༄༅།།ཨ་སྐྱབས་དར་རྒྱས་ཀྱི་བརྩམས་སྒྲུང་གསར་པ《སྔངས་སྐྲག》ཅེས་པ།

རྩོམ་པ་པོ།:ཨ་སྐྱབས་དར་རྒྱས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-02-17 11:23:43 ཀློག་གྲངས།:
2020ལོའི་དཔྱིད་ལོ་སར་ལ་ཉེ་བའི་སྐབས་འདིར། གསེར་ལུང་སྡེ་བ་ཡང་ཝུའུ་ཧན་གྱི་གློ་ཚད་འཇའ་ཡལ་མས①འུར་ཟིང་ངེར་བཏང་།
གཡུ་སྒྲོལ་མ་སྨད་དང་ཨ་ཁུ་རིག་སེང་བཅས་ནི་དཔྱིད་ལོ་སར་ལ་ཉེ་བའི་ཡར་སྔོན་དུ་ལྷ་སར་སོང་། ལྷ་ས་ནི་བོད་མི་དད་ལྡན་ཞིག་ལ་མཚོན་ན། གནའ་ནས་ད་བར་ཚེ་གང་ལ་མ་སོང་ཐབས་མེད་ཀྱི་ས་ཆ་དེ་ཡིན་ལ། དབུས་མཇལ་ལ་འགྲོ་བ་ནི་བོད་མི་ཞིག་གི་མི་ཚེའི་ནང་ཆེས་དོན་སྙིང་ལྡན་པའི་ལས་ཀ་དེ་ལོས་ཡིན། གཡུ་སྒྲོལ་མ་སྨད་དབུས་མཇལ་ལ་འགྲོ་བར་དེ་བས་ཀྱང་དམིགས་བསལ་གྱི་དོན་སྙིང་ལྡན།
ཟླ་གཉིས་ཀྱི་སྔོན་དུ། གཡུ་སྒྲོལ་གྱི་ཁྱོ་ག་ནི་གློ་གཅོང་གིས་ཚེ་ལས་འདས་སོང་ལ། ཤུལ་ཏུ་ལོ་བཅུ་ལ་སོན་པའི་བུ་ཞིག་དང་གཡུ་སྒྲོལ་ནི་ཁྱི་རྒན་ས་སྟོང་དུ་ལུས་པ་བཞིན་ལྷག་སོང་། ཁྱོ་ག་བླ་བདེ་བོའི་ཤི་ཆོས་བསྒྲུབས་རྗེས། ཨ་ཞང་རིག་སེང་གི་འཆར་གཞི་ལྟར་ཁྱོ་ག་བླ་བདེ་བོའི་རུས་པ་བཟུང་ནས་དབུས་མཇལ་ལ་འགྲོ་རྒྱུར་ཐག་བཅད། མ་གཞི་གཡུ་སྒྲོལ་ལ་ཁྱོ་ག་བླ་བདེ་བོའི་ཤི་ཆོས་བསྒྲུབས་རྗེས།ལྷ་སར་འགྲོ་བའི་སྒོར་མོ་ཞིག་ལྷག་མེད་ཀྱང་ཨ་ཞང་རིག་སེང་གིས“ང་ཚོ་ནི་ཤི་བོའི་རྒྱབ་ཀྱི་གསོན་པོ་ཡིན་པས་ཅིས་ཀྱང་འདས་པོའི་རུས་པ་བཟུང་ནས་དབུས་མཇལ་ལ་ཐེངས་ཤིག་འགྲོ་དགོས”ཟེར།
བློ་ཡུལ་ལས་འདས་པ་ཞིག་ལ། གཡུ་སྒྲོལ་མ་སྨད་ལྷ་སར་འབྱོར་ནས་ཇོ་ཐོད་མ་ཡོང་བའི་གོང་རོལ་དུ།  གློ་ཚད་འཇའ་ཡལ་མས་ནད་ཡམས་ཀྱིས་དབང་གིས་ལྷ་སར་མཆོད་མཇལ་མེད་པའི་གནས་ཚུལ་གསལ་བསྒྲགས་བྱས།
རིག་སེང་གིས་ཝུའུ་ཧན་གྱི་གློ་ཚད་འཇའ་ཡལ་མའི་གསར་འགྱུར་དེ་གོ་བ་ན། ཡིད་ལ་གསེར་ལུང་དགོན་པའི་སྤྲུལ་སྐུ་པདྨ་གར་གྱི་དབང་ཕྱུག་འཁོར་བྱུང་། ཁོང་གི་མ་འོངས་ལུང་བསྟན་དུའབུ་སྲིན་སྔོ་ལྡུམ་ཟས་སུ་ཟ།།ལྟས་ངན་ཉ་གཟུགས་སྤྲིན་ལམ་རྒྱུག། འཇིགས་སྒྲས་གྱད་ཀྱིས་འདྲན་སྟོབས་བྱེད།། སྒྲ་འཕྲིན་གཟུགས་འཇའ་ལམ་ལམ་འཆར།། མཚན་ལྡན་བླ་མ་ཁྱི་ལྟར་བརྙས།། དམ་ཉམས་སྡོམ་པོ་སེང་ལྟར་འགྱིང་།།སྐད་གསར་ཆོས་གསར་བརྗོད་མེད་དར།། དུད་འགྲོའི་གློ་སྙིང་ཟོམ་ཟོམ་འབྱུང་།། སྒལ་བ་རྣག་ཁྲག་ནད་འབུ་འཁྲུགས།།ནོར་རྫས་ཀུན་ཀྱི་ཧབ་ཐོབ་བྱེད།།ཞེ་སྡང་ཤ་ཡི་དགའ་སྟོན་འགྱེད།། ནད་མུག་དཀའ་ངལ་མི་རྣམས་འཆི།།ཀུན་གྱིས་འོ་དོད་ལྷང་ལྷང་འབོད།། ཉིན་མཚན་མེད་པར་གཉེར་བུ་ཉལ།།གསོ་དཀའ་ནད་ཀྱི་མི་རྣམས་འཆི།།སྨན་དཔྱད་རྣམས་ཀྱི་ཕན་པ་མེད”ཅེས་གསུངས་ཡོད་པ་བཞིན་ད་ཐེངས་ཝུའུ་ཧན་གྱི་གློ་ཚད་འཇའ་ཡལ་མའི་འགོས་ནད་བྱུང་ནས་དུས་ཡུན་ཐུང་ངུའི་རིང་ལ། རྒྱལ་ཡོངས་ཀྱི་ནད་པ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་དང་། ཤི་གྲངས་ཀྱང་ཚབས་ཆེ་བ་མ་ཟད་ནད་ངན་འདི་ལ་ཕན་པའི་སྨན་མེད་ལ། འགོ་སླ་བའི་གནས་ཚུལ་གང་ལ་བརྟག་ཀྱང་དངོས་གནས་ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། 
རིག་སེང་གི་སེམས་སུ་དེང་སང་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་འདི་འདྲ་བཟང་ཡང་། ད་རུང་རི་སྐྱེས་སྲོག་ཆགས་དང་མཚོ་ནང་གི་ཆུ་འབུ་སོགས་འདྲ་མིན་ཟོས་ནས་ནད་དུག་འདྲ་མིན་བྱུང་བ་རེད།  ཞིབ་པར་བསམ་ན་འདི་ལས་རྒྱུ་འབྲས་ཀྱི་རྣམ་སྨིན་རེད་འདོད།  རིག་སེང་གིས་སྔོན་ཆད་སྤྲུལ་སྐུའི་ལུང་བསྟན་འདི་ལ་དེ་འདྲའི་མཐོང་ཆེན་བྱེད་མ་མྱོང་ཡང་། ད་ཐེངས་དྲ་སྟེང་གི་གསར་འགྱུར་བདེན་རྫུན་སྣ་ཚོགས་ནི་ཁ་པར་ལག་ཏུ་བླངས་ན་ཤ་སྦྲང་བཞིན་མི་དག་གི་མིག་དང་། རྣ་བ་ལ་དབང་མེད་དུ་འཇབ་རྒོལ་བྱས་ནས་བསམ་དབང་དྲན་དབང་མི་སྟེར།  བློ་རྣལ་དུ་ཕབ་ནས་དཔྱད་པ་རེ་བཏང་ན་ལུང་བསྟན་འདིའི་ནང་དོན་ནི་ད་ཐེངས་རྒྱལ་ཡོངས་སུ་མཆེད་བཞིན་པའི་ནད་ཡམས་ཀྱི་གནས་ཚུལ་དང་ཇི་འདྲའི་མཐུན་པ་ལ།
རིག་སེང་གིས་ཁ་ནས་ནད་འགོག་གི་གཟུངས་སྔགས་བགྲང་བཞིན་དེ་འདྲ་ཞིག་མིན་པའི་སྨོན་ལམ་འདེབས་ཀྱིན་གདའ། རིག་སེང་གི་ལུང་བསྟན་དང་གསར་འགྱུར་བསྡུར་ནས་དཔྱད་པ་གཏོང་དུས། ཁོའི་སྔངས་སྐྲག་གིས་ཟིན་པའི་གདོང་མདོག་ནི་ལ་ཕུག་རྙིད་པོ་ཞིག་དང་འདྲ་ལ། ནད་དུག་འདི་མི་ལ་འགོས་ན་ནད་རྟགས་ཕྱིར་མི་མངོན་པའི་དུས་ཡུན་ནི་ཉིན་གཅིག་ནས་བཅུ་བཞིའི་བར་ཡིན་ན། དེ་ཡང་ཇི་འདྲའི་སྐྱི་གཡའ་དགོས་པའི་དོན་དག་ཅིག་རེད་འདོད།
ལྷ་སའི་ཉི་འོད་དྲོན་པོ་དེ་ནི་ཇི་དགར་ལོངས་སུ་སྤྱད་ཆོག་ཀྱང་། བར་སྐོར་ནི་གླིང་ནི་ཁུ་སིམ་མེར་འདུག་ལ། ཇོ་ཁང་གི་མདུན་དུ། གཡུ་སྒྲོལ་གྱིས་ཤོག་དྲིལ་གྱིས་བཏུམས་པའི་ཁྱོ་ག་བླ་བདེ་བོའི་རུས་པ་དེ་བཟུང་ནས་མིག་ཆུ་ཤམ་ཤམ་གཏོང་བ་ལས་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ཐུབ། ཇོ་ཁང་གི་མདུན་དུ།གཡུ་སྒྲོལ་ངུས་ནས་ཇ་ཡུན་ཙམ་འགོར་ཡང་ནམ་རྒྱུན་འུར་ཟིང་གིས་ཁེངས་བའི་བར་སྐོར་གླིང་དུ་མི་གཅིག་ཀྱང་སྐོར་བ་བྱེད་དུ་མ་ཡོང་།
ཨ་ཙི། ད་ཐེངས་ཀྱི་ནད་ཡམས་འདི་ཅི་ཞིག་རེད། ལོ་ངོ་སྟོང་གི་རིང་ལ་བར་སྐོར་གླིང་འདི་ལྟར་འཇམ་ཐིང་ངེར་གནས་མྱོང་ངམ། ཡང་ན་བོད་མི་ཞིག་གི་སེམས་པ་གཡུ་སྒྲོལ་བཞིན་འདི་ལྟར་སྟོང་སིང་ངེར་སོང་མྱོང་ངམ། 
རིག་སེང་གིས་གཡུ་སྒྲོལ་མ་སྨད་གཉིས་འདི་ལྟར་ཇོ་མཇལ་མ་ཡོང་བར་སྙིང་ནས་འགྱོད་པ་སྐྱེས། ལྷ་ས་ནས་ཇོ་བོ་མི་མཇལ་བ་ནི་གློ་བུར་བའི་དོན་དག་ཞིག་ཡིན་ལ། གློ་ཚད་འཇའ་ཡལ་མ་གློ་བུར་དུ་བྱུང་བ་ཡང་དོན་དག་གཞན་ཞིག་གིས་ལན་ནམ།   
ཇོ་ཁང་གི་མདུན་དུ། རིག་སེང་གིས་ཤུགས་རིང་འཐེན་བཞིན་གཡུ་སྒྲོལ་གྱི་ལག་མགོའི་འཐེན་ནས“ད་ཨ་སེར་ཁ་བ་སྤྱི་འབབས་རེད། རྒན་མོའི་ཞུ་ལུར་དགུ་སྡུག་མ་རེད”ཅེས་སེམས་གསོ་བྱས་པ་དང་། ཡང་བསྐྱར་མིག་ལ་སྔངས་སྐྲག་གིས་ཉམས་ཤིག་འཁོར་ནས“ད་ང་ཚོ་ཡང་མགྱོགས་པོར་མགྲོན་ཁང་དུ་འགྲོ།  ལྷ་ས་གཞུང་གིས་སང་ཉིན་ནས་བཟུང་། ས་གནས་ཀྱི་མི་མ་གཏོགས་ས་ཕྱོགས་གཞན་པའི་མི་གཅིག་ཀྱང་སྡོད་མི་ཆོག་པའི་བཀའ་རྒྱ་བཏང་འདུག་ལ། ང་ཚོ་འགྲོ་སའི་མེ་འཁོར་དང་གནམ་གྲུ་ཡང་གྲ་སྒྲིག་བྱས་ཚར་འདུག”ཅེས་བཤད། 
གཡུ་སྒྲོལ་གྱི་མིག་ལ་མཆི་མ་འཁོར་བཞིན་གདོང་ཇོ་ཁང་ལ་གཏད་ནས་གསོལ་འདེབས་ཤིག་བྱས་ཀྱང་མགྲིན་པ་བརྣངས་ནས་ངག་མ་ཁྲོལ་ཡང་ཕྱི་མིག་གཉོམ་པོ་དེས་ཡོད་ཚད་གསལ་བཤད་བྱས་སོང་ལ། རེ་བ་གསོན་པོ་ཞིག་ཀྱང་བར་སྐོར་གླིང་གི་རྡོ་གཅལ་སྟེང་དུ་གཏན་དུ་ལུས་སོང་།
ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁྲོམ་གཞུང་ཁུ་སིམ་མེར་འདུག 
ནམ་རྒྱུན་མི་ཚོགས་གྲོག་ཚང་ཁ་བརྡོལ་བ་ལྟ་བུའི་ཁྲིན་ཞེས་ལུའུའི(春熙路)ཁྲོམ་སྲང་ཡང་སྟོང་ཧབ་བེར་འདུག་ལ། རྒྱུན་ཤེས་ལ་དོ་སྣང་མེད་པའི་བོད་མི་གླེན་པ་སྐོར་ཞིག་དང་། སྔགས་དང་སྲུང་འཁོར་ལ་ཡིད་ཆེས་པའི་གྲྭ་པ་ཁ་ཤས་དང་། སྒོར་མོའི་ཆེད་དུ་སྲོག་ཀྱང་འདོར་ཕོད་པའི་ཁ་ལོ་པ་སྐོར་ཞིག་བོད་མིའི་ཁྲོམ་དང་།  དར་མདོ་མགྲོན་ཁང་ཆེན་མོའི་བཞི་མདོ་རུ་ཡར་ཉུག་མར་ཉུག་བྱེད་ཀྱིན་གདའ།  
གཡུ་སྒྲོལ་མ་སྨད་དང་རིག་སེང་ཧྲང་ཉོའུ(双流)གནམ་གྲུ་འབབ་ཚུགས་ལས་བབ་རྗེས་ཐད་ཀར་བོའུ་ཧུའུ་ཚི(武侯祠)བོད་མིའི་ཁྲོམ་དུ་ཡོང་།  
རིག་སེང་གིས་འཆར་གཞི་ལྟར་ན་ཞག་མ་གཅིག་ལ་བོད་ཁྲོམ་དུ་བསྡད་རྗེས། ཕྱི་ཉིན་འཁོར་ཞིག་བཙལ་ནས་ཕྱི་གསེར་ལུང་དུ་ལོག་པར་དུ་ཐག་བཅད།    
དབུས་མཇལ་མ་ཡོང་འབྲོག་པ་ཞིག་ལ་མཚོན་ན། ཁྲིན་ཏུའུ་ལྟ་བུའི་རྒྱའི་གྲོང་ཁྱེར་ཞིག་ཏུ་སྡོད་པ་ནི་ཇི་འདྲའི་སུན་སྣང་ཆེ་བའི་ལས་ཤིག་མ་ཡིན་ནམ།  
དར་མདོ་མགྲོན་ཁང་ཆེན་མོའི་སྒོ་དྲུང་དུ་ས་ཕྱོགས་སོ་སོར་འགྲོ་བའི་ཁ་ལོ་བ་དག་གིས་བསྒུག་ནས་ཡོད། ནམ་རྒྱུན་དར་མདོ་ནས་གསེར་ལུང་དུ་འགྲོ་དུས་འཁོར་གྱི་མགོ་ནང་དུ་འདུག་ན་སྒོར450དང་། དཀྱིལ་དུ་འདུག་ན350ཡིན། རྒྱབ་ཀྱི་འདུག་སྟེགས་རེ་ལ་སྒོར300རེ་ཡིན་མོད། ཝུའུ་ཧན་གྱི་གློ་ཚད་འཇའ་ཡལ་མས་འཛམ་གླིང་གི་མི་གྲངས་ཆེས་མང་པའི་རྒྱལ་ཁབ་འདི་ཡོམ་ཡོམ་སྒུལ་བྱུང་ལ། རྒྱ་བོད་དང་སོག་པོ་ཟེར་བའི་མི་རིགས་ཀྱི་དབྱེ་བ་མེད་པར་ཚང་མའི་སེམས་ལ་སྔངས་སྐྲག་དབུལ་ཟིན་པ་ཞིག་སྟེར་བྱུང་།  
གདོང་ན་འཛུམ་དང་ཁ་ནས་བཀའ་དྲིན་མི་ཞུ་བའི་ཁ་ལོ་བ་དེས་ནམ་རྒྱུན་དང་མི་འདྲ་བར་རྣམ་འགྱུར་དང་བཟོ་ལྟ་སྔར་ནས་འགྱུར་ཟིན་པའི་ཁོས་གཡུ་སྒྲོལ་གྱི་ཁ་མདོག་ལད་པའི་ལྭ་བ་རྙིང་ཧྲིལ་དེ་དང་། ཚི་དྲེག་གིས་ཟིན་པའི་ནང་ལྭ་དམར་པོ་དེར་ཞིབ་ཀྱིས་ལྟ་བཞིན“རླངས་འཁོར་མགོ་ནང་དུ་བསྡད་ན་སྒོར1000དང་། དཀྱིལ་དུ་མི་རེ་ལ800ཡིན།རྒྱབ་ཀྱི་འདུག་སྟེགས་སུ་མི་རེ་ལ་སྒོར500དགོས། དེ་སྦྱིན་ཡང་ད་རུང་སང་ཉིན་ཨེ་འགྲོ་མི་ཤེས། ཁྱོད་ཚོས་ཤེས་གསལ་ལྟར་རྒྱལ་ཡོངས་སུ་གློ་ནད་གསར་བ་མཆེད་པའི་གནས་ཚུལ་ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད། ང་ཁ་ལོ་བ་ཚོས་སྲོག་མཛུབ་མོའི་མགོ་ན་བཟུང་ནས་འགྲོ་བཞིན་ཡོད”ཟེར།  
གཡུ་སྒྲོལ་གྱིས་རིག་སེང་གི་གདོང་ལ་ལྟ་བཞིན་མོ་རང་གོ་འཛོལ་ཐེབས་པ་རེད་འདོད་ནས། ཡང་བསྐྱར་རིག་སེང་ལ་གསེར་ལུང་དུ་འགྲོ་བའི་རིན་གོང་འདྲི་རུ་བཅུག ཁ་ལོ་པ་ཅུང་སྤྲོ་ལངས་པའི་ཚུལ་གྱིས་རིག་སེང་ལ“ཁྱོད་ལ་གོ་འཛོལ་ཐེབས་པ་མ་རེད། རིན་གོང་ངས་གོང་དུ་བཤད་པ་དེ་བཞིན་རེད། ཁྱོད་ཚོ་མ་སོང་ན་ཡང་ཆོག ད་ཐེངས་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོང་བའི་ཚོང་པ་དང་། ནད་ལ་སྟོན་མཁན། ཅ་ལག་ཉོ་མཁན། སློབ་མ་སོགས་མི་མང་པོ་ཞིག་གིས་ཕ་ཡུལ་དུ་འགྲོ་བའི་རླངས་འཁོར་མི་རྙེད་པར་བསྡད་ཡོད། ཁ་སང་ང་ཚོའི་རོགས་པ་གཅིག་ལ་ཁྱོད་ཚོ་གསེར་ལུང་ནས་ཡིན་ཟེར་བའི་འབྲོག་པ་གཅིག་གིས་སྒོར8000སྦྱིན་ནས་འབོར་གླ་བྱས་ཏེ་བུད་ཐལ། ད་རུང་ནད་ཡམས་མཆེད་པའི་གནས་ཚུལ་ཚབས་ཇེ་ཆེར་སོང་ན། རྒྱ་ཡུལ་དུ་ཡོད་མཁན་ཚང་མ་བོད་ཡུལ་དུ་འགྲོ་མི་ཆོག་ལ། བོད་ཡུལ་དུ་ཡོད་མཁན་ཚང་མ་རྒྱ་ཡུལ་དུ་ཡོང་་མི་ཆོག་པ་བྱེད་རྒྱུ་རེད། ཁྱེད་ཚོས་གསར་འགྱུར་ལ་ལྟོས་དང་། ད་ཐེངས་ནད་ཡམས་མཆེད་སའི་ཝུའུ་ཧན་གྲོང་ཁྱེར་གྱི་གནམ་གྲུ་དང་། མྱུར་ལམ་ཚང་མ་བཀག་སྡོམ་བྱས་ཡོད་པ་མ་ཚོར་རམ།”ཞེས་གནས་ལུགས་ལུང་བ་གང་བདེན་ཅོག་ཅོག་གིས་བཤད།
“ཡ་ཡ། དེ་འདྲ་ཞིག་དྲ་བའི་སྟེང་ནས་བཤད་ཀྱིན་འདུག བདེན་པ་རེད། དྲིན་ཅན་པོ་ཁྱོད་ཀྱི་ཨང་གྲངས་ཤིག་སྟེར་རོགས། ང་ཚོ་དབུས་མཇལ་ལ་སོང་བ་ཡིན། སང་ཉིན་ཕ་ཡུལ་གསེར་ལུང་དུ་མ་སོང་ཐབས་མེད་ཡིན། ང་ཚོ་གྲོས་ཤིག་བྱས་ནས་ཁྱོད་ལ་ཁ་པར་བརྒྱབས་ཡོང་། ”རིག་སེང་འུ་ཐུག་ནས་དེ་ལྟར་བཤད།
རིག་སེང་རླངས་འཁོར་གྱི་མདུན་ནས་ཕར་འགྲོ་ཚུར་འགྲོ་འགའ་བྱས་རྗེས་ཡང་བསྐྱར་ཁ་ལོ་པའི་གདོང་ལ་རེ་བའི་མིག་གིས་ལྟ་བཞིན“འཁོར་གླ་ད་ངོ་མ་ཆེན་པོ་རེད། ང་ཚོའི་ལོ་གཅིག་གི་ཡོང་སྒོ་དེ་རླངས་འཁོར་ཉིན་གཅིག་གི་གླ་ཡང་འདང་གིན་མི་འདུག  ད་ཁྱོད་ལ་ལེ་བརྡ་བྱས་ནས་ཅི་བྱེད།  ཡོད་ཚད་ནད་ངན་འདི་ལན་པ་རེད”ཅེས་བཤད།
ཁ་ལོ་པས་གདོང་ལ་འཛུམ་ཞིག་ལངས་ནས“ཨ་ཁུས་བཤད་པ་ནང་བཞིན་རེད། དེ་ན་ཁ་པར་གྱི་འབྲེལ་བ་བྱོས། ངས་འདི་ད་རུང་གོང་བདེ་མོ་ཅན་པོ་ཡིན། ཚང་མ་བོད་པ་རེད་མོད། གཞན་པ་ཚོ་དེ་ལས་ཀྱང་གོང་ཆེ་ཐལ། ད་ཁྱོད་མགྱོགས་མྱུར་མགྲོན་ཁང་ཞིག་བཙལ་དུ་སོང་། གོ་ཐོས་སུ་མགྲོན་ཁང་ཚོའི་རིན་གོང་ཡང་ལྡབ་འགྱུར་གྱིས་འཕར་འདུག”ཟེར། 
“ཡ་ཡ།”
ད་ལོ་ནི་ཇི་འདྲའི་ལོ་ངན་ཞིག་རེད་ཨང་། དཔྱིད་ལོ་གསར་བའི་ལོ་སར་དགའ་སྟོན་ལ་མ་རོལ་གོང་། ནད་ཡམས་འདིས་ཡོད་ཚད་སྔངས་སྐྲག་གིས་མནར་སོང་། 
ནུབ་མོ་དེར། ཁོ་ཚོ་དེ་སྔོན་ཡར་ལྷ་སར་འགྲོ་དུས་ཀྱིས་མགྲོན་ཁང་དེར་བསྡད།དེའི་མལ་ས་རེ་ལ་སྔོན་ཆད་སྒོར60ཡིན་མོད།དོ་ནུབ་མལ་ཁྲི་རེ་ལ་སྒོར260རེ་སྦྱིན་ནས་སྡོད་དགོས་བྱུང་།
སྦྱིན་བདག་མས་བརྩེ་བའི་སྤྱན་ཟུང་ཀེམ་ཀེམ་གཡོ་བཞིན“ཚང་མ་བོད་པ་ཡིན་པས་དམིགས་བསལ་གྱིས་རིན་གོང་བདེ་མོ་བྱས་པ་ཡིན”ཟེར། 
རིག་སེང་གིས་མཐེ་མོ་གནམ་ལ་བགྲང་ནས“གྲོང་ཁྱེར་ནང་གི་བོད་པ་ཚོ་དངོས་གནས་མི་བཟང་པོ་རེད”ཅེས་བཀའ་དྲིན་ཞུས།
མཚན་མོ་དེར། དེ་ལས་ཀྱང་འཇིགས་སུ་རུང་བའི་དོན་དག་ཅིག་བྱུང་སོང་།  
ཐོག་མར་གཡུ་སྒྲོལ་གྱི་ཁ་པར་གྱི་འབོད་བརྡ་གྲགས་བྱུང་། གཡུ་སྒྲོལ་གྱིས་ཐང་ཆད་པའི་ཉམས་ཀྱིས་ཝེ་ཞེས་ཉན་པ་ན། ནུ་མོ་དཔལ་སྒྲོན་གྱིས“ཨ་ཅེ། ད་ཅི་ཞིག་བྱ། གསེར་ལུང་གི་འབྲོག་པ་ཚོས་སྨྱོས་པ་ནང་བཞིན་དེ་རིང་ཕྱི་དྲོ་དང་།   དོ་ནུབ་མཚན་གང་བོར་གསེར་ལུང་རྫོང་ཐོག་དང་། ཡུལ་ཚོའི་ཚོང་ཁང་ནང་དུ་ཡོད་པའི་འབྲུ་རིགས་དང་། བཟའ་ཆས་ཀྱི་ཅ་ལག་ཚང་མར་རིན་གོང་ལྡབ་འགྱུར་སྦྱིན་ནས་འཕྲོག་ཉོ་བྱེད་བཞིན་འདུག  གོ་ཐོས་སུ་ད་ནི་གསེར་ལུང་རྫོང་དང་ཡུལ་ཚོའི་ཚོང་ཁང་གི་འབྲུ་རིགས་ཚང་མ་ཉོས་ཚར་ནས་སྐོར་ཤིག་གིས་ཉོ་མ་ཐུབ་པར་སྔངས་སྐྲག་ལངས་གིན་འདུག”ཅེས་ལབ་བྱུང་།
གཡུ་སྒྲོལ་ཧ་ལས་དེ“ཁྱོད་ཀྱིས་བཤད་པ་ངོ་མ་ཡིན་ནམ། ནང་དན་དེ་འདྲའི་ཚབས་ཆེན་ཞིག་ཡིན་ནམ། བོད་འདི་ཆོས་ས་ཆོས་ཡུལ་ཡིན་པའི་ནད་ངན་འདི་མི་ཡོང་ན་ཐང་། དཀོན་ཅོག་གི་མཁྱེན”ཞེས་ནུ་མོ་དཔལ་སྒྲོལ་གྱི་བཤད་མཚམས་བཅད། 
ནུ་མོས་ཡང་བསྐྱར“འདི་ནི་ཚོང་དཔོན་སྐོར་ཞིག་གིས་ད་ཐེངས་ནད་ཡམས་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པས་མ་འོངས་པར་གྲོང་ཁྱེར་སོ་སོའི་སྲང་ལམ་བཀག་ནས་འབྲུ་རིགས་སྐྱེལ་འདྲེན་མི་ཐུབ་ལ། ད་ནི་སྔོན་ཆད་ལོ་ལོན་ཚོས་བཤད་པའི་དྲུག་ཅུ་ཐམ་པ་ལོའི་མུ་གེ་དེ་འདྲ་ཞིག་ཡོང་རྒྱུ་རེད་ཅེས་བཤད་པ་ན། གཅིག་གིས་བརྒྱ་ལ་བཤད། བརྒྱ་ཡི་སྟོང་ལ་བཤད། ལྷག་པར་དུ་འཕྲིན་ཕྲན་ཟེར་བ་དེ་བརྒྱུད་ནས་མི་ཚང་མར་འུར་ཟིང་བསླངས་པ་ན། ད་ནི་གསེར་ལུང་གི་འབྲས་ཁུག་མ་གཅིག་ལ་སྒོར་སུམ་བརྒྱ་སྦྱིན་ཡང་ཉོ་མི་ཐུབ་པ་མ་ཟད། དེ་རིང་ཕྱི་དྲོ། གསེར་ལུང་གི་རྒན་པོ་གཉིས་འབྲས་ཁུག་མ་གང་ཉོ་བར་འཕྲོག་རྩོད་བརྒྱབས་ནས་མཐར་རྡུང་རེས་བྱས་ཏེ་ད་ཐེངས་སྨན་ཁང་དུ་བསྐྱལ་སོང་ཟེར། ཨ་ཅེ། ངེད་ཚང་ལ་འབྲི་རིགས་ཡོད་ནི་ཨེ་རེད། ཁྱེད་མ་བུ་ཚོ་ཁྱིམ་ལ་ཐོན་དུས། ཅི་ཞིག་བྱ།”ཞེས་ནུ་མོ་དཔལ་སྒྲོལ་གྱིས་ཁ་པར་ལས་ཆུ་བཞུར་བ་ལྟར་བདེན་རྫུན་མི་ཤེས་པའི་ཕ་ཡུལ་གྱི་གསར་འགྱུར་དེ་བསྒྲགས་པ་ན། གཡུ་སྒྲོན་གྱི་ཁ་པར་ཁྲོག་གེར་ཐང་ལ་ལྷུང་སོང་། 
རིག་སེང་གིས་ཚུལ་དེ་མཐོང་རྗེས། ཚུར་བརྒྱུགས་ནས་གཡུ་སྒྲོལ་བསྐྱོར་བ་ན། གཡུ་སྒྲོལ་མ་གཞི་ཁྱོ་ག་བླ་བདེ་བོ་ཚེ་ལས་འདས་པ་དང་། དབུས་མཇལ་མ་བྱུང་ཐོག་ལ་ནད་ཡམས་དང་མུ་གེ་ཡོང་རྒྱུ་རེད་ཅེས་པའི་སྐད་ཆ་དེས་ཁོ་མོ་རེ་ཞིག་ལ་དྲན་མེད་དུ་བརྒྱལ་སོང་། 
གཡུ་སྒྲོལ་མ་སྨད་གསེར་ལུང་དུ་ཐོན་ནས་ཉིན་གཅིག་འགོར་སོང་།
ཉིན་དེར། རིག་སེང་དགའ་ནས་ཁ་ཡང་ཟུམ་མི་ཐུབ་པར་གཡུ་སྒྲོལ་གྱི་གམ་དུ་བསླེབས་བྱུང་།
“ཁྱོད་ཀྱིས་ལྟོས་དང་། འདི་དག་ཚང་མ་རྫུན་རེད། གསེར་ལུང་སྲིད་གཞུང་གི་འབྲུ་རིགས་འཕྲོག་རྩོད་མི་དགོས་ཞེས་སྤྱི་བསྒྲགས་ཡི་གེ་སྤེལ་འདུག་ལ། སྤྱི་བསྒྲགས་ནང་དུ་གསེར་ལུང་སྲིད་གཞུང་གི་འབྲུ་ནས་ཁང་དུ་འབྲས་རྒྱ་མ་ཏུན་360དང་། བཀལ་ཐུག་རྒྱ་མ་ཏུན6།   མར་ནག་རྒྱ་མ་ཏུན20.6།  གྲོ་བྱེ་རྒྱ་མ་ཏུན69བཅས་འབྲུ་ནས་སོགས་གསོག་ཉར་བྱས་ཡོད་པས་དགོས་མཁོ་ཁག་ཐེག་བྱས་ཡོད། མངགས་ཉོ་བྱེད་ས་བཀྲ་ཤིས་དང་། ཁ་པར15820205200། ད་ཐེངས་མང་ཚོགས་ལ་རྫུན་དང་མགོ་སྐོར་བྱེད་མཁན་གྱི་ཚོང་པ་ཚོ་རྩར་བཅད་ནས་ཁྲིམས་ལྟར་བརྡ་འདེད་བྱེད་རྒྱུ་ཡིན་པ་མ་ཟད། ཀྲུང་གོའི་སྨན་པ་ཆེད་མཁས་པ་ཀྲུང་ནན་ཧྲན་ལགས་ཀྱིས་ཀྱང་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ནད་ཡམས་ལ་སྔོན་འགོག་དང་། རྒྱུན་དུ་ལག་པ་བཀྲུ་བ། ཁ་ཤུམས་གྱོན་པ། ཁྱིམ་དུ་བསྡད་ནས་མི་ཚོགས་མང་སར་མ་སོང་ན་ང་ཚོས་རིམས་ནད་འདི་ལས་རྣམ་པར་རྒྱལ་ངེས”ཞེས་བཤད་འདུག   
གཡུ་སྒྲོལ་གྱིས་གདོང་ལ་རེ་བའི་འཛུམ་ཞིག་མངོན་བྱུང་ལ། གཞི་ནས་སེམས་གཏིང་གི་སྔངས་སྐྲག་དེ་དལ་གྱིས་ཞུ་བར་བརྩམས་པའི་བཟོ་ལྟ་འདུག་ཀྱང་། གམ་གྱི་ལོ་བཅུ་ལ་སོན་པའི་གཡུ་སྒྲོལ་གྱི་ཞུ་ལུའི་མིག་ཆུ་ཤམ་ཤམ་གཏོང་གིན་ངུ་འབོད་བྱས་སོང་།
རིག་སེང་དང་གཡུ་སྒྲོལ་གཉིས་ཧ་ལས་ནས་བྱིས་པ་ཞིག་གིས་དོན་མེད་ལ་ངུ་སྔངས་བྱེད་པར་རྣམ་རྟོག་སྐྱེས། གཡུ་སྒྲོལ་གྱིས་བུ་ཆུང་གི་ལག་མགོར་འཇུས་ཏེ“ཨ་མའི་མ་ལོ་མ་ངུ་དང་། གློ་ཚད་འཇའ་ཡལ་མའི་ནད་ཡམས་དེ་འདྲའི་ཚབས་ཆེན་མ་རེད”ཅེས་བཤད།
བུ་ཆུང་གིས་ད་རུང་མིག་ཆུ་ཤམ་ཤམ་གཏོང་གིན“ཨ་མ། ཁ་པར་ནང་དུ་ད་ནངས་དུས་ཚོད་བཞིའི་སྟེང་། ཨ་རིའི་སྤོ་ལོ་རྒྱག་མཁན་སྐད་གྲགས་ཅན་ཁོ་བྷི་ལགས་གནམ་གྲུར་དོན་རྐྱེན་བྱུང་ནས་ཚེ་ལས་འདས་སོང”ཟེར།
ཨ་ཁུ་རིག་སེང་གི་བུ་ཆུང་གི་གཏམ་དེ་གོ་བ་ན“ཨ་ཧ་བོ་ཨེ་ན། ངས་ནི་གློ་གཅོང་གིས་ན་བཞིན་པའི་སྡེ་དཔོན་འཁོར་ལོ་སྐྱབས་ཤི་སོང་ནི་རེད་འདོད། ལྟས་ངན་ཁྱོད་ཕ་ཤི་སོང་དུས་དེ་འདྲ་ཞིག་ངུ་རྒྱུ་མེད་ན། ཕྱི་རྒྱལ་ཞིག་གི་མི་ཞིག་ཤི་སོང་བར་མིག་ཆུ་གཏོང་ནས་ཅི་བྱེད”ཅེས་བུ་ཆུང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས་བྱུང་།
ཕྱི་དྲོ་དེར།  དེ་ལས་ཀྱང་སྔངས་སྐྲག་སྐྱེས་དགོས་པའི་གསར་འགྱུར་ཅིག་བསྒྲགས་བྱུང་།  གསེར་ལུང་སྡེ་བ་ཡང་བསྐྱར་ཝུའུ་ཧན་གྱི་གློ་ཚད་འཇའ་ཡལ་མས་འུར་ཟིརང་ངེར་བཏང་།
དེ་ནི་ཨ་ཁུ་རིག་སེང་དང་གཡུ་སྒྲོལ་མ་སྨད་རྫོང་སྨན་ཁང་དུ་ཁྲིད་ནས་ཉིན་ཉི་ཤུའི་རིང་ལ་གློ་ཚད་འགོས་ཡོད་མེད་བརྟག་དཔྱད་ཟུར་བཀར་དགོས་པ་དང་། ཟུར་བཀར་བྱས་ཡོད་པའི་རིང་ལ་མི་གཅིག་དང་འབྲེལ་བ་བྱེད་མི་ཆོག་ཟེར། རྒྱུ་མཚན་ནི་ཁོ་ཚོ་ཁྲིན་ཏུའུ་ནས་ཕ་ཡུལ་དུ་ཡོང་སའི་རླངས་འཁོར་ཁ་ལོ་པ་དེར་ཝུའུ་ཧན་གྱི་གློ་ཚད་འགོས་ཡོད་པ་དེ་རིང་ཕྱི་དྲོ་གཞུང་ཕྱོགས་ཀྱི་གསར་འགྱུར་དུ་ཁྱབ་བསྒྲགས་བྱས་འདུག
མཆན་འགྲེལ།  ①གློ་ཚད་འཇའ་ཡལ་མ།  2020ལོར་ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིམས་ནད་དུག་གི་གློ་ཚའི་རིམས་ནད་གསར་བ་དེའི་མིང་ལ་མཁན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཝུའུ་ཧན་གྱི་གློ་ཚད་འཇའ་ཡལ་མ་ཞེས་རྟེན་འབྲེལ་གྱི་མིང་ཡིན་གསུངས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།