༄༅།།དུས་ཚོད་དང་འཚོ་གནས་ཀྱི་བརྡབ་གསིག་ལས་བསྐྱེད་པའི་དུས་རབས་ཀྱི་རྫི་བོ།

རྩོམ་པ་པོ།:རྡོ་རྗེ་དོན་གྲུབ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-09-29 09:05:40 ཀློག་གྲངས།:
དུས་ཚོད་ཀྱིས་བདས་པའི་ང་ཚོ་ནི་ཁ་ཕྱོགས་བོར་བའི་རླུང་གཡོར་བཞིན་ཤེས་རིག་གི་རྒྱ་མཚོའི་འཇིངས་ན་འདར་ལྕིག་ལྕིག དུས་རབས་ཀྱི་འཕྲོ་འདུས་བདས་པའི་ང་ཚོ་ནི་གྱང་ཁའི་རྩི་ཏོ་བཞིན་ཀོས་ཐག་ཅན་དུ་འཁུམས། རེད་དེ། དུས་རབས་ཤིག་གི་དཀྱོག་མཚམས་ན་འགྲིལ་གྱིན་པའི་ང་ཚོས་རང་རིགས་ཀྱི་རིག་གནས་དང་། སྒེར་གཤིས། གོམས་སྲོལ། ཕ་དམ་པས་བཞག་པའི་ཕ་ནོར་རྩ་ཆེན་དང་། རྣམ་དག་གསུང་དབྱངས། རུས་རྐང་དུ་སྨིན་པའི་སྲོལ་རྒྱུན་བཟང་པོ་དེ་དེང་རབས་རིག་གནས་དང་། ང་ཚོའི་འཚོ་གནས་འགྱུར་ལྡོག་གིས་བརྡབ་གསིག་ཐེབས་པའི་ཉམ་ངའི་གནས་ཚུལ་དེར་རིག་གནས་ཀྱི་སྡེ་ཚན་ན་ཤ་འབད་རུས་འབད་བྱེད་ཀྱིན་པའི་དུས་རབས་ཀྱི་མགྲིན་ཚབ་པས་མིག་གིས་འཚོས་ནས་སེམས་ཀྱིས་བསྒོམས་ནས་རྣམ་པར་རྟོག་པའི་འཆར་སྒོའམ་ཀུན་རྟོག་དང་། ཚིག་གི་སྒྱུ་རྩལ་ལ་བརྟེན་ནས་ང་ཚོའི་མིག་ངོར་བཀྲམ་སྟེ། དྲན་པའི་གསོས་སུ་སྐུལ་ཡོད།
འདིར་བདག་གིས་ཉེ་སྔོན་བཀླགས་གྲུབ་བྱུང་བའི་ཅོ་ནེ་ཡུམ་ཚེ་རིང་ལགས་ཀྱི་སྒྲུང་རིང《སྤྲིན་གྱི་རྫི་བོ》དང་འབྲེལ་བའི་མྱོང་བ་ཙམ་བརྗོད་པའི་ཁུལ་བགྱིས་ན། ཐོག་མར་ཁ་བྱང་བལྟས་རག་ཏུ་ཡིད་ངོར་འཆར་འོངས་པ་ནི་སློབ་དཔོན་ནག་མོ་ཁོལ་གྱི་སྙན་ངག《སྤྲིན་གྱི་ཕོ་ཉ》ལྟ་བུའི་སྙན་ངག་གི་རོ་བྲོ་ཡན་གར་བ་ཞིག་སྦྱིན་འོངས། རེད་དེ། སྒྲུང་རིང་འདི་ནི་ལེའུ་སོ་བཞིས་གྲུབ་ཅིང་། སྒྲུང་སྒོའང་ཁོར་ཡུག་ཞིབ་འབྲི་ནས་བརྩམས་ཤིང་། དེ་ནི་རྟ་ལ་དཀྱུ་ས་སྟོན་པ་ལྟར་སྒྲུང་གི་སྲོག་ཤིང་ཏུ་གྱུར་བའི་མི་སྣ་གང་དེའི་ཁོར་ཡུག་བསྟན་ཅིང་། དེའང་། དཔྱིད་རླུང་དང་ཉི་ཟེར་ཞེས་པའི་རེ་བ་དང་སྟོབས་ཤུགས་ཀྱིས་ཁེངས་པའི་ལུང་སེར་ཁོག་གི་དཔྱིད་ཁའི་རྣམ་པ་ཞིབ་བུར་བྲིས་ཏེ། དེའི་དཔལ་དུ་གྱུར་བའི་བློ་རིག་ལྡན་པའི་ཕུ་ནུ་གཉིས་ཀྱི་ལུག་རྫིའི་འཚོ་བ་དེ་བརྩམས་ཆོས་བྱིངས་ཀྱི་རུ་རྩི་ལྟ་བུར་གྱུར་ཡོད། ཡིན་ཏེ། སྒྲུང་རིང་འདིར་མདོ་སྨད་ཤར་མཐའི་རོང་མ་འབྲོག་ཁུལ་གྱི་བྱིས་པ་གཉིས་ཀྱི་ལུག་རྫིའི་འཚོ་བ་ཞིབ་འབྲི་བྱས་པ་དེ་ཆེས་སྤྱིར་བཏང་དང་། རྒྱུན་ལྡན་གྱི་སྣང་ཚུལ་ཞིག་མིན་པར་མཐོང་ཞེས་སྨྲ་གཏུབ།
སྒྲུང་རིང་འདི་ནི་བྱིས་པའི་མཐོང་སྣེ་ནས་དོན་བརྗོད་བྱས་པའི་བྱིས་སྒྲུང་ཞིག་སྟེ། བྱིས་པ་རྣལ་མ་ཞིག་གི་མཐོང་ལམ་གྱི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ལ་རྫུ་བག་རྣོན་པོས་མ་བསླུས་པར་གནད་དུ་ཐིངས་པར་བྲིས་ཤིང་། ཕུ་བོ་ཟླ་བ་དང་ནུ་བོ་བཀྲ་ཤིས་གཉིས་ཀྱིས་འགན་འཁྲི་དམ་པོར་ཡིད་ལ་བཅངས་ནས། ལུང་སེར་ཁོག་ཞེས་པའི་སྡེ་བ་དང་ཁད་མི་རིང་བའི་རི་ལུང་ཞིག་ནས་ལུག་རྫི་བྱས་པའི་འཚོ་གནས་བརྒྱུད་རིམ་ཞིག་ཚིག་གི་སྒྱུ་རྩལ་ལ་བརྟེན་ཏེ་ཞིབ་བུར་བྲིས་ཡོད་ལ། ལུག་རྫི་བྱིས་པ་དེ་གཉིས་ནི་ཕུགས་བསམ་གྱི་གཤོག་པ་ཐོགས་པའི་ཕུ་ནུ་གཅིག་ཏུ་མཐོང་། རེད་དེ། ཕུ་ནུ་གཉིས་ཀྱིས་ཕ་མའི་བླང་བྱ་དང་དུ་བླངས་ཏེ། ལུག་ཁྱུ་ལ་ཕྱིའི་འཇིགས་པས་མི་འགེམས་ཤིང་གྱོང་གུད་མི་རེག་པར་འཚོ་སྐྱོང་བྱེད་པ་ནི་ཕུགས་བསམ་ཉག་གཅིག་ཡིན། དེ་བས་ཀྱང་། ནུ་བོ་བཀྲ་ཤིས་ཀྱིས་སེམས་སུ་བརྣགས་པའི་དོན་དག་གཅིག་སྟེ། སློབ་གྲྭར་འགྲིམས་པའི་ཕུགས་བསམ་གྱི་གཞུ་མོ་ལྷོད་མ་མྱོང་ཞིང་། ལུག་རྫིའི་གོ་རིམ་ཁྲོད་ནས་རང་ཉིད་ཀྱི་ཕུགས་བསམ་ལ་གོད་ཆགས་ཐེབས་པར་སེམས་ཁྲལ་བྱས་ལ། སེམས་ཁྲལ་ཁྲོད་ན་ཟླ་བ་ཕུ་ནུ་གཉིས་ཀྱི་ཕུགས་བསམ་མངོན་འགྱུར་དང་ལས་དབང་གི་གཤོག་པ་སྤྲད་ཡོད།
བྱམས་བརྩེ་དང་ཤེས་རབ་ཀྱིས་མིའི་བློ་སྟོབས་འཕེལ་བར་ནུས་པ་ཡན་གར་བ་ཞིག་སྟེར་ནུས་ཏེ། ཟླ་བ་དང་བཀྲ་ཤིས་གཉིས་ཀྱིས་ཕ་མ་དང་ཁ་ཐག་རིང་བའི་ལུང་སེར་ཁོག་ནས་རང་བྲོ་རང་གིས་བཟོས་ནས་ལུག་རྫི་བྱས་ཤིང་། ཆར་རླུང་དང་རི་སྤྱང་། རྐུན་ཇག་གི་འཇིགས་པར་རྒོལ་བའི་བློ་སྤོབས་དེའང་བྱིས་པ་གཉིས་ཀྱི་གཉུག་མར་གནས་པའི་བྱམས་བརྩེའི་ནུས་སྟོབས་ཡིན་ལ། གཞན་ཡང་། ལུ་གུ་རུམ་ནས་མཚན་བསྐྱལ་བ། ལྷས་འགྲམ་གྱི་ཁྱི་རྒན་དང་རི་སྐྱེས་སྲོག་ཆགས་ལ་གཅེས་པའི་བརྩེ་བ་དེ་རང་བཞིན་དུ་གྲུབ་ཅིང་། ཕུ་ནུ་ཕན་ཚུན་བར་གྱི་བརྩེ་འདང་དང་། ལྷག་དོན། ཕ་མ་དྲན་པའི་འདུན་པ་དྲག་པོ་དེ་སེམས་ཁོངས་ནས་མེ་རི་བཞིན་འཕྱུར་ཞིང་། ནུ་བོ་བཀྲ་ཤིས་བྲོས་བྱོལ་བྱས་ཏེ། རྒྱང་རིང་ན་གནས་པའི་ཕ་མའི་སར་ཕྱིན་མོད། འོན་ཏེ། རེ་བ་དོན་ཐོག་ཏུ་མ་ཁེལ་མོད་ཁོའི་འདུན་པ་ནི་ཆུ་རྒྱུན་བཞིན་ཆད་པ་མེད། རེད་དེ། ལུང་ཁོག་གཅིག་ན་ཁེར་རྐྱང་དུ་གནས་པའི་ལུག་རྫི་བྱིས་པ་གཉིས་ཀྱིས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་རི་ར་བ་ཁང་ཁྱིམ་དང་། ནང་བཅུད་ཀྱི་སེམས་ཅན་ལ་བརྩེ་བའི་སྒེར་གཤིས་སམ་རང་རྒྱུད་དུ་གྲུབ་པའི་བརྩེ་བ་སྣུམ་པོ་དེ་ལྡན་པའི་བྱིས་པ་ག་ཙམ་ཡོད་ཨང་། མ་འོངས་པའི་དུས་ཀྱི་ཆར། ཨེ་ཤ་ཡའི་མཐོ་སྒང་འདིར་ཟླ་བ་ཕུ་ནུ་ལྟ་བུའི་བྱིས་པ་ག་ཙམ་ཡོད་ཨང་། ཟླ་བ་ཕུ་ནུ་ལྟ་བུའི་བྱིས་པ་རྣལ་མ་ག་ཙམ་ཡོད་ཨང་། བྱམས་དང་བརྩེ་བས་མི་ཡུལ་ཁམས་དང་རང་བྱུང་སྣོད་བཅུད་ལ་ཉམས་པ་མེད་པའི་གཏམ་རྒྱུད་ཀྱི་རི་མོ་འབྲི་མཁན་ག་ཙམ་ཡོད་ཨང་།
ཟླ་བ་ཕུ་ནུ་གཉིས་ཀྱིས་ཕྱིའི་འཇིགས་པར་རྒོལ་ནུས་ཤིང་། བྱ་གླག་ཐབས་ཀྱིས་རྟུལ་བའི་ཤེས་རབ་དང་བློ་གྲོས་དེ་ཇི་ལྟར་རྒྱས་པ་ཡིན་ནམ། ཡུས་ཏེ། ལུང་སེར་ཁོག་ལྟ་བུའི་རི་ལུང་ཞིག་རྒྱས་པ་མ་ཡིན་ནམ། ལྷིང་འཇགས་ཀྱི་ཁོར་ཡུག་སྟེ། རྩྭ་ལྗང་། ནགས་ཀློང་། ཆུ་ཕྲན། བྱ་གླག་དང་རི་སྤྱང་། ལུ་གུའི་ལང་ཚོ་ལ་གཤོག་པ་ཐོག་སའི་གནས་དང་། འོ་ཞོ་དང་མར་རྩམ་གྱི་དྲི་ངད་ལྡང་སའི་གནས་ག་ལ་བ་ཞིག་ནས་རྒྱས་པ་མ་ཡིན་ནམ།
ཕུགས་བསམ་ཀྱིས་བཏེགས་པའི་ནུ་བོ་བཀྲ་ཤིས་དང་། བརྩེ་དུང་གི་ས་བོན་སྦྲུམ་པའི་ཕུ་བོ་ཟླ་བ་དང་བདེ་སྐྱིད་ཀྱི་ལས་དབང་དེར་བཀག་རྒྱ་ཐེབས་ཤིང་། ཕུ་བོ་ཟླ་བས་བརྩེ་དུང་དང་སློབ་གྲྭར་འགྲིམས་པའི་ལས་སྐལ་བློས་བཏང་སྟེ། ལུང་སེར་ཁོག་ནས་ལུག་རྫི་བྱས། རེད་དེ། མ་འོངས་པར་ཁོ་རང་ཁྱིམ་ཚང་གི་འགན་ཁུར་ཕྲག་ཏུ་བཞེས་མཁན་གྱི་འཁོར་འཛིན་གཅིག་བྱེད་པ་ནི་ཁྱིམ་མིའི་རེ་འདོད་ཉག་གཅིག་ཡིན་ལ། དེ་ལྟར། ཨ་ཅེ་གནས་ལ་སོང་བའི་རྗེས་སུ་ཁྱིམ་གྱི་ལག་ལས་ཀར་འགྱུར་ལྡོག་བྱུང་སྟེ། ལོ་རིམ་ལྔ་བར་སོན་པའི་ཟླ་བའི་སློབ་འགྲིམས་ཀྱི་འདོད་མོས་དེ་ཤོག་བུ་སྣུམ་གྱིས་ཟིན་པ་ལྟར་ཡལ་བར་གྱུར་ཞིང་། ཨ་ཕའི་རེ་འདོད་ལྟར་སློབ་གྲྭ་ནས་སློབ་བྱོལ་བྱས་ཏེ་ལུང་སེར་ཁོག་ཞེས་པའི་ལྷིང་འཇགས་ཀྱི་རི་ལུང་འགྲིམས་ནས་མི་ཚེའི་སྐྱིད་སྡུག་ལ་གཏམ་རྒྱུད་ཀྱི་རི་མོ་བྲིས། དེ་ལྟ་མོད་ཀྱི། ཟླ་བས་རང་ཉིད་ཀྱི་ཕུགས་བསམ་དང་བརྩེ་དུང་གི་གོད་ཆགས་གདོང་གིས་བསུས་ཏེ། ནུ་བོ་བཀྲ་ཤིས་ཀྱི་སྐོམ་པས་ཆུ་འདོད་ལྟ་བུའི་སློབ་འགྲིམས་ཀྱི་ཕུགས་བསམ་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་བཏོན།
ཁོ་ཚོས་རང་རང་གི་ལས་དབང་གི་བཀག་རྒྱ་དང་བར་ཆད་ལ་རྒོལ་བའི་སྙིང་སྟོབས་རང་སེམས་ནས་སྦར་ཏེ། ཕ་མ་དང་ཁ་ཐག་རིང་བའི་མཁར་ཆེན་ལུང་བ་ནས་རང་རང་གི་ལས་དབང་ལ་གཤོག་པ་སྤྲད། དེ་བས་ཀྱང་། ནུ་བོ་བཀྲ་ཤིས་ཀྱི་ལས་དབང་དེ་ཀྱ་ཀྱོག་ལྡན་ཞིང་། ཁོས་ཨ་ཕའི་ཁ་དན་ཡིད་ལ་བཅངས་ནས་ཕུ་བོ་ཟླ་བར་ལུག་འཚོ་རོགས་བྱས། ལྷིང་འཇགས་ཀྱི་ཁོར་ཡུག་དེར་ཁོའི་རྨི་ལམ་དང་། ཕུགས་བསམ། སྙིང་སྟོབས་ཀྱིས་ཨ་ཁུའི་ཆེ་བའི་རེ་འདོད་བཞིན་དགོན་པར་སྐྱེལ་ནས་གྲྭ་རྒྱུན་སྐྱོང་བ་དང་། ཨ་ཁུ་ཆུང་བའི་འཁོར་འཛིན་བྱེད་པའི་འཐེན་ཁྱེར་ལ་རྒོལ་ནུས་ཤིང་། དེའང་། བཀྲ་ཤིས་ཀྱི་མི་ཚེའི་ལམ་ཕྲན་སྟེང་གི་བསམ་གཞིག་གི་ཁུར་བོ་ཞིག་ཡིན་ལ། འོན་ཀྱང་། ཁོས་ལོ་གཅིག་གི་དཀའ་བ་ཁྱད་དུ་བསལ་ནས་མཐར་རང་ཉིད་ཀྱི་དམིགས་པ་འགྲུབ་ཅིང་། སློབ་གྲྭའི་སྒོ་ཐེམ་འགྲིམས་ནས་རང་གི་ལས་དབང་ལ་ངོ་མཚར་གྱི་གཏམ་རྒྱུད་བྲིས།
ཟླ་བ་ཕུ་ནུ་གཉིས་ཀྱིས་ཕ་མའི་བླང་བྱ་དང་དུ་བླངས་ཏེ། ལུག་རྫི་འཚོ་སྐྱོང་གི་ཁག་འཁུར་ཕྲག་ཏུ་བླངས་ཤིང་། ལུ་གུ་བདག་གཉེར། མེ་སྦར་བ། ཁྱི་རྒན་གསོ་བ། ལུག་བལ་འབྲེག་པ། སྟོན་བསྡུ་བ་སོགས་ཁྱིམ་ཚང་ཞིག་གི་ལས་ཅི་རིགས་མ་སྐུལ་དང་བླངས་ཀྱིས་ལག་ལེན་དུ་སྟར་ཞིང་། ལས་ཚེགས་དེ་རིགས་འགན་འཁུར་ཞིག་ཏུ་བསམ་སྟེ་ལེགས་འགྲུབ་ཐུབ་པ་དེ་ནི་ཆེས་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། ཡང་ཅིག་བཤད་ན། བྱིས་པ་ནི་ཁྱིམ་ཚང་དང་མི་རིགས། རྒྱལ་ཁབ་གང་དེའི་མ་འོངས་པའི་གདུང་འདེགས་ཀྱི་ཀ་བ་དང་རེ་བ་ཡིན་པས་ན། བྱིས་པའི་ཕྲག་སྟེང་གི་ཁག་འཁུར་ནི་ཁྱིམ་ཚང་དང་མི་རིགས་ཤིག་གི་འཚོ་གནས་ཀྱི་ལས་དབང་དང་འབྲེལ་ཞེས་བརྗོད་པར་གཏུབ། རེད་དེ། ཐུ་བྷོད་བཙན་པོའི་དུས་སྐབས་ཀྱི་དཀའ་བ་དང་ཚ་གྲང་གི་སྡུག་སྔལ་གདོང་གིས་བསུས་ནས་རྒྱ་གར་འཕགས་པའི་ཡུལ་དུ་བསྐྱོད་པའི་བྱིས་པ་དེ་དག་གི་ལོ་པཎ་སྙིང་སྟོབས་དང་། མདོ་སྨད་ཤར་མཐའི་རོང་མ་འབྲོག་ཁུལ་དུ་འཚོ་གཞེས་པའི་ཟླ་བ་ཕུ་ནུ་གཉིས་ཀྱིས་འབྲོག་ལས་དང་ཞིང་ལས་གཉིས་ཀྱི་ལས་འགན་གཅིག་ལྕོགས་སུ་གཞེས་པའི་འཚོ་གནས་སྙིང་སྟོབས། ཁྱིམ་ཚང་གི་ཁག་འཁུར་ཕྲག་ཏུ་གཞེས་པའི་བྱིས་པ་འདི་ལྟ་བུ་ག་ཙམ་ཡོད་ཨང་། མ་འོངས་པའི་ཆར། ཟླ་བ་ཕུ་ནུ་ལྟ་བུའི་ལས་གང་ཞིག་གི་ཁག་འཁུར་ཕྲག་ཏུ་གཞེས་ཐུབ་མཁན་ག་ཙམ་ཡོད་ཨང་། ལྷིང་འཇགས་དང་བྲལ་བའི་ཁོར་ཡུག་གཅིག་ནས་ལུག་རྫི་འཚོ་སྐྱོང་སོགས་ཀྱི་འབྲོག་ལས་དང་། སྟོན་བསྡུ་སོགས་ཀྱི་ཞིང་ལས་ལ་འཇོན་པའི་བྱིས་པ་ཞིག་ཡོད་སྲིད་དམ། ཁྱིམ་ཚང་ཞིག་གི་ལས་ཅི་རིགས་ཕྲག་ཏུ་གཞེས་ཐུབ་མཁན་གྱི་བྱིས་པ་ག་ཙམ་ཡོད་ཨང་། རེད་དེ། ད་དུང་ཟླ་བ་ཕུ་ནུ་གཉིས་ཀྱི་སྙིང་སྟོབས་དང་སེམས་ཁྲལ། ལས་དབང་སོགས་ཚིག་ཚོགས་ཀྱི་ངལ་བ་སྐྱུང་ཕྱིར་རིགས་བསྒྲེ་བར་བྱའོ།།
ཅོ་ནེ་ཡུམ་ཚེ་རིང་ལགས་ཀྱི་སྒྲུང་རིང《སྤྲིན་གྱི་རྫི་བོ》ནི་བོད་ཀྱི་སྒྲུང་རིང་གསར་རྩོམ་ཐད་ཀྱི་ལམ་ཚད་རྡོ་རིང་ཞིག་ཏུ་མཐོང་། རང་རེའི་སྔ་མའི་བྱིས་སྒྲུང་གི་ནང་དོན་ནི་ལྷ་ཆོས་རིག་གནས་ཀྱི་ཞེད་སྟུག་ཅིང་། དེའང་། བྱིས་པའི་བློ་ཁ་དང་ཁ་ཐག་རིང་སར་གནས་ཡོད་ལ། ཕྱིས་ཀྱི་བྱིས་སྒྲུང་དག་ཀྱང་གླུ་བརྒྱ་གདངས་གཅིག་ཏུ་འཁུམས།《སྤྲིན་གྱི་རྫི་བོ》ནི་བྱིས་པའི་མཐོང་སྣེ་ནས་དོན་བརྗོད་དང་བློས་བསླངས། ཞིབ་འབྲི་བྱས་པས་བྱིས་པའི་བློ་ཁ་དང་འཚམ་ཞིང་། སྒྱུ་རྩལ་གྱི་མཚོན་ཐབས་དང་། དོན་བརྗོད་བྱེད་སྟངས་སོགས་བྱིས་པས་དང་ལེན་བྱེད་ཐུབ་པའི་ངེས་ཤེས་འདྲོངས་ནུས།
དུས་ཚོད་ཀྱི་གཙང་ངོགས་ན་རྦབ་རྡོ་བཞིན་འགྲིལ་གྱིན་ང་ཚོས་རང་ཉིད་ཀྱི་འཚོ་གནས་ལ་གཅེས་སྤྲས་དང་། དུས་རབས་ཀྱི་བརྡབ་གསིག་བར་ན་རུལ་གྱིན་ང་ཚོས་རང་ཉིད་ཀྱི་བསྟི་གནས་ལ་བདག་སྐྱོང་བྱེད་དགོས་ལ། མི་སའི་བར་གྱི་འཆམ་མཐུན་དང་འབོད་པར་ཕྱོགས་ནས། བྱམས་དང་བརྩེ་བས་མི་ཡུལ་ཁམས་ལ་རྟག་བརྟན་གྱི་རི་མོ་འབྲི། ཡང་གཅིག་བཤད་ན། ང་ཚོའི་མི་རབས་འདིས་ཟླ་བ་ཕུ་ནུའི་ལུག་རྫི་འཚོ་སྐྱོང་ལྟར་རང་རིགས་ཀྱི་རིག་གནས་དང་གོམས་སྲོལ་བཟང་པོ། ཕ་ས་དྲོན་མོར་བདག་སྐྱོང་བྱེད་ནུས་པའི་རྫི་བོ་དགའ་ཞིག་བྱེད་དགོས་པ་སྨྲས་ཅི་དགོས། དེ་བས་ཀྱང་། ལུང་སེར་ཁོག་ཁོ་ནའི་ལུག་རྫི་མིན་པར་བོད་ཡུལ་བྱིངས་ཀྱི་རྫི་བོ་དང་། དུས་རབས་ཤིག་གི་རྫི་བོ་ལྟ་བུར་གྱུར་བའི་ཟླ་བ་ཕུ་ནུ་ལྟ་བུ་བྱས་ཏེ། རང་རིགས་ཀྱི་ངོ་མཚར་གྱི་བྱུང་བ་དང་འཚོ་གནས་རྣམ་པ་དེ་གཏམ་རྒྱུད་ལྟ་བུར་མི་འགྱུར་ཤ་འབད་རུས་འབད་བྱེད་དགོས་ལ། ཕྱི་རབས་པའི་དྲན་ངོགས་སུ་ད་ལྟའི་ང་ཚོའི་འཚོ་གནས་རྣམ་པ་འདི་གནའ་གཏམ་ལྟ་བུར་མི་འགྱུར་བར་རང་ཚུགས་ཅན་གྱི་དུས་རབས་ཀྱི་རྫི་བོ་ཞིག་བྱེད་དགོས་སོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།