༄༅།།མཱོ་ཡན་གྱིས་བརྩམས་ཤིང་སྙིང་མོ་སྐྱིད་ཀྱིས་བསྒྱུར་བའི《 མཚར་གཡེམ》ཞེས་པར་ཉམས་སུ་མྱོང་རོགས།

རྩོམ་པ་པོ།:མཱོ་ཡན་གྱིས་བརྩམས། སྙིང་མོ་སྐྱ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-03-11 09:21:22 ཀློག་གྲངས།:
མཚར་གཡེམ།
མཱོ་ཡན་གྱིས་བརྩམས། སྙིང་མོ་སྐྱིད་ཀྱིས་བསྒྱུར།
      མཱིན་གོའི་ལོ་དང་པོར། ཀའོ་སྨིའི་བྱང་ཤར་ཤང་དུ་གཞན་དང་མི་མཚུངས་བའི་མི་སྣ་ཞིག་འཁྲུངས། རུས་ཝང་དང་མིང་པཱོ། མིང་གཞན་ལ་ཅི་ཧྥན་ཟེར་བས། རྗེས་རབས་པས་ཁོ་ལ་སྐུ་ཞབས་ཅི་ཧྥན་དུ་འབོད་པ་མང་།
      ངའི་སྤོ་བོ་རྒན་པ་ལོ་བཅོ་ལྔ་ཡིན་དུས། སྐུ་ཞབས་ཅི་ཧྥན་ཟེར་བ་འདིའི་ཁྱིམ་དུ་ལག་གཡོག་བྱས་མྱོང་བས། སྐུ་ཞབས་ཅི་ཧྥན་དང་འབྲེལ་བའི་དགོད་བྲོའི་གཏམ་རྒྱུད་མང་པོ་ཞིག་ང་ཚོའི་ཁྱིམ་རྒྱུད་དུ་གཅིག་ནས་གཅིག་ལ་བརྒྱུད་ཐུབ་ཡོད། སྤོ་བོ་ཆེ་བས་ང་ཚོར་དགོད་བྲོའི་གཏམ་རྒྱུད་འདི་དག་བཤད་དུས་ཞལ་མདངས་གསལ་ལ་སྤོབས་སེམས་ཤིག་རྒྱས་ཡོད། འདི་ནི་ངའི་སྤོ་བོ་རྒན་པས་ཝང་ཚང་ནས་ལག་གཡོག་བྱས་མྱོང་བའི་ཕྱིར་ཡིན་པ་བསྙོན་མེད་རེད། སྤོ་བོ་ཆེ་བས་ང་ཚོར་སྐུ་ཞབས་ཅི་ཧྥན་གྱི་དགོད་བྲོའི་གཏམ་རྒྱུད་བཤད་དུས། སྐད་ཆ་དང་པོ་ནི་ནམ་ཡང་འདི་ལྟར་བཤད་དེ། ཁྱོད་ཚོའི་སྤོ་བོ་རྒན་པ་སྐུ་ཞབས་ཅི་ཧྥན་གྱི་ཁྱིམ་དུ་ལག་གཡོག་བྱེད་དུས……
      དཔྱིད་དཔལ་བཞད་སོང་། སྐུ་ཞབས་ཅི་ཧྥན་དཔྱིད་འཆམ་དུ་འགྲོ་དགོས་ཕྱིར་རྟ་གྲ་སྒྲིག་བྱ་རྒྱུ་མངགས།  ཆིབས་གཡོག་གིས་བྲེས་ཁ་ནས་པྲ་ཚིལ་ལྟར་རྒྱགས་པའི་རྟ་དམར་ཆེན་དེའི་འདོགས་ཐག་གྲོལ་རྗེས། གཙང་མར་བཀྲུས་ནས་སྒ་བསྟད་དེ། སྒོ་ཆེན་གྱི་རྟ་ཕུར་འགྲམ་དུ་ཁྲིད། སྐུ་ཞབས་ཅི་ཧྥན་གྱིས་རས་སྔོ་སྐྱའི་ལྭ་རིང་དང་། རས་སྔོ་སྐྱའི་དོར་རིང་། རྐང་ལ་འགོ་སྣམ་གྱི་རས་ལྷམ་བརྩེགས་མ་ཆ་གཅིག་གྱོན་ཞིང་། ཁ་རུ་བ་སོའི་དུ་མགོ་ཞིག་བཙུགས་ནས་ག་ལེར་སྒོར་ཐོན། ངའི་སྤོ་བོ་རྒན་པས་ཞབས་གཡོག་བྱས་ཏེ་བགྲེས་སོང་ཁོང་རྟ་རུ་བསྐྱོན། ཁོས་འགྲོ་ཟེར་དུས་ངའི་སྤོ་བོ་རྒན་པས་སྲབ་མདའ་བཟུང་ནས་རྟ་ཁྲིད། ཁྲོམ་གྱི་མིས་སྐུ་ཞབས་ཅི་ཧྥན་དཔྱིད་འཆམ་དུ་འགྲོ་བ་ཐོས་རྗེས། ཚང་མ་ཁྱིམ་ནས་ཐོན་ཏེ་ལྟད་མོ་བལྟ། ཝུའུ་ལི་ཟམ་འོག་གི་སྤྲང་པོ་རྣམས་ཀྱིས་གཏམ་འདི་ཐོས་ཙ་ན། མྱུར་མོར་ཀོན་ཏི་ལྷ་ཁང་འགྲམ་ལོགས་ཀྱི་རྩྭ་ཁང་ན་ཞག་སྡོད་བྱས་ཡོད་པའི་སྤྲང་དཔོན་ལི་ཙི་ཞུའུ་ལ་བརྡ་སྐྱེལ། ངའི་སྤོ་བོ་རྒན་པས་རྟ་དམར་ཆེན་ཁྲིད་ནས་ཀོན་ཏི་ལྷ་ཁང་གི་མདུན་དུ་བསླེབས་དུས། ཁོག་སྟོད་གཅེར་བུར་ཕུད་ཅིང་རྐང་རྗེན་ཡིན་པའི་ལི་ཙི་ཞུའུ་ཡིས་ཁྲོམ་དཀྱིལ་དུ་པུས་བཙུགས་ནས་རྟ་ཁ་བཀག་བྱུང་།
      “སྐུ་ཞབས་ཅི་ཧྥན་གྱིས་ཐུགས་རྗེས་གཟིགས་རོགས།”
      “དོན་དག་ཅི་རེད།” སྐུ་ཞབས་ཅི་ཧྥན་གྱིས་ངའི་སྤོ་བོ་རྒན་པར་དྲིས། ངའི་སྤོ་བོ་རྒན་པས་“སྤྲང་པོས་ལམ་བཀག་ནས་སློང་མོ་བྱེད་ཀྱིན་འདུག”ཅེས་ལན་བཏབ། 
      “ཁོ་ལ་སྐུ་ངོ་ངའི་ལག་ཏུ་དངུལ་མེད་ཅེས་ཤོད།”
      “སྐུ་ངོའི་ལག་ཏུ་དངུལ་མེད།” 
      ངའི་སྤོ་བོ་རྒན་པས་སྐད་མཐོན་པོས་བཤད།
      “སྐུ་ཞབས་ཅི་ཧྥན་གྱིས་ལུས་སུ་གྱོན་པའི་ཕྱུ་པ་དེ་གུས་པར་གནང་རོགས།” 
      “སྤྲང་པོར་སྐུ་ངོའི་ཕྱུ་པ་དགོས་ཟེར།” ངའི་སྤོ་བོ་རྒན་པས་བརྡ་སྐྱེལ། 
      སྐུ་ཞབས་ཅི་ཧྥན་གྱིས་“ཕྱུ་པ་འདིར་དགའ་མཁན་ཞིག་ཡོད་ཚེ། ངས་གྱོན་བསྡད་ན་ཉེས་པ་རེད། བདེན་ནམ། ཧན་སན”ཞེས་དྲིས། 
      ངའི་སྤོ་བོའི་མཚང་མིང་ལ་ཧན་སན་ཟེར། སྦྱིན་བདག་གིས་སྐད་ཆ་འདྲི་བ་ཐོས་དུས། ལམ་སེང་“རེད་རེད་རེད”ཅེས་ལན་བཏབ།
      དེ་མུར་སྐུ་ཞབས་ཅི་ཧྥན་གྱིས་རྟ་ཐོག་ནས་ཕྱུ་པ་ཕུད་པ་དང་རྐུབ་ཡར་བཀྱག་ནས་འཐེན་ཙམ་བྱས་ཏེ་སྤྲང་དཔོན་ལི་ཙི་ཞུའུ་ཡི་མདུན་དུ་གཡུགས་ནས། “ལ་རྒྱ་མེད་པའི་མི་གཏི་ཐུག  ཕྱུ་པ་ཞིག་ཀྱང་གྱོན་མ་ཐུབ་པར་ད་བར་དུ་ཅི་བྱས་པ་ཡིན”ཟེར།
      “སྐུ་ཞབས་ཅི་ཧྥན་ལགས། གུས་པའི་རྐང་མགོར་ལྷམ་ཡང་མེད།” 
      དེ་མུར་སྐུ་ཞབས་ཅི་ཧྥན་གྱིས་ཡང་ལྷམ་ཕུད་ནས་སྤྲང་པོར་གཡུགས། 
      ངའི་སྤོ་བོ་རྒན་པས་རྟ་ཁྲིད་དེ་མདུན་དུ་སོང་། ཆུ་བོ་སེང་གེའི་འགྲམ་ངོགས་སུ་བསླེབས་ཙམ་ལ། ཡང་སྤྲང་པོ་ཁྱུ་གཅིག་ཚུར་རུབ་བྱུང་།
      རྗེས་སུ། སྐུ་ཞབས་ཅི་ཧྥན་གྱིས་དོར་ཐུང་གཅིག་པུ་གྱོན་ནས་ཤེད་མོ་རྒྱས་ཤིང་གཟུགས་སྟོབས་ཆེ་བའི་རྟ་དམར་ཆེན་ལ་བཅིབས་ཏེ། མགོ་བོ་གཡུག་ཞོར་ཁ་ནས་ཅི་ཞིག་འདོན་གྱིན་གྲོང་ཤར་གྱི་ཚོས་སེར་སྡོང་གསེང་དུ་འགྲོ་བཞིན་འདུག ཁོས་ལུས་སུ་ཆས་ཡོངས་སྤྲས་དུས། ཞི་ཞིང་དུལ་བའི་དཔེ་ཆ་བ་ཞིག་དང་འདྲ། གྱོན་ཆས་ཕུད་རྗེས། ལུས་ཡོངས་ཀྱི་ཤ་མེད་ཀེང་རུས་ཕྱིར་བསྟན་འདུག རྟ་རྒྱབ་ཏུ་ཞོན་དུས་སྤྲེའུ་ཞིག་དང་གཉིས་སུ་མ་མཆིས། བྱིས་པ་ཁྱུ་དང་ཁྱུ་བྱས་ནས་རྟའི་རྗེས་སུ་དེད་དེ། ཧ་ཧ་ཧུ་ཧུ་ཟེར་བཞིན་ལྟད་མོ་ལྟ། སྐུ་ཞབས་ཅི་ཧྥན་གྱིས་དེ་ལ་སྣང་འཇོག་མི་བྱེད་པར། མིག་ཕྱེད་བཙུམས་ནས་ལག་པས་མ་ནེའི་སྟེང་གི་སྤུ་ཉག་དེར་བྱིལ་བྱིལ་བྱེད་ཀྱིན་བློ་བག་ཕེབས་པོ་འདུག སྤོ་བོ་ཆེ་བས་བཤད་ན་སྐུ་ཞབས་ཅི་ཧྥན་གྱི་གཤིས་ཀ་སྤོ་བོ་རྒན་པར་གསལ་རྐྱེན། རྟ་ཁྲིད་དེ་ཆེད་དུ་རྫོབ་མཐུག་པའི་ནགས་གསེང་གདམས་ནས་ཕྱིན་པས། ཅུང་མ་འགོར་བར་འུར་ལངས་བའི་བྱིས་པ་དེ་དག་གཡུགས་ནས། སྔོ་ལྗང་ལྗང་གི་ཚོས་སེར་གྱི་ལོ་མ་མེ་ཏོག་གི་གསེང་དུ་ཐིམ་སོང་། གྲོང་ཤར་གྱི་ཚོས་སེར་ལྗོན་ཚལ་དེ་ས་ཞིང་མུའུ་བཅུ་གྲངས་འགའི་ཆེ་ཆུང་ཡོད། ཚོས་སེར་མེ་ཏོག་བཞད་དུས་མེ་ཏོག་གི་རྒྱ་མཚོ་ཞིག་དང་ཀུན་ནས་མཚུངས། ཚོས་སེར་མེ་ཏོག་ལ་ཁ་དོག་སྣ་གཉིས་ཡོད། གཅིག་ནི་ཁ་བ་བཞིན་དཀར་ལ་གཅིག་ཤོས་ནི་ཟིང་སྐྱ་ཡིན། མེ་ཏོག་ཁྲི་སྟོང་མང་པོ་ཚོམ་བུར་བཞད་དེ་མཐའ་ནས་བསྐོར་ཞིང་། སྦྲང་མ་ཁྱུ་ཚོགས་མང་པོས་གླུ་ཟ་ཟི་ལེན་གྱིན་མེ་ཏོག་གི་འདབ་མའི་སྟེང་ན་ལས་ལ་བྲེལ། གྲོང་ཁྱེར་གྱི་སྦྲང་གསོ་ཁྱིམ་ཚང་གི་སྦྲང་རྩི་ནི་ཉིན་འགའི་རྗེས་སུ་ཐེངས་ཤིག་ལེན་དགོས། དོང་ཙེ་བཅུ་ལྷག་གིས་མདོག་ལྗང་སྐྱའི་ཚོས་སེར་སྦྲང་རྩི་རྒྱ་མ་གང་ཉོ་ཐུབ། སྤོ་བོ་རྒན་པས་སྐུ་ཞབས་ཅི་ཧྥན་བསྐྱོན་པའི་རྟ་དམར་ཆེན་ཁྲིད་ནས། ཚོས་སེར་མེ་ཏོག་གི་གསེང་དུ་འཛུལ་བས་དེ་མ་ཉིད་་འགྲོ་ཁག་པར་གྱུར་ཏེ་གོམ་པ་ཕྱེད་ཙམ་བླངས་ནས་བསྐྱོད་དགོས་བྱུང་། མེ་ཏོག་གི་དྲི་ཞིམ་སྟུག་པོས་མི་རྣམས་ཉབ་ཉོབ་ཏུ་བཏང་། རྟ་དམར་གྱིས་འགྲོ་ཞོར་དུ་མཆུ་ཏོ་བསྲིངས་ནས་མེ་ཏོག་གི་ཁྲོད་ན་སྐྱེས་ཐག་ཆོད་མེད་པའི་ལོ་མ་ཆུང་ཆུང་དག་ཟ་བཞིན་འདུག སྤོ་བོ་རྒན་པ་དེ་དུས་གཟུགས་ཐུང་བས། མགོ་བོ་རྟའི་སུག་པའི་དཔངས་དང་མཉམ། ཁོ་ཤིང་སྡོང་གི་གསེང་ནས་འགྲོ་དུས་རང་མོས་ཀྱིས་འགུལ་བསྐྱོད་བྱས་ཆོག ཁོས་རྟའི་ཕོ་བའི་ཡན་ཆད་ཀྱི་ཆ་དེ་ཡོངས་སུ་མཐོང་མི་ཐུབ། སྐུ་ཞབས་ཅི་ཧྥན་ཚོས་སེར་མེ་ཏོག་གི་གསེང་ནས་གཡོ་བ་ནི་སྤྲིན་དཀར་གྱི་དཀྱིལ་དུ་གཡེང་བ་དང་མཚུངས། སྤོ་བོ་རྒན་པས་མེ་ཏོག་གི་གསེང་ནས་སྐུ་ཞབས་ཅི་ཧྥན་གྱིས་ཁའི་ཟུར་དུ་ཚོས་སེར་མེ་ཏོག་རྐང་གཅིག་བཙུགས་ཤིང་གདོང་ལ་ལྐུགས་ཉམས་ཤིག་ཤར་ཡོད་པ་མཐོང་། སྤོ་བོ་ཆེ་བས་བཤད་ན་ལོ་རེའི་ཚོས་སེར་མེ་ཏོག་བཞད་པའི་དུས་ཚིགས་སུ། སྤོ་བོ་རྒན་པ་དང་སྐུ་ཞབས་ཅི་ཧྥན་གཉིས་ཚོས་སེར་གྱི་ལྗོན་ཚལ་ནས་ཉིན་འགར་འཁྱམ་དགོས་ཤིང་། སྐབས་འགར་མཚན་མོའང་ཁྱིམ་དུ་མི་ལོག་ཟེར། སྐུ་ཞབས་ཅི་ཧྥན་གྱི་དགའ་ཕྱོགས་དམིགས་བསལ་འདི་ཁྱིམ་མི་རྣམས་ལ་གསལ་བས། བློ་འགུག་བྱེད་ཕོད་མཁན་གཅིག་ཀྱང་མེད། ཡང་སྐུ་ཞབས་ཅི་ཧྥན་སྦྱིན་པ་གཏོང་རྒྱུར་དགའ་བས། མི་དང་འབྲེལ་བ་ལེགས་པར་རྒྱུས་ཡོད་ཕྱིན། ཇག་པས་འཕྲོག་བཅོམ་བྱེད་པར་ཡང་སེམས་ཁྲལ་བྱེད་མི་དགོས།
      སྤོ་བོ་རྒན་པས་བཤད་ན་ཟླ་བ་ཤར་ཚེ་མེ་ཏོག་གི་དྲི་མ་སྔར་ལས་ཞིམ་སྟེ། བསིལ་རླུང་གིས་དྲི་ཞིམ་གྱི་ཡོལ་གུར་ལ་སྲུབས་ཀ་ཞིག་ཕྱེ་མ་ཐག་སླར་ཡང་ཁ་ཟུམ་པས་དྲི་མ་སྔར་ལས་ཞིམ། དངུལ་འོད་ཚོས་སེར་མེ་ཏོག་གི་སྟེང་ལྷུང་བ་ན། དེ་དག་ནི་སྲོག་ཞུགས་པ་ལྟར་འགུལ་བྱུང་ལ། ཕྱེ་མ་ལེབ་དུང་ཕྱུར་མང་པོས་གཤོག་པ་རྡེབ་བཞིན་བཟའ་ཟླ་བཙལ་ནས་འཁྲིག་སྦྱོར་བྱེད་པ་དང་མཚུངས། མེ་ཏོག་ཟླ་འོད་འོག་འཚར་དུས་སྤྲིན་པའི་གཏོས་ཆེ་རུ་འགྲོ་བ་དང་མཚུངས་ཏེ། འདི་རུ་ཡར་འབུར་ན་དེ་རུ་མར་རྡིབ་ཅིང་། སྐད་ཅིག་ཙམ་ལའང་མཚམས་མི་འཇོག་པར་འགྱུར་འགྲོ་བས་རྨི་ལམ་དང་ཡང་འདྲ། སྐབས་རེར་རྟ་དམར་གྱི་སྤུ་ཁ་དེ་ཁ་བཀྲམ་པའི་ཚོས་སེར་མེ་ཏོག་གི་གསེབ་ནས་མངོན་དུས། རིན་པོ་ཆེ་ས་འོག་ནས་འཇུར་བ་ལྟར་མིག་འཚེར་བའི་འོད་རེ་འཕྲོ། སྦྲང་མས་མེ་ཏོག་གི་དུས་ཚིགས་བརྩོན་ལེན་བྱེད་ཆེད་ཟླ་འོད་འོག་ཟེའུ་འབྲུ་ལེན། ཐར་ཐོར་དུ་འཕུར་བ་ནི་དགུང་གི་སྐར་མ་པ་སངས་འགའ་དང་མཚུངས་ཟེར། སྤོ་བོས་རྒན་པས་བཤད་ན་སི་ཁྲོན་དང་ཧུ་ནན་ནས་ཡོང་བའི་སྦྲང་གསོ་མཁན་གྱིས་ལྗོན་ཚལ་དཀྱིལ་ནས་བར་སྟོང་ཞིག་བཙལ་ཏེ་གུར་ཕུབ་རྗེས། མཚན་མོར་སྨྱུག་དབྱུག་གི་སྣེ་མོར་ཤེལ་སྒྲོན་ཞིག་བཏགས་པ་ནི། འོད་འཁྱུགས་སེ་འཁྱུག་སེ་འདྲེ་མེ་དང་མཚུངས་ཟེར། སྤོ་བོ་ཆེ་བས་བཤད་ན་སྤོ་བོ་རྒན་པས་མི་ཡུལ་གྱི་དུད་ཚང་གི་དྲི་བྲོ་མ་ཐག་མྱུར་མོར་རྟ་ཁ་བསྒག་ནས་གཡོལ་དགོས། དེ་ལས་ལྡོག་ན་སྐུ་ཞབས་ཅི་ཧྥན་ཁོང་ཁྲོ་ཟ་ངེས་ཡིན་ཟེར། མཚན་སྨད་དུ་ཟིལ་བ་སྲབ་མོ་ཞིག་བབས་པས། མེ་ཏོག་གི་འདབ་མའི་མདངས་སྔར་ལས་གསལ་བར་གྱུར། སྡོང་གསེབ་ནས་གནམ་ས་ཡངས་ཤིང་ཟླ་བ་ཆུང་དུ་ཕྱིན་པ་མཐོང་ཐུབ་ལ། ས་ངོས་ཡོངས་སུ་ཚོས་སེར་གྱི་མེ་ཏོག་གི་འདབ་མས་དྭངས་འཚག་བྱས་ཟིན་པའི་དངུལ་འོད་གཏོར་འདུག་ཟེར།
       སྤོ་བོ་རྒན་པས་བཤད་ན་སྐུ་ཞབས་ཅི་ཧྥན་གྱི་ལུས་སུ་ཚོས་སེར་གྱི་ཚེར་མས་གཤགས་པའི་རྨ་ཤུལ་བཞག་ཡོད། ཚོས་སེར་མེ་ཏོག་གི་རྒྱ་མཚོ་རུ་ཉིན་འགར་འཁྱམས་རྗེས། ཁོ་ཉིན་འགར་མགོ་འཁོར་ངེས་ལ་དེ་ནི་མེ་ཏོག་གིས་ར་བཟི་བཅུག་པ་ཡིན་ཟེར།
སྤོ་བོ་ཆེ་བས་སྣང་སྲིད་ཀྱི་དངོས་པོ་ཐམས་ཅད་ལ་རྣམ་ཤེས་ཡོད། ཁྱད་ནུས་ལྡན་པའི་དམ་པ་གང་དེ་སྣང་སྲིད་ཀྱི་དངོས་བོ་དང་འབྲེལ་ཐུབ་པས། སྐུ་ཞབས་ཅི་ཧྥན་ནི་དམ་པ་དེ་འདྲ་ཡིན་པ་གདོན་མི་ཟ་ཟེར།
སྤོ་བོ་རྒན་པས་སྐུ་ཞབས་ཅི་ཧྥན་གྱི་ཁྱིམ་དུ་ལོ་གང་ཚེམ་བཟོ་བ་བཞི་གསོས་ཡོད་ཟེར། གཅིག་ནི་དགུན་ལྭ་བཟོ་མཁན་དང་གཅིག་ནི་དབྱར་ལྭ་བཟོ་མཁན། ད་དུང་གཅིག་ནི་སྟོན་དཔྱིད་གཉིས་ཀྱི་ལྭ་བཟོ་མཁན་ཡིན། ཚེམ་བཟོ་བ་བཞིས་མཚམས་མ་བཞག་པར་ལྭ་བ་བཟོས་ཀྱང་།  སྐུ་ཞབས་ཅི་ཧྥན་ལ་ད་དུང་གྱོན་གོས་ཀྱིས་འདང་གི་མེད་ཟེར། སྤོ་བོ་ཆེ་བས་སྐུ་ཞབས་ཅི་ཧྥན་གྱི་དུས་རབས་སུ། ཀའོ་སྨིའི་གྲོང་དུ་གྱོན་གོས་ཡག་ཤོས་གྱོན་མཁན་ནི་ནམ་ཡང་སྤྲང་པོ་ཡིན་ཞིང་། སྲོལ་རྒྱུན་འདི་ད་ལྟའི་བར་དུ་ཉམས་མེད། རྫོང་གཞན་ནས་ཡོང་བའི་སྤྲང་པོས་ནམ་ཡང་གོས་ཧྲུལ་གྱོན་ཡོད་པས་ཁྱིས་རྨུགས་ལ། ཀའོ་སྨི་ནས་ཐོན་པའི་སྤྲང་པོས་ཁྲག་བཙོང་དགོས་ཀྱང་གྱོན་གོས་གསར་བ་བཟོས་ནས་གྱོན་སྲིད་དེ། གཉེན་འཕྲད་ལ་འགྲོ་བ་བཞིན། ཁྱིས་མཐོང་ཡང་རྔ་མ་གཡུགས་སྲིད། གཞན་གྱིས་གྱོན་གོས་ཡག་པོ་འདི་འདྲ་ཡོད་བཞིན་དུ་སློང་མོ་བྱེད་དོན་ཅི་ཞེས་དྲིས་ཚེ། སྤྲང་པོས་སྐུ་ཞབས་ཅི་ཧྥན་གྱིས་ངན་ལངས་སུ་བཏང་བ་རེད། ལུགས་སྲོལ་དུ་གྱུར་ཟིན་པས་བསྒྱུར་དཀའ་ཞེས་ལན་འདེབས། ཆིང་ཀྲོའུ་དང་ཅའོ་ཀྲོའུ། ལའེ་ཀྲོའུ་ཡི་མིས་དངུལ་མེད་ཀྱང་རྒྱས་གཤོམ་བྱེད་མཁན་རྣམས་ལ་ཀའོ་སྨི་ཡི་སྤྲང་པོ་ཞེས་བོས་ནས་སུན་འབྱིན་བྱེད། ད་ལྟ་དོར་ཟིན་པའི་ཀུ་བའི་རིགས་ཤིག་སྟེ། ཤུན་ལྤགས་ཡག་ཀྱང་ནང་སྙིང་སྐྱུར་ཁ་ཡིན་པ་དེར་ཡང་ཀའོ་སྨིའི་སྤྲང་པོ་ཞེས་འབོད། སྤོ་བོ་རྒན་པས་སྐུ་ཞབས་ཅི་ཧྥན་རྟག་པར་རྫིག་པོར་ཐོན་ཡང་། ལུས་དམར་རྗེན་དུ་ཕྱིར་ལོག་དགོས་ལ། དགུན་དཀྱིལ་དུ་ཡང་དེ་བཞིན་ཡིན་ཟེར།
      སྐུ་ཞབས་ཅི་ཧྥན་རྒྱན་སྐུགས་རྒྱུར་དགའ་ལ། རྒྱན་སྐུགས་དུས་ནི་ནམ་ཡང་མཚན་མོ་ཡིན། གྲོང་ཡོངས་ཀྱི་ངོ་ཆེན་ཐམས་ཅད་ཡོང་སྲིད་ཅིང་། ཚོམས་ཆེན་དུ་རྒྱ་ཅོག་བཅུ་གྲངས་འགའ་བཞག་སྟེ། ཅོག་ཙེ་རེ་སྐོར་རེ་བྱས་ཤིང་། རྡཱ་ཡང་བསྡམ་མ་རེ་རེས་འོད་འཚེར་བར་བྱེད། སྐུ་ཞབས་ཅི་ཧྥན་གྱི་ཁྱིམ་ནས་རྒྱན་སྐུགས་མཁན་ཚོས། སར་ལྷུང་བའི་རྡཱ་ཡང་མར་སྒུར་ནས་བཏུ་མི་བྲ། མི་དེ་འདྲ་མང་པོ་ཞིག་གིས་མཚན་སྐྱེལ་ནས་རྒྱན་སྐུགས་པས། རྟག་པར་སྒོར་བཅུའམ་བརྒྱད་ཀྱི་རྡཱ་ཡང་ཅོག་ཙེའི་འོག་ལྷུང་ཡོད། དེ་དག་ཡོད་ཚད་ཇ་ཆང་འདྲེན་མཁན་གྱི་ངའི་སྤོ་བོ་རྒན་པར་དབང་བ་ཡིན། ངའི་སྤོ་བོ་རྒན་པ་སྐུ་ཞབས་ཅི་ཧྥན་དང་གྱེས་མ་ཐག གྲོང་ཁྱེར་ནང་ནས་ཁང་པ་ཉོས་ཤིང་གྲོང་ཁྱེར་ཕྱི་ནས་ས་ཞིང་ཉོས། རྡཱ་ཡང་བསྡམ་མ་རེ་རེ་ནི་རྒྱན་ཅོག་འོག་ནས་བཏུས་པ་ཡིན། 
སྐུ་ཞབས་ཅི་ཧྥན་གྱིས་ས་ཞིང་གི་ཡོང་འབབ་ལ་སྐད་ཆ་དྲིས་མྱོང་མེད་དེ། བརྒྱ་ཆའི་བརྒྱའི་རྩེད་མོར་གཡེང་མཁན་ཞིག་ཡིན། འོན་ཀྱང་ཁོ་ཚང་གི་གླ་བ་རྣམས་ནི་ལོ་ན་རྒས་དུས་རྐང་པ་ཁྱོགས་ཤིང་སྐེད་པ་སྒུར་མཁན་རྐྱང་རྐྱང་ཡིན་ཏེ། ཚང་མས་སྐུ་ཞབས་ཅི་ཧྥན་ཚང་གི་ལས་ཀ་ལས་ནས་དེ་འདྲ་ཆགས་པ་རེད། སྤོ་བོ་རྒན་པས་བཤད་ན་ལོ་ཞིག་ལ་གཡུལ་གཅོག་དུས། གླ་བ་ཞིག་གིས་འབྲུ་བོང་བུར་བཀལ་ནས་རང་ཁྱིམ་དུ་བརྐུས་པས། གླ་བ་གཞན་ཞིག་ཞུ་གཏུག་བྱེད་དུ་སོང་། སྐུ་ཞབས་ཅི་ཧྥན་གྱིས་གླེན་པ། གླེན་པ། ཁོས་འབྲུ་བོང་བུར་བཀལ་ནས་བརྐུས་ན། ཁྱོད་ཀྱིས་ཅིའི་ཕྱིར་ཤིང་རྟ་བཀལ་ནས་མི་བརྐུའམ་ཞེས་སྡིགས། གླ་བ་དེ་ཡིད་མ་རངས་པས་དངོས་གནས་ཤིང་རྟ་བསྐོར་ཡོང་ནས་ཁྱིམ་དུ་འབྲུ་ཤིང་རྟ་གང་སྐྱེལ། སྐུ་ཞབས་ཅི་ཧྥན་ལ་ཆེན་མ་གཅིག་དང་ཆུན་མ་དྲུག་ཡོད། ཆེན་མ་ནི་གདོང་འབར་ཚག་ཡིན་ལ། ཆུན་མ་དྲུག་ནི་བཞིན་བཟང་མ་རྐྱང་རྐྱང་ཡིན། སྤོ་བོ་ཆེ་བས་ང་ཚོར་བཤད་དོན། ཁྱོད་ཚོའི་སྤོ་བོ་རྒན་པས་བཤད་ན་སྐུ་ཞབས་ཅི་ཧྥན་ནི་རྟག་པར་རང་ཉིད་གཅིག་པུ་ཁང་པ་ཞིག་ཏུ་ཉལ་བས། ཆུན་མ་རྣམས་ནི་ལོ་ན་གཞོན་རྐྱེན་སྡུག་རུས་མ་ཐེག་པར། དངུལ་བརྐུས་ནས་སྐྱེས་པ་གཞན་དང་བྲོས་པ་ཡོད་ལ། གླ་བ་དང་འགབ་མཐུན་བྱས་ནས་ནལ་བུ་བཙའ་མཁན་ཡང་ཡོད་ཀྱང་། སྐུ་ཞབས་ཅི་ཧྥན་གྱིས་ཇུས་གཏོགས་ཅི་ཡང་མི་བྱེད། ནལ་བུ་དེ་དག་རྔམ་རྔམ་རྫིག་རྫིག་ངང་ར་སྐོར་ནང་དུ་ཡར་མར་བརྒྱུགས་བཞིན་ཡོད་ལ། སྐུ་ཞབས་ཅི་ཧྥན་མཐོང་ཚེ་ཨ་ཕ་ཞེས་འབོད། ཡིན་ཡང་སྐུ་ཞབས་ཅི་ཧྥན་གྱིས་འཛུམ་ཙམ་བྱེད་པ་ལས་ཡ་ལན་མི་སྟེར།  ཁྱོད་ཚོའི་སྤོ་བོ་རྒན་པས་བཤད་ན་ཆེན་མ་འབར་ཚག་གིས་བཙས་པའི་བུ་གླེན་པ་དེ་ནི་སྐུ་ཞབས་ཅི་ཧྥན་གྱི་རྒྱུད་རྣལ་མ་ཡིན་ཟེར།
      སྤོ་བོ་ཆེ་བས་བཤད་རྒྱུར། ལོ་ཞིག་གི་ལོ་གསར་ཚེས་གཅིག་ལ། སྐུ་ཞབས་ཅི་ཧྥན་གྱིས་འཆལ་མོ་བཙལ་དགོས་ཟེར། གཏམ་དེ་ཐོས་འཕྲལ་གནམ་བརྡོལ་བ་བཞིན་ཚང་མ་ཧ་ལས་སོང་། གཉེར་བས་ཁོ་ལ་ཉིན་འགའི་རྗེས་སུ་བཙལ་ན་འགྲིག་པར་ཁ་ཏ་བྱས། སྐུ་ཞབས་ཅི་ཧྥན་གྱིས་ཉིན་འགའི་རྗེས་སུ་བཙལ་འདོད་མི་འདུག་ཟེར། གཉེར་བས་དོན་དེ་ཁོས་བསྒྲུབ་མི་ཐུབ་ཟེར། སྐུ་ཞབས་ཅི་ཧྥན་གྱིས་“ཧན་སན”ཞེས་སྐད་བརྒྱབ།
      ལོ་ན་བཅུ་བདུན་ལ་སོན་པའི་ང་ཚོའི་སྤོ་བོ་རྒན་པས་ལན་བྱིན་པ་སྟེ“ཧན་སན་ཡོད”ཟེར།
      སྐུ་ཞབས་ཅི་ཧྥན་གྱིས་“ཁོ་ཚོ་ཚང་མ་ནི་ཆོ་མེད་པའི་མི་སྐྱ་རེད། དེ་ན་ངེད་རྒན་གཞོན་གཉིས་རྩེའོ”ཟེར།
      ང་ཚོའི་སྤོ་བོ་རྒན་པས་“སྐུ་ངོ་ནི་སྨད་འཚོང་ཁང་དུ་འགྲོའམ་སྨད་འཚོང་མ་ཁྱིམ་དུ་སྐྱེལ་ལམ”ཞེས་དྲིས།
      སྐུ་ཞབས་ཅི་ཧྥན་གྱིས་“ཁྱིམ་དུ་སྐྱེལ་དགོས་པ་ལྟ་ཅི་སྨོས”ཟེར།
      ང་ཚོའི་སྤོ་བོ་རྒན་པས་“ལུ་གུ་དཀར་པོ་སྐྱེལ་ལམ་བལྟས་མ་ཐག་ཏུ་སོབ་སྐྱེལ་ལམ”ཞེས་དྲིས། 
      སྐུ་ཞབས་ཅི་ཧྥན་གྱིས་“ཁྱོད་ཀྱིས་ང་ལ་ཀའོ་སྨི་གྲོང་གི་སྨད་འཚོང་མ་ཐམས་ཅད་སྐྱོལ་ཞིག”ཟེར།
      ང་ཚོའི་སྤོ་བོ་རྒན་པས་ལྕེ་བསྣར་ཞིག་བྱས་རྗེས། འདྲི་མ་ཕོད་པར་དོགས་པ་རུམ་གང་ཁྱེར་ནས་སྨད་འཚོང་མ་ལེན་དུ་སོང་། 
      སྤོ་བོ་ཆེ་བས་བཤད་ན། དེ་དུས་ཀྱི་ཀའོ་སྨིའི་གྲོང་ནུབ་ཀྱི་ཞའོ་ཁཱང་ཆུ་བོའི་འགྲམ་གཉིས་སུ་སྨད་འཚོང་སྲང་ལམ་གཉིས་ཡོད། ཆུ་བོའི་ཤར་དུ་ཡོད་པ་ལ་ཀྲོང་ཡོན་སྲང་ལམ་དང་། ཆུ་བོའི་ནུབ་ཏུ་ཡོད་པ་ལ་ཉ་ལི་ཡུས་སྲང་ལམ་དུ་འབོད། དེ་དུས་ཀྱི་མི་རྣམས་ཀྱིས་སྨད་འཚོང་ཁང་དུ་འགྲོ་བ་ལ་“ཀྲོང་ཡོན་གྱི་ཡིག་ཚད་གཏོང་བ”་དང་“ཉ་ལི་ཡུས་ཟ་བར་འགྲོ་བ”ཞེས་ཟེར། སྲང་ལམ་རེ་རེར་སྨད་འཚོང་ཁང་ལྔ་དྲུག་རེ་ཡོད། སྨད་འཚོང་ཁང་རེ་རེས་བུ་མོ་གསུམ་ནས་ལྔ་ཉར་ཡོད། ད་དུང་སྒོ་ཕྱེད་ཀ་ཕྱེ་ཡོད་པ་འགའ་ཡོད་དེ། ཉིན་མོ་འཚེམ་ཆས་སོགས་ཁབ་སྐུད་འཚོང་བའི་ཚོང་ཁང་ཆུང་ཆུང་དེ་དག་གིས་མཚན་མོ་སྒོ་བརྒྱབ་སྟེ་མགྲོན་པོ་བཀུག་ནས་ཞག་སྡོད་བྱེད་འཇུག་པ་ཡིན། སྤོ་བོ་ཆེ་བས་བཤད་ན་སྨད་འཚོང་ཁང་དུ་འགྲོ་བའི་མི་ནི་འདྲ་མིན་སྣ་ཚོགས་ཡིན་ཏེ། རྒྱུན་འདུག་བྱས་པའི་འཆལ་པོ་ཡོད་ལ། ཕ་མའི་དངུལ་བརྐུས་རྗེས་སྒྱུ་རྩལ་སློབ་ཏུ་འོངས་བའི་གསར་བུ་ཡང་ཡོད་ཟེར། 
      སྤོ་བོ་རྒན་པ་དེ་དུས་ལོ་བཅུ་བདུན་ཡིན་པས། “སྒྱུ་རྩལ་སློབ་མཁན”ཞིག་དང་ཤིན་ཏུ་མཚུངས། ལོ་གསར་ཚེས་གཅིག་ཉིན། ཁྱིམ་ཚང་ཐམས་ཅད་ཀྱིས་མེས་པོ་མཆོད་འབུལ་བྱེད་དགོས་པས། ཆགས་ནད་འཕོག་པའི་འཆལ་པོ་ཡིན་ཡང་སྨད་འཚོང་ཁང་དུ་འགྲོ་མི་སྲིད། ལོ་གསར་ལ་ཀའོ་སྨི་ས་ཆའི་སྨད་འཚོང་ཁང་གིས་ཀྱང་གུང་གསེང་བཏང་ཡོད། སྨད་འཚོང་མ་རྣམས་ཀྱིས་ཁ་དོག་སྣ་ལྔའི་རྒྱན་གོས་གྱོན་ཞིང་། ཉི་འབྲུ་ཟ་བཞིན་རྒྱན་སྐུགས་ལ། ཉི་འོད་འཇམ་དུས་སྲང་ལམ་དུ་འོངས་ནས། མི་ཚོགས་ཁྲོད་འཛུལ་ཏེ་ལྟད་མོར་བལྟ། མཛའ་མཁན་གྱིས་ཀྱང་སྨད་འཚོང་མ་རྣམས་ཁྱིམ་དུ་གཉེན་འཕྲད་འགྲོ་བར་དགོངས་པ་བྱིན་ཡང་། སྨད་འཚོང་མ་བཅུའི་ཁྲོད་ན་དགུ་ནི་ཕ་མས་དམྱལ་ཁམས་འདིར་བཙོང་བ་ཡིན་པས། སུ་ཞིག་ཁྱིམ་དུ་ལོག་འདོད་དམ། ཇ་ལྡུག་མཁན་དེ་དག་དང་བདེ་སྲུང་བ་དག་ཀྱང་གུང་གསེང་བཏང་ནས་ཁྱིམ་དུ་ལོག་ཟིན། དེ་བས་སྤོ་བོ་རྒན་པ་སྨད་འཚོང་ཁང་དུ་བསླེབས་པ་ན། སྨད་འཚོང་མ་ཚང་མས་བསྐོར་ཏེ། ཁོའི་དགེ་རྒན་བྱེད་པར་འཕྲོག་རྩོད་བྱེད། 
སྤོ་བོ་རྒན་པས་དགེ་རྒན་བསྟེན་ཡོད་མེད་གསལ་བོར་མི་བཤད་པ་ནི་སྨོས་མ་དགོས། སྤོ་བོ་ཆེ་བས་བཤད་ན་ང་ཚོའི་སྤོ་བོ་རྒན་པས་རྟག་པར་སྐུ་ཞབས་ཅི་ཧྥན་གྱི་རྟ་ཁྲིད་པས། མིག་རྣོ་བའི་སྨད་འཚོང་མས་ཁོ་ངོས་ཟིན་ནས། དགོད་ཞོར་དུ་འདི་ནི་སྐུ་ཞབས་ཅི་ཧྥན་གྱི་རྗེས་འབྲངས་པ་ཆུང་ཆུང་དེ་མིན་ནམ། ཁྱོད་ཀྱི་སྦྱིན་བདག་གིས་ཆུན་མ་དེ་འདྲ་མང་པོ་ཞིག་བསྐྱུར་ནས་མ་བཀོལ་རྐྱེན། འོག་ཏུ་བཙའ་ཆགས་ཡོད་སྲིད། ང་ཚོ་བཙལ་དགོས་དོན་ཡོད་དམ་ཟེར།
      སྤོ་བོ་རྒན་པས་ངས་ཁྱོད་ཚོ་བཙལ་འདོད་པ་མིན། སྐུ་ཞབས་ཅི་ཧྥན་གྱིས་ཁྱོད་ཚོ་བཙལ་གྱིན་འདུག་ཅེས་བཤད། 
      སྤོ་བོ་རྒན་པའི་སྐད་ཆ་གཅིག་གིས་སྨད་འཚོང་མ་རྣམས་དགའ་ནས་མགོ་མཇུག་མི་ཤེས་པར་བཏང་། འུར་རྒྱག་བཞིན་འདི་ནི་སྔར་མེད་གསར་བྱུང་རང་རེད། སྐུ་ཞབས་ཅི་ཧྥན་གྱིས་དངུལ་གཏོང་དུས་ནི་ཆུ་བཞུར་བ་ལྟར་ཡིན་པས། བགྲེས་སོང་ཁོར་ཞབས་གཡོག་ལེགས་པོ་བྱུང་ན། ལོ་གཅིག་གི་སྒེག་ཚོས་ཀྱི་འགྲོ་སྒོར་སེམས་ཁྲལ་མེད་ཟེར།
      མཛའ་མཁན་གྱིས་ལོ་གསར་ཚེས་གཅིག་ནི་ངལ་གསོ་ཡིན། བུ་མོ་རྣམས་ཀྱིས་ལོ་གཅིག་ལ་དཀའ་ལས་བརྒྱབ་པས། ངར་ལྕགས་ལས་གྲུབ་པ་ཞིག་ཡིན་ཡང་མེ་སྟག་འཐོར་སྲིད་པས། ཁོ་མོ་ཚོ་ངལ་གསོ་རུ་བཅུག་ན་འགྲིག་ཟེར།
      སྤོ་བོ་རྒན་པས་སྐུ་ཞབས་ཅི་ཧྥན་ལ་འཇིག་རྟེན་པའི་སྣང་བ་སྐྱེས་དཀོན་པས།  ཁྱོད་ཚོ་མགོ་མ་འཐོམས་རོགས། ཤོར་བའི་གླགས་ལ་ཕྱིར་ཡོང་མེད་ཟེར།
      མཛའ་མཁན་གྱིས་འཛུམ་ཕྱུང་ནས་བཤད་རྒྱུར། སྐུ་ཞབས་ཅི་ཧྥན་ཞབས་གཡོག་རྒྱུགས་དགོས་ན་ང་ཚོས་ཀྱང་མིན་ཟེར་མི་ཕོད། བྱིས་པ་ཚོ་ཁྱོད་ཚོས་ཨ་མ་ང་རང་སེམས་ནག་རེད་མ་འདོད་ཟེར།
      སྨད་འཚོང་མ་རྣམས་ཀྱིས་ཁ་འཕྲོག་ནས་བཤད་རྒྱུར། ཨ་མ་ལགས། སྐུ་ཞབས་ཅི་ཧྥན་ཟེར་བའི་འཕགས་པ་ལྷ་དེས་གཡེམ་རྒྱུ་ནི་བྱིས་པ་ང་ཚོའི་བསོད་ནམས་ཡིན་ཟེར།
      མཛའ་མཁན་གྱིས་ང་ཚོའི་སྤོ་བོ་རྒན་པར་འདྲི་རྒྱུར། སྐུ་ཞབས་ཆུང་ཆུང་ལགས། ངའི་འདིར་བུ་མོ་ལྔ་ཡོད། སྐུ་ཞབས་ཅི་ཧྥན་གྱིས་བློར་སུ་བབས་ཡོད་དམ་ཟེར།
      སྤོ་བོ་རྒན་པས་ཚང་མ་བློར་བབས་ཡོད། ཁོ་མོ་ཚོར་ཡག་ལས་བྱེད་བཅུག་ནས་སྒུག་དང་། ཅུང་ཙམ་ནས་ཁྱོགས་འཁོར་ལེན་དུ་ཡོང་ཞེས་བརྗོད། 
      སྤོ་བོ་ཆེ་བས་བཤད་ན་སྤོ་བོ་རྒན་པ་ལས་དོན་སྒྲུབ་པར་འཇོན་པས། སྨད་འཚོང་སྲང་ལམ་གཉིས་ཀར་ཐེངས་ཤིག་བསྐོར་རྗེས། སྨད་འཚོང་མ་ཉེར་བརྒྱད་བཙལ་ཞིང་། ཁྲོམ་དུ་སོང་ནས་དྲོ་སོབ་སོབ་ཀྱི་ཡོལ་བ་ཡོད་པའི་ཁྱོགས་འཁོར་བཅུ་གྲངས་ཤིག་གླས་ཏེ། སྨད་འཚོང་མ་རྣམས་གཅིག་རེའམ་གསུམ་རེ་ཁྱོགས་འཁོར་ནང་བླུགས། ཁྱོགས་འཁོར་བཅུ་གྲངས་ཤིག དྲེལ་ཡག་པོ་བཅུ་གྲངས་ཤིག ཁ་ལོ་བ་བཅུ་གྲངས་ཤིག ཐམས་ཅད་རྫོང་སྲིད་གཞུང་གི་སྲང་ལམ་དུ་གཡུ་འབྲུག་གཟུགས་སུ་བཤར་ནས། ཚ་ཚ་འུར་འུར་ངང་བསྐྱོད། ལྟད་མོ་ལྟ་མཁན་རྣམས་ཀྱིས་འཚང་ཁ་ཤིག་ཤིག་གིས་སྲང་ལམ་ཡང་ཇེ་དོག་ཏུ་བཏང་འདུག ཁྱོགས་འཁོར་གཏོང་མཁན་གྱིས་ཚུལ་འདི་མཐོང་བ་དང་། འགྲུལ་བ་འདི་འདྲ་སྐྱེལ་བཞིན་པ་ཤེས་དུས་སྔར་བས་ཀྱང་སྤྲོ་བས་བརྟས་ཏེ། ལྕག་ཚན་ཕག་ཕག་ཏུ་གཡུགས་ཀྱིན་ཁ་ནས་“ཏིར་དང་ཅཱའར”ཞེས་ངར་སྐད་སྒྲོག་བཞིན་ཁྱོགས་འཁོར་མགྱོགས་པོར་གཏོང་། སྨད་འཚོང་མ་དེ་དག་གིས་མཚམས་རེར་ཁྱོགས་འཁོར་གྱི་ཡོལ་བ་བཀྱགས་ནས། འདུ་འཛིས་ཁེངས་བའི་མི་ཚོགས་ལ་བལྟས་ནས་འཆལ་དགོད་བྱེད། གདོང་ལྤགས་ཅུང་མཐུག་པའི་མིས་སྨད་འཚོང་མ་ཚོ་གང་དུ་འགྲོ་ཞེས་སྐད་ཅོར་བརྒྱབ་པ་ན།  སྨད་འཚོང་མ་རྣམས་ཀྱིས་སྐད་གསེང་མཐོན་པོས་སྐུ་ཞབས་ཅི་ཧྥན་ཚང་དུ་ལོ་སར་བར་འགྲོ་ཞེས་ལན་འདེབས།
      སྤོ་བོ་ཆེ་བས་བཤད་ན་ཁྱོད་ཀྱི་སྤོ་བོ་རྒན་པ་རྟ་དམར་ཆེན་ལ་ཞོན་ནས། ཁྱོགས་འཁོར་རྣམས་སྐུ་ཞབས་ཅི་ཧྥན་ཚང་གི་སྒོ་ཁར་ཁྲིད། ཁོས་སྨད་འཚོང་མ་རྣམས་ཕྱི་རོལ་ཏུ་སྒུག་བཅུག་རྗེས། རང་ཉིད་ཁྱིམ་དུ་བརྡ་སྐྱེལ་བར་ཕྱིན། སྐུ་ཞབས་ཅི་ཧྥན་གྱིས་སྨད་འཚོང་མ་ཉེར་བརྒྱད་ཁྲིད་ཡོད་པ་ཐོས་འཕྲལ་དགའ་ནས་ཐལ་མོ་རྡེབ་ཞོར་“ཤིན་ཏུ་ལེགས། རྒྱུ་སྐར་ཉེར་བརྒྱད་ས་ལ་བབས་སོང་། ཧན་སན། ཁྱོད་ནི་ལས་ཀ་སྒྲུབ་པར་ཤིན་ཏུ་འཇོན། རྗེས་སུ་ངས་ཁྱོད་ལ་བྱ་དགའ་གྱ་ནོམ་པ་ཞིག་སྟེར། མྱུར་དུ་སོང་ནས་ལྷ་རྣམས་གདན་དྲོངས”ཟེར།
      སྤོ་བོ་ཆེ་བས་བཤད་ན་སྐུ་ཞབས་ཅི་ཧྥན་གྱི་ཁྱིམ་དུ་འགྲུལ་ཁང་ཆེན་པོ་ཞིག་ཡོད་ལ། དེའི་ནང་མི་བརྒྱས་ཆང་འཐུང་ཡང་ཤོང་ཐུབ་ཟེར། ལྷའི་འདུ་འཛོམས་འགྲུལ་ཁང་ནས་སྤེལ་དགོས་པ་སྨོས་མ་དགོས། དེ་དུས་གློག་གི་ཤེལ་ཏོག་མེད་པས། སྐུ་ཞབས་ཅི་ཧྥན་གྱིས་ང་ཚོའི་སྤོ་བོ་རྒན་པར་དཔུང་བ་ལྟར་སྦོམ་པའི་པྲ་ཚིལ་ཆེན་པོ་རྐང་བརྒྱ་ཕྲག་འགའ་ཉོ་རུ་བཅུག་སྟེ། འགྲུལ་ཁང་གི་གྲུ་ཁ་ཡོད་ཚད་ལ་པྲ་ཚིལ་བཙུགས། ས་མ་རུབ་གོང་ནས་པྲ་ཚིལ་སྦར་བས་འགྲུལ་ཁང་དུ་མེ་འོད་ལྷབ་ལྷུབ་དང་དུ་བ་མཚམས་མེད་དུ་འཕྱུར་ནས་མེ་སྐྱོན་ཤོར་བ་དང་མཚུངས། སྐུ་ཞབས་ཅི་ཧྥན་གྱིས་ཡང་སྤོ་བོ་རྒན་པ་མངགས་ནས་གདན་ཞུ་ཡི་གེ་སྤྲད་དེ་གྲོང་ཁྱེར་གྱི་དམག་སྲིད་དཔོན་ཆེན་དང་མཁས་མཛངས་གྲགས་ཅན་རྣམས་གདན་དྲངས། སྐུ་ཞབས་ཅི་ཧྥན་གྱིས་སྨད་འཚོང་མ་ཉེར་བརྒྱད་ཁྱིམ་དུ་སྐྱེལ་བའི་གཏམ་དེ་གྲོང་ཁྱེར་གྱི་གྲུ་ཟུར་ཡོད་ཚད་ལ་ཁྱབ་ཡོད་པས། མི་སྣ་གྲགས་ཅན་དེ་དག་གིས་སྐུ་ཞབས་ཅི་ཧྥན་གྱིས་རྩེད་མོ་ཅི་ཞིག་རྩེ་འདོད་པ་མགོ་མ་འཚོས་པར་བསྡད་ཡོད། གདན་ཞུ་ཡི་གེ་རག་ཙ་ན། ལམ་སེང་གཤོག་པ་ཐོགས་ནས་གནས་དེར་འཕུར་ཐུབ་ན་ཅི་མ་རུང་སྙམ་ཡོད། ལོ་གསར་ཚེས་གཅིག་གི་ཉིན་བཟང་འདི་ལ། ལས་འདི་འདྲ་སྒྲུབ་ན་ཕ་མེས་ཡང་མེས་ལ་ཕོག་ཐུག་གཏོང་བར་སྐྲག་མཁན་ཡང་ཡོད་མོད། སྐུ་ཞབས་ཅི་ཧྥན་སྦྱིན་བདག་ལ་འབུད་ཕོད་ན། ང་ཚོ་མགྲོན་པོ་ཕེབས་མི་ཕོད་རྒྱུ་ཅི་ཡོད་ཅེས་སྙམ་པས། གདན་ཞུ་བྱས་པ་ཡོད་ཚད་བསླེབས་སོང་།
      ཉིན་དེའི་མཚན་མོར། སྐུ་ཞབས་ཅི་ཧྥན་ཚང་གི་འགྲུལ་ཁང་དུ་པྲ་ཚིལ་གྱི་འོད་གསལ་ལ། མི་སྣ་གྲགས་ཅན་འཛོམས་ཤིང་། འཆལ་མོ་ཉེར་བརྒྱད་ཀྱིས་འཆལ་སྤྱོད་སྤེལ་ནས་འཆལ་གཏམ་བཤད་བཞིན། བཀའ་བཞིན་བཞེས་རག་བཏེག་པས། འགྲུལ་ཁང་ནང་གི་སྐྱེས་པ་ཡོད་ཚད་རང་ཚུགས་ཤོར་ནས། སྐྱུག་བྲོ་བའི་རང་བཞིན་ཕྱིར་མངོན་ཏེ། ཕ་མེས་ཡང་མེས་ཀྱི་རྣམ་ཤེས་གཏིང་ནས་བརྗེད་འདུག མུན་རིམ་བཞིན་ཇེ་མཐུག་ཏུ་གྱུར་བ་དང་བསྟུན་ནས། སྒྲོན་འོད་སྔར་ལས་ཀྱང་ཇེ་གསལ་དུ་གྱུར། ཨ་རག་གི་ངར་ཤུགས་འཆལ་མོ་རྣམས་ཀྱི་གདོང་དུ་འཕོས་པས། ཁམ་བུའི་མེ་ཏོག་བྲིས་པ་ལྟར་དམར་ལ། ཆགས་མིག་ལང་ལོང་གིས་རྫིག་ཉམས་དོད་པའི་སྐུ་ཞབས་ཅི་ཧྥན་ལ་ཕུར་ཚུགས་སུ་ལྟ། ངང་ཐུང་ཅན་ནི་ཕར་སྦྱར་ནས་སྐེ་ལ་འཐམ་ཞིང་སྐེད་པར་འཁྱུད། སྐུ་ཞབས་ཅི་ཧྥན་གྱིས་ངའི་སྤོ་བོ་རྒན་པར་པྲ་ཚིལ་གྱི་སྡོང་རོ་གཅོད་དུ་བཅུག་རྗེས། མི་འགའ་སྐད་བཏང་ནས་འགྲུལ་ཁང་གི་དཀྱིལ་དུ་ས་གདན་ཆེན་པོ་འགའ་འདིང་དུ་བཅུག 
      སྐུ་ཞབས་ཅི་ཧྥན་གྱིས་འཆལ་མོ་རྣམས་ལ་བཀོད་སྒྲིག་བྱས་དོན། “བུ་མོ་ཚོ། གྱོན་གོས་ཕུད་དེ་གཅེར་བུར་ས་གདན་སྟེང་ཉོལ”ཞེས་ཟེར།
      འཆལ་མོ་ཉེར་བརྒྱད་ཀྱིས་གད་མོ་དགོད་བཞིན་ལུས་སྟེང་གི་དར་གོས་རྣམས་ཕུད་དེ། དམར་ཧྲེང་ངེར་གྲལ་གཅིག་ཏུ་ས་གདན་སྟེང་གན་རྐྱལ་དུ་ཉལ་ནས། སྐུ་ཞབས་ཅི་ཧྥན་ཟེར་བའི་སྦྲང་མ་འདིར་སྒུག་ནས་བསྡད།
      དགུན་མཚན་རིང་མོ་དེའི་ནང་། ང་ཚོས་མེ་ཐབ་བསྐོར་ནས་སྤོ་བོ་ཆེ་བས་བཤད་པའི་སྐུ་ཞབས་ཅི་ཧྥན་གྱི་དགོད་བྲོའི་གཏམ་རྒྱུད་ལ་ཉན།
      “ཁོ་སྨྱོས་པ་ཡིན་ནམ།” ངས་དྲི་བ་བཏོན།
      “ཉོག་གཏམ་མ་བཤད། ཉོག་གཏམ་མ་བཤད།” སྤོ་བོ་ཆེ་བས་བཤད་རྒྱུར། “ཁྱོད་ཚོའི་སྤོ་བོ་རྒན་པའི་ཁ་ནས་གོ་བ་ལྟར་ན། སྐུ་ཞབས་ཅི་ཧྥན་ནི་རིག་པ་ཤིན་ཏུ་བཀྲ་བས། གྲུབ་མཐའ་སྣ་མང་དང་། ཞིང་ལས་དམག་དོན། སྨན་ལས་མོ་འདེབས། གནམ་རིག་དང་ས་ཁམས། སྐར་རྩིས་ཡོད་ཚད་ཁོས་མི་ཤེས་པ་གཅིག་མེད། མི་འདི་འདྲ་བ་ནི་སྨྱོན་པ་ཡིན་སྲིད་དམ”ཟེར།
      “ཁོ་སྨྱོན་པ་མིན་ན། ཁྱད་མཚར་བའི་ལས་དེ་འདྲ་སྒྲུབ་དོན་ཅི།”
      སྤོ་བོ་ཆེ་བས་བཤད་རྒྱུར། “སྐུ་ཞབས་ཅི་ཧྥན་ནི་དཔེ་ཆའི་ནང་ནས་འཛུལ་འོངས་བའི་མི་ཡིན་པས། འཇིག་རྟེན་གྱི་གནས་ལུགས་ཡོད་ཚད་ཀྱི་གཏིང་དཔོག་ཡོད། ཅི་ཞིག་ལ་སྐྱེས་མཆོག་དམ་པ་ཟེར། སྐུ་ཞབས་ཅི་ཧྥན་ནི་སྐྱེས་མཆོག་དམ་པ་ཡིན”ཟེར།
      དོན་དམ་པར་སྐུ་ཞབས་ཅི་ཧྥན་དང་འབྲེལ་བའི་དགོད་བྲོའི་གཏམ་རྒྱུད་ནི་ང་ཚོས་རྣ་བར་འཇགས་པས་ངག་ལ་གསལ་བའི་ཚད་དུ་བསླེབས་ཡོད། ཡིན་ཡང་ང་ཚོས་སྤྲོ་སྣང་ཆེན་པོས་སྤོ་བོ་ཆེ་བར་མུ་མཐུད་དུ་བཤད་བཅུག
      ངའི་ཕུ་བོ་གཉིས་པས་“སྤོ་བོ་ཆེ་བ། ཁྱོད་ཀྱིས་སྐུ་ཞབས་ཅི་ཧྥན་གྱིས་སྤོ་བོ་རྒན་པ་ཇི་ལྟར་བློ་གསལ་ཕུད་པ་བཤད་རོགས”ཟེར། 
      ཅུང་ཨ་ཐང་ཆད་ཡོད་པའི་སྤོ་བོ་ཆེ་བའི་མིག་ཟུང་སླར་ཡང་གསལ་བར་གྱུར། ཁོས་བཤད་རྒྱུར་“ཁྱོད་ཚོའི་སྤོ་བོ་རྒན་པ་ལོ་ཉི་ཤུར་བུད་པའི་ལོ་དེའི་ཉིན་ཞིག་ལ། སྐུ་ཞབས་ཅི་ཧྥན་དང་འགྲོགས་ནས་ཁྲོམ་སྲང་དུ་འགྲོ་བཞིན་ཡོད། སྐུ་ཞབས་ཅི་ཧྥན་གྱིས་‘ཧན་སན། ཁྱོད་ཕོ་ལོ་ཉི་ཤུར་བུད་ཟིན། ད་ང་དང་བྲལ་ནས་རང་ཉིད་ལ་སྲིད་འཕྲོག་དབང་འཛིན་བྱེད་དུ་སོང་ན་འགྲིག’ཟེར། ཁྱོད་ཀྱི་སྤོ་བོ་རྒན་པས་མིག་ཟུང་མཆི་མས་བརླན་བཞིན་‘ང་རང་ད་དུང་ཁྱོད་ཀྱི་རྗེས་སུ་ལོ་འགར་འབྲངས་བཅུག་རོགས’ཞེས་བཤད། སྐུ་ཞབས་ཅི་ཧྥན་གྱིས་‘འཛོམས་མཐར་འབྲལ་དགོས་པ་ཆོས་ཉིད་རེད’ཟེར། ཁོ་ཚོ་ཚོས་སེར་སྡོང་བོ་ཆེན་པོ་ཞིག་གི་འོག་ཏུ་སོང་ནས། གྲོག་མའི་ཚོགས་གཉིས་ཀྱིས་འབུ་ལྗང་ཁུ་ཞིག་ཕར་ཚུར་འཐེན་ནས་འཕྲོག་རྩོད་བྱེད་པ་མཐོང་། སྐུ་ཞབས་ཅི་ཧྥན་གྱིས་‘ཧན་སན་ཧ་གོ་སོང་ངམ’ཟེར། ཁྱོད་ཚོའི་སྤོ་བོ་རྒན་པས་མགོ་གཡུགས་ནས་ཧ་གོ་མ་སོང་ཞེས་བཤད། སྐུ་ཞབས་ཅི་ཧྥན་གྱིས་རྐང་པ་གཅིག་བཀྱགས་ཏེ་གྲོག་མ་དེ་དག་གི་སྟེང་སྤོས་ནས་ཕུར་ཙམ་བྱས་ཏེ་འདྲི་དོན། ‘ཧན་སན། ཧ་གོ་སོང་ངམ’ཟེར། ཁྱོད་ཚོའི་སྤོ་བོས་ཧ་གོ་སོང་ཞེས་ལན་བཏབ། སྐུ་ཞབས་ཅི་ཧྥན་གྱིས་‘གཡུགས་ཞོག དོན་དངོས་སུ་ཁྱོད་ཀྱིས་ཧ་གོ་མི་འདུག ཧ་མ་གོ་ན་མ་གོ་བ་རེད’”ཟེར། 
      “ང་ཚོའི་སྤོ་བོ་རྒན་པས་སྐུ་ཞབས་ཅི་ཧྥན་གྱི་གསང་བརྡ་ངོ་མ་ཧ་མ་གོ་བ་ཡིན་ནམ། ”ངས་དྲིས།
      སྤོ་བོ་ཆེ་བས་དྲིས་ལན་ལོག་འདེབས་བྱེད་བཞིན་“གནས་ལུགས་རྟོགས་དགོས་ན། གནམ་འོག་གི་དཔེ་ཆ་ཡོད་ཚད་ཀློག་རྒྱུ་ལས་འོས་མེད། ཁྱོད་ཚོ་ད་དུང་སྔ་དྲགས་འདུག”ཟེར།
      ངའི་ཕུ་བོ་གཉིས་པས་ཡང་དྲིས་དོན་“སྤོ་བོ་ཆེ་བ། ཁྱེད་ཀྱིས་སྐུ་ཞབས་ཅི་ཧྥན་གྱིས་དཔེ་ཆ་གང་གཟིགས་བློར་ངེས་པ་དངོས་སུ་མཐོང་མྱོང་ངམ”ཟེར།
      སྤོ་བོ་ཆེ་བས་“འདི་རྫུན་མ་ཡིན་སྲིད་དམ། དེ་དུས་ངེད་ཚང་ད་དུང་སྟོངས་མེད་པས། གྲོང་ཁྱེར་དུ་བསྡད་ཡོད། ཉིན་ཞིག་ལ། ངས་《ཡིག་བསྐུར་ངེས་ཀློག》་ཅེས་པའི་དཔེ་དེབ་ཅིག་བལྟ་བཞིན་ཡོད། ཁྱོད་ཚོའི་སྤོ་བོ་རྒན་པས་སྐུ་ཞབས་ཅི་ཧྥན་ཁྲིད་ནས་བསླེབས་བྱུང་། སྐུ་ཞབས་ཅི་ཧྥན་གྱིས་ང་ལ་དཔེ་དེབ་ཅི་ཞིག་བལྟ་བཞིན་ཡོད་པར་སྐད་ཆ་དྲིས་བྱུང་བས། ངས་དཔེ་དེབ་ཁོར་སྤྲད་པ་ཡིན། ཁོས་ཕར་བླངས་ནས་ཕར་སློག་ཚུར་སློག་འགའ་བྱས་རྗེས་ཕྱིར་སྤྲད་བྱུང་། ངས་‘སྐུ་ངོ་ལགས། ངས་ཨ་ཕའི་ཁ་ནས་ཐོས་ཚུལ་ལ་ཉིད་ཀྱིས་གང་གཟིགས་བློར་ངེས་ཐུབ་ཟེར’ཞེས་བཤད་པ་ན། སྐུ་ཞབས་ཅི་ཧྥན་དགོད་ཙམ་བྱས་ནས། ‘ཁྱོད་ཀྱིས་ང་ལ་ཡིག་ཚད་གཏོང་འདོད་དམ’ཟེར། ང་རང་ཁ་སྐྱེངས་ནས་དགོད་ཙམ་བྱས། ཁོས་《ཡིག་བསྐུར་ངེས་ཀློག》ཅེས་པ་དེ་ཕར་བླངས་ནས། ཤོག་ལྷེ་རེ་རེ་བཞིན་བལྟས། བལྟས་ཚར་བ་དང་ཕྱིར་སྤྲད་ནས་‘ཁྱོད་ཀྱིས་དཔེ་དེབ་བལྟས་དང་ངས་ཁྱོད་ལ་བློར་འདོན’ཟེར། ངས་དཔེ་དེབ་བལྟས་པ་དང་ཁོས་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་ཐོགས་རྒྱུ་མེད་པར་ངག་སྐྱོར་བྱས་སོང་། ཁྱོད་ཚོའི་སྤོ་བོ་རྒན་པས་ང་ལ་སྡིགས་དོན། ‘སྐྲག་རྒྱུ་མེད་པའི་ཕྲུ་གུ་ཁྱོད། པུས་བཙུགས་ནས་ཁྱོད་ཀྱི་སྤོ་བོར་ཕྱག་འཚལ་རྒྱུ་མིན་ནམ’་ཟེར། ངས་མྱུར་དུ་པུས་བཙུགས་པ་ན། སྐུ་ཞབས་ཅི་ཧྥན་གྱིས་ང་རང་ཡར་བརྩེངས་ནས་དགོད་བཞིན་དུ་‘རྒས་ཟིན། རིག་པ་རྟུལ་འདུག’”ཟེར། 
      ང་ཚོས་མགྲིན་གཅིག་ཏུ་“ཤེས་རབ་ཅན། དངོས་གནས་སྐྱེས་ཐོབ་ཀྱི་ཤེས་རབ་ཅན་རང་རེད”ཅེས་བསྔགས།
      སྤོ་བོ་ཆེ་བས་ང་ཚོར་སྐུ་ཞབས་ཅི་ཧྥན་གྱིས་འཆལ་མོ་བཙལ་བའི་གཏམ་རྒྱུད་ཆ་ཚང་བོར་བཤད་མྱོང་མེད། དུས་རྟག་པར་བཤད་ནས་གནད་འགག་གི་མཚམས་དེར་བསླེབས་དུས་མཚམས་བཞག་འགྲོ། ང་ཚོས་ཀྱང་མུ་མཐུད་དུ་འདྲི་རྩད་བྱས་མ་མྱོང་། དོན་དངོས་སུ་དེའི་རྗེས་ཀྱི་གནས་ཚུལ་རྣམས་ང་ཚོས་ཤེས་ཡོད་དེ། འཆལ་མོ་ཉེར་བརྒྱད་ཀྱིས་གྱོན་གོས་ཕུད་ནས་ས་གདན་སྟེང་གན་རྐྱལ་དུ་ཉལ་རྗེས། མཁས་མཛངས་གྲགས་ཅན་དེ་དག་ཧོན་ཐོར་ནས་སྐུ་ཞབས་ཅི་ཧྥན་ལ་ཧད། ང་ཚོའི་སྤོ་བོ་རྒན་པས་བཤད་ན་སྐུ་ཞབས་ཅི་ཧྥན་གྱིས་རྐང་འབོབ་ཕུད་རྗེས། རྐང་རྗེན་དུ་འཆལ་མོ་ཉེར་བརྒྱད་ཀྱི་ལྟོ་བར་སྤོས་ནས་ཡར་མར་ཐེངས་གཅིག་སོང་། དེ་ནས་སྐུ་ཞབས་ཅི་ཧྥན་གྱིས་“ཧན་སན། ཁོ་མོ་ཚོ་མི་རེར་རྡཱ་ཡང་བརྒྱ་རེ་བྱིན་རྗེས། ཁྱོགས་འཁོར་གླས་ནས་སྐྱོལ་ཞིག”ཟེར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།