༄༅།།དེ་རིང་གི་ཝུའུ་ཧན་མ་ཕམ་ལགས། སང་ཉིན་གྱི་ཝུའུ་ཧན་སྔར་ལས་དཔའ་ངེས།

རྩོམ་པ་པོ།:རྐ་ཕུག•བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-02-07 10:15:11 ཀློག་གྲངས།:
——སྨྱན་བྱེད་སྒང་གི་ཝུའུ་ཧན་ཕྱོགས་ཀྱི་གནས་ཚུལ་སྣ་ཚོགས་རྒྱུ་ཆར་བཅོས་ཏེ། ཝུའུ་ཧན་དང་ནད་གདོན་བདུད་ཀྱི་ཁ་རླངས་ལ་འཐབ་རྩོད་བྱེད་མཁན་ལྷ་རྗེ་ནད་གཡོག་པའི་ཚོགས་དང་།  སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་དཔུང་།  སྨྱན་བྱེད་གསར་འགོད་པའི་དཔུང་སྡེ་སོགས་ལ་སྒོ་གསུམ་གུས་པའི་ཀློང་དང་བསྡོངས་ཏེ།  མིག་གི་མཆི་མ་ཕྲུམ་ཕྲུམ་ངང་སེམས་ཚོར་སེམས་གཏམ་ཞིག་དབང་མེད་དུ་ཡི་གེར་གཏག་པ་དགེའོ། །
                                                                 རྐ་ཕུག•བསོད་རྡོ།

དེ་རིང་གི་ཝུའུ་ཧན་སྟེ
ཡོད་ཚད་དལ་ཅག་གེར
རླངས་འཁོར་མི་འགག་ལ
དགོང་མོའི་ཆུ་ཚོད་བདུན་པ་དེའང
སྐྱ་མདའ་གཏོང་དུས་ལྟར་དབེན་ཞིང་འཇགས

དེ་རིང་གི་ཝུའུ་ཧན་ནི་གློག་ཀླད་དུ་བཅུག་པའི་རྟ་ཕོ་བཞིན
འགྲོས་མྱུར་བའི་བང་ཁ་ལ
ནད་དུག་གིས་འཕྲལ་སྡོད་མཐེབ་ལ་གཅུན་སྟེ
རང་དབང་གི་བྱང་ལམ་བོར་ཞིང

ཝུའུ་ཧན་གྱི་དགོད་སྒྲ་ཡོད་ཚད
སྐད་ཅིག་དེ་ཉིད་ལ་ངུ་སྒྲར་བསྒྱུར

དེ་རིང་གི་ཝུའུ་ཧན
མི་དང་མིའི་བར་ལ་འབྲེལ་ཐག་བཅད་ཅིང
མི་ཚང་མས་ཁ་རས་གྱོན་ཏེ
སུ་སུ་ཡིན་པའང་མི་ཤེས་པར་གྱུར

མིག་མིག་དང་འཕྲད་རུང་བརྩེ་བ་སྟོན་མི་ཕོད
སྐད་སྐད་དང་བཅར་རུང་ཁམས་འདྲི་བྱེད་མི་ཕོད
ཝུའུ་ཧན་ནི་ཁ་སྣ་མེད་པའི་ཁ་རས་ཀྱིས་བཏུམས་པའི་དཔའ་བོ་རྨས་མ་ཞིག

དུས་ནམ་ཞིག་གི་ཚེ་ལ
ད་གཟོད་ཁྱེད་ཀྱི་རྨས་སོས་ཏེ་ཁ་རས་ཕུད་སྲིད
ད་དུང་ངོ་དང་ངོ་འཕྲད་དེ་ཁམས་འདྲི་བྱེད་ཅིང
མིག་དང་མིག་གཏད་དེ་བརྩེ་བ་བརྗོད་སྲིད

ཡིན་ཡང
དེ་རིང་གི་ཝུའུ་ཧན་ལགས
ཁྱེད་རང་མ་ཕམ
ཁྱེད་ནི་མ་གཞི་ནས་དཔའ་བོའི་གྲོང་ཁྱེར་ཞིག་ཡིན

ཁྱོད་ཀྱི་ནད་དུག་རྒྱལ་ཡོངས་སུ་མཆེད་རུང
ཁྱོད་ལ་རོགས་སྐྱོར་ཧྲག་དཔུང་རྒྱལ་ཡོངས་ནས་ཡོད

ཁྱོད་ཀྱི་ཚེ་སྲོག་སྐྱོབ་མཁན་ནི
ལྷ་རྗེ་དང་ནད་གཡོག་པའི་སྤྲིན་ཚོགས་ཡོད་ལ
ཁྱོད་ཀྱི་བདེ་འཇགས་སྲུང་མཁན་ནི
སྤྱི་བདེ་དང་འགྲིམ་འགྲུལ་དྲག་ཆས་ཀྱི་དམར་པོའི་དཔུང་ཚོགས་ཡོད
ཁྱོད་ཀྱི་ཚེ་སྲོག་དང་བདེ་འཇགས་སྲུང་སྐྱོབ་ཀྱི་མགྲིན་ཚབ་པ་ནི
ཚགས་དེབ་ཀྱི་རླབས་ཕྲེང་དང
བརྙན་མིག་གི་སྐར་ཚོགས
གཟུགས་མེད་ཀྱི་སྒྲ་རླབས་སོགས་ཀྱི་གསར་འགོད་པའི་རུ་དཔུང་ཡོད

དེའི་ཕྱིར
ཁྱོད་ཀྱིས་ལྟོས་དང
བརྩེ་བ་དང་རེ་བ་ནི་ནད་དུག་མཆེད་པ་ལས་མགྱོགས་ཤིང
བརྩེ་བ་རེ་རེ་ནི་ཁྱོད་ཀྱི་སྙིང་གི་ཞེ་རྩ་རུ་བརྐོས་ཡོད
ཁོང་ཚོས་རང་ཉིད་ཀྱི་ཚེ་སྲོག་ལ་མི་འཛེམ་པར
ཁྱོད་ཀྱི་ཚེ་སྲོག་སྐྱོབ་ཀྱིན་ཡོད

འདི་ནི
དམིགས་ཡུལ་གཅིག་གི་དོན་ཡིན་ཏེ
ཝུའུ་ཧན་ཁོང་ཚོ་ལ་སྤྲད་དེ
ཁོང་ཚོས་ཝུའུ་ཧན་སྐྱོབ་འདོད་པ་དེ་ཡིན

དེའི་ཕྱིར
ཁྱེད་རང་མ་སྐྲག་ཅིག
ད་རུང་ཅུང་ཙམ་སྒུག་དང
"ཝུའུ་ཧན་གྱི་རྟ་ཕོའི་བང་ཁ་བསྐྱར་གསོ་བྱེད་དུས
ས་འོག་ལྕགས་ལམ་སྟེང་གི་མི་ཚོགས་འཚང་ཁ་ངང་ལས་ཚོགས་ལ་འགྲོ་དུས
ཁྱོད་ཀྱི་བཞི་མདོ་རུ་གྲོགས་དང་གྲོགས་མོས་སྐད་གདངས་མཐོན་པོས་སྙིང་གཏམ་བརྗོད་དུས
ཁྱོད་ཀྱི་འབྲི་ཆུའི་ཟམ་ཆེན(武汉长江大桥)སྟེང་དུ
སེའུ་སྡོང(樱花)མེ་ཏོག་ལ་བལྟ་མཁན་ནི
སེའུ་སྡོང་མེ་ཏོག་ལས་ཀྱང་མང་བའི་སྐབས་དེར
ཞོགས་ཟས་ལ་རོལ་བར་དགའ་བའི་མི་བུ་དེ་ཚོས
ཁྱོད་ཀྱི་རྒྱན་དུ་གྱུར་བའི་ཟས་མཆོག་(热干面)ཚ་ཐུག་སྐམ་པོ་འཕྲོག་རེས་ངང་འཐུང་དུས
ཟམ་ཆེན་གཉིས་པ་སྟེང་དུ་རླངས་འཁོར་རྦ་ཀློང་འཁྲིགས་པའི་དུས་དེར
ང་ཚོས་ཡོད་ཚད་འཛུམ་མདངས་ལ་བརྒྱུས་ཏེ
སྐད་གསང་མཐོན་པོས་ཚིག་གཅིག་ལབ་འདོད་པ་ནི
ང་རང་ཁྱེད་ཀྱི་ཆོ་འཕྲུལ་ལ་ཡིད་ཆེས་ཡོད"ཅེས་པ་དེ་ཡིན

དེ་བས
ཝུའུ་ཧན་ལགས
ང་ཚོས་ཁྱོད་ལ་སྒུག
ཁྱེད་ཚོས་ཀྱང་ཝུའུ་ཧན་ལ་སྒུག་རོགས
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།