༄༅།།ཡིད་དབང་འགུག་པའི་མིག་ཟུང་།

རྩོམ་པ་པོ།:སྐལ་བཟང་དགྲ་འདུལ་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-22 10:29:45 ཀློག་གྲངས།:
ཡིད་དབང་འགུག་པའི་མིག་ཟུང་།
པཱ་ཅིན་གྱིས་བརྩམས།
སྐལ་བཟང་དགྲ་འདུལ་གྱིས་བསྒྱུར།
གྲང་རླུང་རིམ་བཞིན་འཇགས་མོད་མཐའ་འཁོར་གྱི་མཁའ་དབུགས་སྔར་བཞིན་གྲང་མོར་སྣང་། མུན་པ་རིམ་བཞིན་རུབ་པ་དང་ནམ་གུང་ཡོང་སྐྱ་ཐང་ཐང་དུ་གྱུར་ཞིང་། རྡོ་གཅལ་གཏིང་བའི་སྒོ་ར་ཆེན་པོ་དེའི་ནང་ཁ་བས་གཡོགས་གཡོགས་པ་དང་། སྒོ་རའི་དཀྱིལ་གྱི་ནར་དབྱིབས་ཀྱི་རྡོ་གཅལ་ལམ་བུ་དེའི་གཡས་གཡོན་དུ་བཞག་པའི་མེ་ཏོག་བུམ་པའི་ནང་གི་དཔྱིད་མགོའི་མེ་ཏོག་གི་ཡལ་གར་ཁ་བས་ཡོངས་སུ་བཀླུབས་འདུག རྗེའུ་མིན་གྱི་གོམ་པའི་འདེགས་འཇོག་གཡོན་གྱི་ཐབ་ཚང་གི་རྡོ་སྐས་སྟེང་སྤོས་མ་ཐག ཐོག་ཁའི་སྒེའུ་ཁུང་ནང་ནས་ཡིད་འོང་གི་གཞོན་ནུ་མ་ཞིག་གིས་སྲས་སྐུ་ཞབས་རྣམ་གཉིས་ཞལ་ལག་གཏང་བ་དང་སྐབས་ཡག་པོ་ཅིག་ཕེབས་སོང་། མགྱོགས་པོ་ཕེབས་དང་། གཟིམ་ཤག་ཏུ་ད་དུང་སྐུ་མགྲོན་ཡང་ཕེབས་འདུག་ཅེས་བཅུ་དྲུག་གི་ལང་ཚོ་ཡོངས་སུ་སྨིན་པ་དང་། ལྡེམ་མྱུར་དོད་པའི་ལུས་ལ་སྲིན་བལ་གྱི་གོས་ལ་སྔོན་པོ་ཞིག་སྤྲས་ཤིང་། རང་བྱུང་གི་སྐྲ་ལོ་རྣམས་ལྟག་རྒྱབ་ཏུ་ལྕང་ལོའི་ལན་བུ་གཅིག་ཏུ་འཕྱངཞིང་། འཛུམ་པའི་ཚེ་ན་ཆེད་དུ་རྒྱན་པ་ལྟར་གྱི་མཛེས་ཀོང་གཉིས་མཁུར་ཚོས་ཀྱི་སྟེང་ལས་ཕྱིར་མངོན་པས། ཡིད་འོང་གི་ན་གཞོན་མ་དེ་ནི་གཞན་མ་ཡིན་པར་གཟིམ་ཤག་གི་གཡིག་མོ་མིང་ཕང་རེད། ཁོ་མོའི་ལང་ཚོའི་གཟི་ཤུགས་འབར་བའི་འདྲེན་བྱེད་ཟུང་ཁོང་གཉིས་ལ་བལྟ་བཞིན། རྗེའུ་ཧུའི་ཡིས་ཁོ་མོར་བལྟས་ནས་དགོད་ཙམ་བྱས། རྗེའུ་མིན་གྱིས་སྐད་ཤུགས་ཆེན་པོས་ང་གཉིས་གྱོན་གོས་བརྗེས་ནས་ལམ་སེང་སླེབས་ཡོང་ཞེས་བཤད་རྗེས་ཁོ་མོར་བལྟ་ཙམ་ཡང་མ་བྱས་པར་ཁང་པའི་ནང་འཛུལ། རྗེའུ་ཧུའི་ནི་སྔར་བཞིན་སྒོ་ཁར་ལངས་ནས་མིང་ཕང་། མགྲོན་པོ་སུ་སླེབས་འདུག་གམ་ཞེས་དྲིས་པས་ཁོ་མོས་ལྕམ་ཀྲང་ལགས་དང་སྲས་མོ་ཇིན་ལགས་ཕེབས་འདུག་ཅེས་བཤད་རྗེས་ཁ་ཕྱིར་བསྐོར་ནས་ཐོག་ཁང་ནང་འཛུལ། རྗེའུ་ཧུའི་ཡིས་ཁོ་མོའི་མཛེས་སྡུག་གི་རྒྱབ་གཟུགས་ལ་བལྟ་བཞིན་དགོད་ཙམ་བྱས་རྗེས་གཞི་ནས་རང་ཉིད་ཀྱི་མལ་ཁང་ནང་འཛུལ། སྐབས་དེར་རྗེའུ་མིན་ཁང་པའི་ནང་ནས་མར་ཐོན་ཡོང་སྟེ་ཁྱེད་རང་ད་དུང་ཀ་ཀོར་བྱེད་ཀྱིན་བསྡད་ཚེ་ཁ་ལག་གྲང་གི་རེད་ཅེས་བཤད་དེ་ཕྱིར་ཐོན་པས། རྗེའུ་ཧུའི་ཡིས་ལམ་སེང་ཉི་གདུགས་ཁང་པའི་ནང་གཡུགས་ཏེ། དེ་ལྟར་ཡིན་ན་ང་ཡང་ཁྱེད་རང་དང་མཉམ་དུ་ཡོང་གི་ཡིན་ཞེས་གྱོན་གོས་ཀྱང་མ་བརྗེས་པར་རྗེའུ་མིན་དང་མཉམ་དུ་ཡོང་བས། རྗེའུ་མིན་གྱིས་འཛུམ་བཞིན་མི་འདོད་པའི་ངང་། ་ཁྱེད་རང་རྟག་པར་ཉན་ཡས་མེད་པ་འདི་འདྲ། ངོ་མ་རི་བོ་འགུལ་སླ། རང་གཤིས་བཅོས་དཀའ། ཟེར་བ་དེ་རང་རེད་ཅེས་བཤད་དེ་སླར་ཁ་ཕྱིར་བསྐོར་ནས་ཁང་པའི་ནང་འཛུལ་ཏེ། ས་སྟེང་ལས་ཉི་གདུགས་ཡར་བསྒྲུགས་རྗེསགཟབ་ནན་གྱིས་ངང་བཞག་པས། རྗེའུ་ཧུའི་ཡིས་གཅེན་པོའི་བྱེད་ཚུལ་ལ་བལྟ་བཞིན་དགོད་ཙམ་བྱས་ཏེ། རྣམ་ཀུན་ཁྱེད་རང་གིས་ང་ལ་མགྱོགས་ཙམ་བྱེད་དགོས་ཅེས་བཤད་ཚེ། ངས་དེ་ལས་ལྡོག་སྟེ་ཁྱེད་རང་གི་དུས་ཚོད་ནར་འགྱངས་བཟོ་སྲིད་ཅེས་བཤད་པས། རྗེའུ་མིན་གྱིས་དགོད་བཞིན་ངས་ཁྱེད་རང་གི་ཁ་གཏད་གཅོག་ཐུབ་པ་མིན་འདུག་ཅེས་བཤད་དེ་མདུན་ལ་སོང་བ་དང་། རྗེའུ་ཧུའི་ཡིས་ཁོའི་རྗེས་ལ་འབྲངས་བཞིན། ཁོའི་དྲན་ཤེས་ཀྱི་མེ་ལོང་ངོས་ཡིད་འོང་གི་ན་གཞོན་མ་དེའི་སྣང་བརྙན་རབ་རིབ་ཁོ་ན་འཆར་ཡོང་། ཁོང་གཉིས་ཐོག་ཁར་སླེབས་པ་དང་། མིག་མདུན་དུ་མངོན་པའི་ཡུལ་ལྗོངས་གསར་པ་དེས་ད་ཆའི་དྲན་ཤེས་ངོས་ཀྱི་སྣང་བརྙན་ཀུན་གློ་བུར་ཡལ། དེ་ཡང་ཐོག་ཁང་གི་སྒྲོག་ཙེ་ནར་མོ་དེའི་མཐའ་ལ་གོང་ནས་རྩིས་པའི་ཁོང་གཉིས་ཀྱི་མ་ཚབ་ཀྲའུ་ཧྲི་དང་། ཀྲང་ཚང་གི་ལྕམ་ཀྲང་ལགས་གཡོན་དུ་ཀྲང་ཚང་གི་སྲས་མོ་ཇིན་ལགས། དེའི་གཤམ་དུ་གཅེན་པོ་རྗེའུ་ཤིན་གྱི་བཟའ་ཟླ་ཨ་ཅག་ལི་རུའི་ཡུའི་དང་། གཅེན་པོ་རྗེའུ་ཤིན། གཅུང་མོ་ཧྲུའུ་ཧའོ་བཅས་འཁོད་ཅིང་། གཡས་སུ་རྐུབ་སྟེགས་གཉིས་སྟོང་པར་ལུས་འདུག རྗེའུ་མིན་གཅེན་གཅུང་གཉིས་པོས་སྔོན་ལ་ལྕམ་ཀྲང་ལགས་ལ་ཁམས་བདེ་གུས་འདུད་དང་། དེ་རྗེས་སྲས་མོ་ཇིན་ལ་འཚམས་ཞུ་བྱས་རྗེས་རྐུབ་སྟེགས་སྟོང་པ་དེ་གཉིས་ཀྱི་སྟེང་མར་བསྡད་པ་དང་། གཡོག་མོ་ཨ་ཅག་ཀྲང་ལགས་ཀྱིས་ཁོང་གཉིས་ལ་ཞལ་ལག་བཀྱག་ཡོང་བ་དང་སྦྲགས་མ་ཚབ་ཀྲའུ་ཧྲི་ཡིས་ཁོང་གཉིས་ཀྱི་ཕོར་པ་འདེགས་བཞིན། ཞི་འཇམ་གྱི་ངང་ཁྱེད་ཚོ་དེ་རིང་ཕྱིས་པོ་འདི་འདྲ་གང་རེད་དམ། དེ་རིང་ལྕམ་ཀྲང་ལགས་ཕེབས་པས་སྐུ་རྩེད་གནང་སྟེ་ཁ་ལག་གི་དུས་ཚོད་ཅུང་ཟད་འགྱངས་བ་མ་གཏོགས། རྣམ་ཀུན་ཡིན་ན་རང་ཚོ་ཁ་ལག་སྔ་ས་ནས་བཟས་ཚར་ཏེ། ཁྱེད་གཉིས་ལ་ཁ་ལག་རག་གི་མ་རེད་ཅེས་བཤད་པས་རྗེའུ་མིན་གྱིས་དེ་རིང་དགོང་དྲོ་སྐུ་ཞབས་ཀྲུའུ་ལགས་ཀྱིས་འཁྲབ་ཁྲིད་གནང་སྟེ། འཁྲབ་སྦྱོང་བྱས་པས་ཕྱིར་ལོག་དུས་ཕྱིས་པོ་ཆགས་སོང་ཞེས་བཤད་པ་དང་། ལྕམ་ཀྲང་ལགས་ཀྱིས་ཁོང་གཉིས་ལ་སེམས་འཁུར་དང་འཚམས་འདྲིའི་ཚུལ་གྱིས་ད་གིན་ཁ་བ་ཆེན་པོ་བབས་ཏེ། གྲང་ངར་ཧ་ཅང་ཆེ་བས་ཁྱེད་གཉིས་ཕེབས་བྱམས་ལ་བསྡད་ནས་ལོག་ཡོང་བ་ཡིན་ནམ་ཞེས་དྲིས་པས། རྗེའུ་ཧུའི་ཡིས་ཕེབས་བྱམས་ཞེས་པའི་ཚིག་དེ་གོ་བ་དང་ལམ་སེང་བྲེལ་འཚབ་ངང་ང་ཚོ་ཕེབས་བྱམས་ལ་སྡོད་པའི་གོམས་གཤིས་མེད་པས་རྐང་ཐང་ལ་ལོག་ཡོང་བ་ཡིན་ཞེས་བཤད་པས། གཅེན་པོ་རྒན་པ་རྗེའུ་ཤིན་གྱིས་དགོད་བཞིན་གཅུང་པོ་ཆུང་བ་མི་ཆོས་རིང་ལུགས་རྣམ་དག་ཅིག་ཡིན་པས། ཕེབས་བྱམས་ལ་བསྡད་ཚེ་གཞན་གྱིས་རྒྱབ་བཤད་གཏང་བར་ཞེད་ཀྱི་ཡོག་རེད་ཅེས་བཤད་པས་དེར་ཡོད་ཀྱི་མི་ཚང་མ་གད་མོ་ཤོར་ཕྱི་ལོགས་སུ་ཁ་བ་བབས་མཚམས་ཆད་ཅིང་། རླུང་བུ་ཡང་རྒྱག་མཚམས་ཆད་པས་གྲང་ངར་དེ་ཙམ་མེད་ལ། མ་ཟད་ང་གཉིས་ཁ་བརྡ་གློད་ཀྱིན་མགྱོགས་པོ་སླེབས་བྱུང་ཞེས་རྗེའུ་མིན་གྱིས་འཚེར་སྣང་ངང་ལྕམ་ཀྲང་ལ་དེ་ལྟར་ལན་བཏབ་པ་དང་།    རྗེའུ་མིན་ལས་ཟླ་བ་ཁ་ཤས་ཀྱིས་ཆུང་བའི་ཇིན་གྱིས་ཁོང་གཉིས་ཀྱི་གཏམ་ལྒིང་ལ་སྤྲོ་བ་འཕེལ་བ་ལྟར་བྱས་ན་ཁྱེད་ཚོའི་དེ་རིང་གི་འཁྲབ་སྦྱོང་གི་ལེ་ཚན་དེ་རིག་རྩལ་འཁྲབ་སྟོན་སྐབས་འཁྲབ་སྟོན་བྱེད་ཡས་རེད་དམ་ཞེས་དྲིས། དེ་ཡང་ཁོ་མོའི་མིང་དངོས་ལ་ཀྲང་ཡུན་ཧའོ་ཟེར་བ་དང་། ཁོ་མོ་སྤྱང་གྲུང་དོད་ལ་མཛེས་སྡུག་ལྡན་པ་ཞིག་ཡིན་པས། ཀའོ་ཚང་གི་མི་ཚང་མས་ཇིན་ཞེས་ཁོ་མོའི་གཅེས་མིང་ནས་འབོད་ཅིང་ཁོ་མོ་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁོ་མོ་ད་ཆ་ཞིང་ཆེན་བུད་མེད་དགེ་འོས་སློབ་གྲྭའི་ལོ་རིམ་གསུམ་པའི་ཕྱིར་སྡོད་སློབ་མ་ཡིན་སློབ་དུས་འདི་མཇུག་སྒྲིལ་ལ་ཉེ་བས་སློབ་ལོ་གསར་པ་ཚུགས་སྐབས་འཁྲབ་སྟོན་བྱེད་ཀྱི་རེད་རྗེའུ་མིན་གྱིས་ཇིན་ལ་གཏད་དེ་དེ་ལྟར་ལན་བཏབ་པ་དང་སྦྲགས། སླར་གཅུང་མོ་ཁྱེད་ཚོའི་སློབ་གྲྭའི་གུང་གསེང་གཏོང་གྲབས་ཡོད་དམ་ཞེས་དྲིས་པས། ཇིན་གྱིས་ལག་ནང་གི་ཕོར་པ་མར་བཞག་སྟེ། ང་ཚོ་གཟའ་འཁོར་སྔོན་མར་གུང་གསེང་གཏང་ཚར་བ་རེད་གོ་ཐོས་ལ་དེ་ནི་སློབ་གྲྭའི་གྲོན་དངུལ་མི་འདང་བའི་རྐྱེན་གྱིས་ཡིན་པ་འདྲ་ཇིན་གྱིས་དེ་ལྟར་བཤད་པ་དང་། རྗེའུ་མིན་གྱིས་ལག་ནང་གི་ཕོར་པ་མར་བཞག་སྟེ། གཡོག་མོ་མིང་ཕང་གི་ལག་ནས་ཕྱིས་རས་ཚུར་བསླངས་ཏེ་ལག་པ་འཕྱིས་ཞོར་ད་ཆ་སློབ་གསོའི་གྲོན་དངུལ་ཚང་མ་དམག་རྒྱག་གི་གྲོན་དངུལ་དུ་སྤྱད་པས་སློབ་གྲྭ་ཚང་མ་སྐྱོ་པོ་ཤ་སྟག་རེད། ཡིན་ནའི་ང་ཚོའི་སློབ་སྤྱི་དང་ཞིང་ཆེན་དམག་སྤྱི་གཉིས་དབར་འབྲེལ་བ་ལེགས་པས། སློབ་གྲྭའི་གྲོན་དངུལ་ཐད་དཀའ་ངལ་དེ་ཙམ་མེད་པར་སློབ་གྲྭས་མུ་མཐུད་ཕྱི་རྒྱལ་གྱི་སློབ་སྟོན་པར་ཕོགས་ཐོབ་དུས་ཐོག་ཏུ་སྤྲོད་རྒྱུའི་གྲོས་མཐུན་བཞག་ཐུབ་པ་བྱུང་སྟེ། སློབ་གྲྭ་ཚུགས་རྒྱུར་འགན་ལེན་ཐུབ་ཀྱི་ཡོད་རྗེའུ་མིན་གྱིས་དེ་ལྟར་ཤོད་བཞིན་ལག་པ་ཕྱིས་ཟིན་པའི་ཕྱིས་རས་དེ་གཡོག་མོ་མིང་ཕང་ལ་ཕར་བསྲིངས།  དེ་ལྟར་བྱུང་ན་ཡག་པོ་རེད་དཔེ་དེབ་ཀློག་རྒྱུ་ཁོ་ན་ལས་གཞན་པའི་སེམས་ཁྲལ་བྱེད་དགོས་མེད་རྗེའུ་ཤིན་གྱིས་རྗེའུ་མིན་དང་ཇིན་གྱི་ཁ་བརྡའི་བར་དུ་དེ་ལྟར་བཤད། ངའི་དྲན་ཤེས་འདི་ཡིན་ན་ཁོང་གཉིས་ཡང་སྙིང་སློབ་གྲྭ་གང་དུ་འགྲོ་ཡི་ཡོད་དམ་ལྕམ་ཀྲང་ལགས་ཀྱིས་གློ་བུར་ཇིན་ལ་དེ་ལྟར་དྲིས། ཨ་མ་ལགས། ཁྱེད་རང་ཡིན་ན། ངས་སྔ་ས་ནས་ཁོང་གཉིས་ཕྱི་རྒྱལ་སྐད་ཡིག་ཆེད་སྦྱོང་སློབ་གྲྭར་འགྲོ་ཡི་ཡོག་རེད་ཅེས་ཞུས་མ་བྱུང་ངམ་ཞེས་བཤད་པས་ཨོའོ། ཏག་ཏག ད་ངས་དྲན་སོང་། ད་ཆ་ང་ལོ་ན་རྒས་ཏེ་འདི་འདྲ་རེད་བཞག།  ད་གིན་渡་ཅང་རྩེད་སྐབས་ཀྱང་འདི་ལྟར་རེད་ལྕམ་ཀྲང་ལགས་ཀྱིས་དགོད་བཞིན་དེ་ལྟར་བཤད། སྐབས་དེར་ཚང་མ་ཞལ་ལག་གྲུབ་་་ནས་ཕྱི་རས་ཀྱིས་ངོ་གདོང་ཕྱིས་བཞིན་འདུག། མ་ཚབ་ཀྲའུ་ཧྲི་ཡིས་ལྕམ་ཀྲང་ལགས་ལ་གཏད་དེ་་གཅུང་མོ་ཀྲང་ལགས་བྱས་ན་ང་ཚོ་མུ་མཐུད་སྐུ་རྩེད་རྩེད་ན་ཞེས་རྒྱབ་བསྙེས་ཀྱི་རྐུབ་བཏེགས་ལས་ཡར་ལངས་ནས་འཁྲིས་ཀྱི་ཁང་པ་དེའི་ནང་འཛུལ། རྗེའུ་མིན་གྱིས་ཇིན་གྱི་རྣ་འགྲམ་དུ་སྐད་ཤུགས་ཆུང་ངུས་གཅུང་མོ་ཇིན་ལགས། ང་ཚོའི་སློབ་གྲྭས་ཕྱིས་ལོའི་སློབ་ལོ་གསར་པ་ནས་སློབ་ཕྲུག་བུ་མོ་བསྡུ་རྒྱུ་རེད་འདུག་ཅེས་བཤད། གློ་བུར་གྱི་གཏམ་བཟང་དེས་ཁོ་མོ་རེ་ཞིག་ཧ་ལས་ཤིང་། ཁོ་མོའི་གདོང་ལས་དགའ་སྤྲོའི་འོད་སྣང་གིས་ཡོངས་སུ་གང་བ་དང་། རེ་བའི་མིག་གཉིས་ཁོའི་གདོང་ལ་གཅེར་ཞིང་། ཧ་ལམ་རིན་བྲལ་གྱི་ནོར་བུ་གང་ཞིག་ཐོབ་པ་དང་མཚུངས། སྐབས་དེར་ཁོ་མོས་རང་གི་རྣ་བར་ཡིད་མ་ཆེས་པ་ལྟར་དངོས་གནས་ཡིན་ནམ་ཞེས་བསྐྱར་འདྲི་བྱས་པས་རྗེའུ་མིན་གྱིས་སྒམ་ནན་ངང་ངས་ཁྱེད་ལ་སྐྱག་རྫུན་བཤད་མྱོང་ངམ་ཞེས་བཤད་རྗེས་རྗེའུ་ཧུའི་ལ་བལྟ་ཙམ་བྱས་ཏེ་གལ་ཏེ། ཡིད་མ་ཆེས་ན་གཅུང་པོ་ལ་དྲིས་དང་ཞེས་བཤད་པས། ཇིན་གྱིས་སེམས་འགུལ་དང་སྤྲོ་སྣང་གིས་རབ་ཏུ་ཁེངས་བཞིན་པའི་ངང་ངས་ཁྱེད་རང་ལ་ཡིད་མ་ཆེས་པ་མ་ཡིན་པར་གསར་འགྱུར་དེ་ནི་དེ་འདྲའི་གློ་བུར་བ་ཞིག་བྱུང་ཞེས་བཤད། གཅུང་པོ་རྗེའུ་ཧུའི་ཡིས་ཇིན་གྱི་དགའ་སྤྲོའི་ཉམས་ལ་བལྟ་བཞིན་མ་གཞི་གནད་དོན་དེ་ཡོད་རྒྱུ་ཡོག་རེད། ཡིན་ནའི་ང་ཚོ་སི་ཁྲོན་གྱི་སྤྱི་ཚོགས་ནང་ལུགས་སྲུང་པ་ཧ་ཅང་མང་ཞིང་། ཁོ་ཚོའི་སྟོབས་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡིན་པས། སློབ་ཕྲུག་ཕོ་མོ་མཉམ་བསྡུས་ཀྱི་སློབ་གྲྭ་གཉེར་རྒྱུ་ནི་ཁོང་ཚོའི་རྨི་ལམ་དུ་ཡང་འཁོར་མི་སྲིད་པས་ཁོང་ཚོས་ངོ་རྒོལ་དྲག་པོ་བྱེད་སྲིད། བྱས་ཙང་དོན་དེ་དངོས་སུ་དོན་འཁྱོལ་ཐུབ་མིན་ད་ཆ་ཤོད་ཚོད་ཐིག་ཁག་པོ་རེད་ཅེས་རྗེའུ་ཧུའི་ཡིས་ཁོང་ཁྲོའི་ངང་དེ་ལྟར་བཤད་པས་ཇིན་གྱི་སེམས་ལ་ཡིད་ཆད་ཅུང་ཟད་སྐྱེས། རྗེའུ་མིན་གྱིས་ཇིན་གྱི་བསམ་ཚུལ་དེ་ཤེས་པ་ལྟར་ཁོ་མོའི་གདོང་ལ་བལྟ་ཙམ་བྱས་ཏེ་འཕྲལ་མར་ཡིན་ནའི་སློབ་སྤྱིས་དེ་ལྟར་ཐག་བཅད་ཟིནཔ་མ་ཟད་ཁོང་གི་སྲས་མོ་ཨང་དང་པོར་མིང་བཀོད་རྒྱུགས་ལེན་ནང་ཞུགས་རྒྱུ་ཡིན་ཞེས་གསུངས་མྱོང་བས་དོན་དེར་སེམས་ཁྲལ་བྱེད་དགོས་མེད་ཅེས་བཤད་པས་ཇིན་ལ་སླར་ཡང་བློ་སྟོབས་འཕེལ་ཞིང་སེམས་འགུལ་རབ་ཏུ་ཐེབ་པའི་ངང་ང་ཨང་དང་པོར་མིང་བཀོད་བྱ་རྒྱུ་ཡིན་ཞེས་རླབས་ཆེ་བའི་ཕུགས་བསམ་དེར་རྒྱབ་སྐྱོར་གྱི་ཚུལ་བསྟན། སྐབས་དེར་ཁང་པ་སྦུག་མ་ནས་ལྕམ་ཀྲང་ལགས་ཀྱིས་ཇིན་ཇིན་ཁྱེད་ཚོ་ཡར་འཛུལ་མ་ཡོང་བར་སྐད་ཆ་གང་བཤད་ཀྱི་ཡོད་དམ་ཞེས་དྲིས་པས། རྗེའུ་མིན་གྱིས་སྐད་ཤུགས་ཆུང་ངུས་ཇིན་ལ་ཁྱེད་རང་ང་ཚོ་དང་མཉམ་དུ་རྩེད་མོ་རྩེད་བར་འགྲོ་གི་ཡིན་ཞེས་ཞུས་དང་། ངས་ཁྱེད་ལ་གནས་ཚུལ་དེ་ཞིབ་ཕྲ་བཤད་ཆོག་ཅེས་བཤད། ཇིན་གྱིས་མགོ་བོ་ལྕོག་ལྕོག་བྱས་ནས་ཁང་པ་སྦུག་མར་འཛུལ་ཏེ། ལྕམ་ཀྲང་གི་རྣ་བར་ཤབ་ཤུབ་ཀྱི་ངང་སྐད་ཆ་ཚིག་ཁ་ཤས་བཤད་པ་དང་། ལྕམ་ཀྲང་ལགས་ཀྱིས་འཛུམ་བཞིན་བྱས་ན་ཡོང་ང་ཡིན་ནའི་ཕྱིས་པོ་མ་སྡོད་ཞེས་བཤད་པས་ཇིན་གྱིས་མགོ་བོ་ལྕོག་ལྕོག་ངང་རྗེའུ་མིན་སྤུན་མཆེད་གཉིས་དང་མཉམ་དུ་ཕྱིར་སོང་བ་དང་། ཁང་པ་སྦུག་མ་ནས་སླར་སྒྲོག་ཙེའི་སྟེང་མཱ་ཅང་རྩེད་བའི་སྒྲ་ཐོས་ཡོང་བས་ཇིན་གྱིས་བསམ་པར་ཨ་མ་ལགས་ཁོང་ཉུང་མཐར་རྩེད་སྐོར་ཁ་ཤས་རྩེད་སྲིད་སྙམ་ནས་བློ་སེམས་ལྷོད་ལ་བབ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།