྣམ་འགྱུར་དང་བཟོ་ལྟ་ལ་བལྟས་ན་མཚམས་ལན་རེར་སེམས་ཀྱི་སྤྲོ་བ་གནོན་མ་ཐུབ་པར་ཧ་ཅང་ཕྲ་སིང་བའི་ཧབ་དགོད་རེ་བྱེད་ཀྱིན་པ་འདྲ། དོན་ངོ་མར་ཁོ་མོ་གཉིས་བ་གླང་འཚོ་རུ་ཡོང་བ་རེད་ཟེར་བ་ལས་ལྐོག་ཏུ་ནགས་རའི་ནང་དུ་གླ་སིལ་རྐུ་རུ་ཡོང་བ་རེད་ཟེར་ན་འགྲིག་པ་འདྲ་སྟེ། བུད་མེད་གཉིས་ཀས་གྲམ་གཞུང་གི་བཞུར་ཆུའི་ཚུར་རོལ་ཏུ་བ་གླང་ནགས་གསེབ་ཏུ་རང་ཡན་དུ་བཏང་རྗེས། གླ་ཚེར་སྡོང་བོའི་གསེང་དུ་འཛུལ་ནས་གླ་སིལ་བཏོགས་ཀྱིན་འདུག ནགས་རའི་ནང་དུ་ལྕང་སྡོང་དང་སྦྱར་སྡོང་། གསོམ་སྡོང་སོགས་ས་གནས་དང་འཚམ་པའི་སྡོང་བོ་མང་པོ་བཏབ་ཡོད་ལ། དེ་དག་ལས་ཀྱང་གླ་ཚེར་སྡོང་བོ་ནི་ཧ་ཅང་སྐྱེ་སྟོབས་ཆེ་བ་དང་ཕྱུགས་ཟོག་གིས་གཤོག་དཀའ་བས་གྲམ་གཞུང་གི་ནང་ཀུན་ཏུ་རྫུབས་སྟུག་པོའི་ངང་བཙུགས་ཡོད། གླ་སིལ་ནི་གླ་ཚེར་སྡོང་བོའི་ཡལ་གའི་སྟེང་དུ་འཚང་ག་ཤིག་ཤིག་གིས་མདུད་ལོག་བརྒྱབ་སྟེ་ཡོད་ཅིང་། སྡོང་བོ་རེ་རེའི་ཡལ་གའི་སྟེང་ཡོངས་རྫོགས་ཧ་ཅང་ལྗིད་ཏིག་ཏིག་དང་སེར་སྐག་སྐག་ཏུ་འདུག་པས་མི་ལ་རང་དབང་མེད་པར་འགྲམ་ཆུ་ལྡང་དུ་གཞུག ནག་ཞར་སྡེ་གསར་གྱི་བྱིས་པ་རྣམས་ཀྱིས་གླ་སིལ་རྐུ་བཏོགས་བྱེད་པ་ནི་དུས་རྒྱུན་རྩིས་གཉེར་བ་གསེར་ཁའི་འགོག་བྱ་གཙོ་བོ་ཡིན་ཏེ། ཁོ་ཚོ་ནམ་རྒྱུན་ནགས་རའི་ནང་དུ་ལྐོག་འཛུལ་བྱས་ནས་གླ་སིལ་བཏོགས་ཏེ་དམ་བིའི་ནང་དུ་བླུགས་ཤིང་། དེ་ནས་ཐུར་མས་དཀྲུགས་ཏེ་ཁུ་བ་བབས་པའི་ནང་དུ་ཆུ་བསྲེས་ནས་སྐོམ་ཆུ་བྱེད་པར་དགའ། མི་ཆེ་བ་དག་གིས་གླ་སིལ་བཏོགས་དོན་ནི་བྱིས་པ་དག་ལྟར་སྐོམ་ཆུ་བྱེད་འདོད་པ་མ་ཡིན་པར་གླ་སིལ་གྱི་ཁུ་བ་བགྲུངས་ནས་གློ་སྨན་བྱེད་རྩིས་ཡིན་འདུག ཡིན་ནའང་རྩིས་གཉེར་བ་གསེར་ཁས་ཁོ་ཚོས་སྐོམ་ཆུ་དང་གློ་སྨན་བྱེད་མིན་ལ་ཁ་ཡ་མི་བྱེད་པར། ཁོས་དབྱུག་པ་ཞིག་བསྣམས་ཏེ་བྱིས་པ་དག་ནགས་རའི་ནང་ནས་ཕྱིར་སྐྲོད་ཀྱིན་ཡོད་ཅིང་། ཁོས་ལག་པ་དཀུ་ལ་བརྟེན་ཏེ་གསེར་སོ་གཉིས་ཀྱི་བར་ནས་སྐད་མགོ་མཐོ་ཞིང་ཕྲ་བའི་ངང་འདི་ལྟར་བཤད་ཀྱིན་པ་ཙིག་ཕྲུག་མའི་རྣ་ལམ་ན་ལྷང་ལྷང་དུ་གྲག་གིན་འདུག "གླ་ཚེར་སྡོང་བོ་འཛུགས་དོན་ཅི་རེད། གླ་ཚེར་སྡོང་བོ་ནི་སྐྱེ་སྟོབས་ཆེ་བ་རེད། སྐྱེ་སྟོབས་ཆེ་ན་བྱེ་མ་འགོག་ཐུབ་པ་རེད། དེའི་རྐྱེན་གྱིས་གླ་ཚེར་སྡོང་བོ་ནི་ཁོར་ཡུག་སྲུང་སྐྱོབ་ཆེད་དུ་བཙུགས་པ་རེད། ཁྱོད་ཚོས་གླ་སིལ་བཏོགས་ཆེད་དུ་བཙུགས་པ་མ་རེད"ཅེས་སློབ་གསོ་གཏོང་བར་བྱེད། ད་ལྟ་གྲམ་གཞུང་དུ་ཆར་བ་ཟམ་ཟིམ་ཙམ་ལས་འབབ་ཀྱིན་མི་འདུག་མོད། ཆར་ཟིམ་གྱི་ཁྲོད་ནས་བསེར་བུ་གྲང་མོ་ཞིག་ཡང་དང་ཡང་དུ་རྒྱུ་བར་བྱེད་པ་དང་། གྲམ་གཞུང་ཧྲིལ་བོ་བརླན་ཞིང་གྲང་ཤུར་ཤུར་དུ་འདུག བ་གླང་ཚོ་བཞུར་ཆུའི་ཚུར་འགྲམ་གྱི་ནགས་གསེང་དུ་ཡན་འདུག་ལ། བུད་མེད་གཉིས་ཀྱིས་བ་གླང་གང་དུ་ཡོད་པ་གཏན་བརྗེད་དུ་གྱུར་པ་ལྟར་གླ་སིལ་བཏོགས་རྒྱུ་ཁོ་ནའི་ཀློང་དུ་མགོ་འཁོར་འདུག  
       གྲམ་གཞུང་གི་ཚུར་ཁར་ལྕང་མའི་སྡོང་རྒན་གཉིས་ཡོད་པ་དེའི་གཞུང་རྟ་ཆར་བས་སྦངས་ཏེ་ནག་ཉེར་རེར་འདུག་ཅིང་། ཡལ་གའི་སྟེང་གི་ལོ་མ་དག་བརླན་ཆིལ་ཆིལ་ངང་ཐང་ཆད་པ་ལྟར་མར་བསྣར་འདུག་པ་ནི་ངལ་དུབ་ཀྱིས་མནར་བའི་བགྲེས་པོ་གཉིས་རྐོམ་ཚུགས་ཀྱིས་འགྲེང་ཡོད་པ་དང་ཀུན་ནས་མཚུངས། ཁུག་རྟ་གཉིས་སྡོང་མགོ་ནས་འཕུར་ཏེ་གྲམ་གཞུང་གི་ཕར་ཁར་ཡོད་པའི་རྒྱ་ཕིབས་ལྗང་གུ་ཅན་གྱི་ལྡིང་ཁང་གི་ཕྱོགས་སུ་ཡལ་སོང་། ལྡིང་ཁང་དེ་ནི་ནག་ཞར་སྡེ་གསར་བཟོ་སྐྲུན་བྱས་པའི་ལོ་དེར་སྡེ་དཔོན་སྐྱ་བྷས་སྦྱིན་བདག་དེ་ལ་ལས་སུ་བཅུག་པ་རེད། ཁོས་མཁར་གྲོང་གི་མི་མང་པོ་ནགས་རའི་ནང་འདིར་སྤྲོ་གསེང་ལ་འགུགས་པའི་འཁྲུལ་སྣང་བཅངས་ནས། དངུལ་བུན་བླངས་ནས་བཞུར་ཆུའི་ཕར་མཐའི་གྲམ་གཞུང་དུ་སྦྲ་གུར་གསོལ་ཁང་ཆེན་པོ་ཞིག་གཉེར་བ་སྟེ། ཡུལ་ཚོའི་སྲིད་གཞུང་གི་ཚོགས་འདུ་ཁང་གི་ཆེ་ཆུང་ཡོད་པའི་སྦྲ་གུར་ཆེན་པོ་ཞིག་བཟོ་རུ་བཅུག་པ་དང་། དེའི་འགྲམ་དུ་སྦྲེའུ་ཁྲ་འགའ་ཕུབ་ནས་ནང་དུ་བསྒྲིགས་རྒྱུའི་ཅ་ལག་མང་པོ་ཉོས་པར་མ་ཟད། ད་དུང་གྲམ་གཞུང་གི་ནགས་གསེབ་ཏུ་འཆམ་འཆམ་དུ་འགྲོ་སའི་རྐང་ལམ་དང་། བཞུར་ཆུའི་སྟེང་དུ་མི་བགྲོད་སའི་ཤིང་གི་ཟམ་པ་ལས་པ་དང་། ཕ་རོལ་གྱི་བྱེ་སྒང་སྟེང་དུ་མི་རྣམས་ཀྱིས་རྒྱང་ལྟ་བྱེད་སའི་ལྡིང་ཁང་དེ་བཞེངས་པ་རེད་མོད། ཡིན་ནའང་དབྱར་གཞུང་དུ་ཆར་ཆེན་བབས་ཤིང་ཆུ་ལོག་ཆེན་པོ་བྱུང་སྟེ་གྲམ་གཞུང་གི་རྐང་ལམ་བསྣུབས་ཤིང་། བཞུར་ཆུའི་སྟེང་གི་ཤིང་གི་ཟམ་པ་དང་སྦྲེའུ་ཁྲ་འགའ་དང་ཅ་ལག་བཅས་པ་ཆུ་ལོག་གིས་ཁུར་བར་གྱུར་པས། ཁོས་གསོལ་ཁང་གཉེར་བའི་རྨི་ལམ་རྩ་བ་ནས་བརླགས་ཏེ་མི་དགོས་པའི་བུ་ལོན་མང་པོ་འཇལ་དགོས་བྱུང་།  
       ཉིན་འདིར་ཆར་བ་བབས་ཏེ་བཞུར་ཆུ་བྲུག་འདུག་པས། ཙིག་ཕྲུག་མ་ལྡིང་ཁང་གི་འོག་ཏུ་འགྲོ་ཐབས་མ་བྱུང་བར་ནགས་རའི་ནང་གི་བུད་མེད་དེ་གཉིས་ལ་བལྟས་ནས་བསྡད། བུད་མེད་གཉིས་ཀྱིས་མོ་ཡོད་པར་ཚོར་སྣང་ཅི་ཡང་འབྱུང་གིན་མི་འདུག སྔོན་བཞིན་ལྡབ་ལྡིབ་ཀྱི་ཁ་བརྡ་བྱེད་བཞིན་གླ་སིལ་བཏོག་པར་ཧབ་ཐོབ་བྱེད་ཀྱིན་འདུག་ལ། ལན་རེར་མཉམ་མ་བཞག་པར་ཧབ་ཆ་རེ་ཤོར་བ་ན་དེ་འཕྲལ་དོགས་ཟོན་གྱི་མིག་གིས་མཐའ་འཁོར་དུ་བྱ་ར་རེ་བྱེད། བུད་མེད་གཉིས་ཀྱི་བ་གླང་ཚོས་ཀྱང་ཁོ་མོ་གཉིས་དང་འདྲ་བར་གྲམ་པའི་ཚུར་རོལ་གྱི་སྦྱར་སྡོང་ཐར་ཐོར་ཡོད་པའི་ས་དེར་མཆུ་ས་ལ་སྦྱར་ཏེ་སྔོ་རྩྭ་མཐུག་པོ་ཧབ་ཐོབ་ཀྱིས་ཟ་བཞིན་འདུག་ཅིང་། བལྟས་མ་ཐག་ཏུ་ཁོ་ཚོ་ཡང་བུད་མེད་གཉིས་ཀ་དང་འདྲ་བར་ཡིད་སེམས་ཧ་ཅང་སྐྱིད་སྣང་གིས་ཁེངས་ཡོད་པ་ལྟར་སྣང་། ༼མུ་འགོད།༽
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།