༄༅།།ཚེ་རིང་རྣམ་རྒྱལ་གྱི་སྒྲུང་གཏམ《ཨ་མ་ཡ་རྡོ》།
རྩོམ་པ་པོ།:ཚེ་རིང་རྣམ་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2019-12-27 09:13:27
ཀློག་གྲངས།:
ཨ་མ་ཡ་རྡོ།
ཚེ་རིང་རྣམ་རྒྱལ། སྒྲུང་གཏམ།
དྲང་མོར་བཤད་ན་ནགས་བཟའ་སྡེ་བ་འདིའི་ནང་གི་ལོ་ལོན་རྒན་པ་ཚོའི་གྲས་སུ་ཨ་མ་ཡ་རྡོ་ལ་དོ་བའི་རྒན་མོ་གཅིག་ཀྱང་མེད་སྟབས་སྡེ་བ་འདིའི་ལོ་ལོན་པའི་སྐྱེས་མ་རྒན་མ་དག་གིས་ནམ་རྒྱུན་ཁོམ་ལོང་གི་སྐབས་སུ་ཨ་མ་ཡ་རྡོ་ཞེས་པའི་མི་སྣ་འདིའི་བཟང་ལས་སྐྱོན་དང་ཡག་ལས་བཙོག་གླེང་དགོས་པར་གྱུར། དེ་ནི་ཨ་མ་ཡ་རྡོས་རང་སྡེ་ནང་གི་ལོ་ལོན་པའི་རྒན་མོ་དག་གི་སེམས་ལ་ཁོ་མོ་ཚོས་འགྲན་ཟླ་བྲལ་བའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པའི་དབང་གིས་ཡིན་པ་སྨོས་མ་དགོས་པ་ཞིག་རེད། གཞེས་ནིང་ལོར་མོའི་ཁྱོ་ག་ཚེ་ལས་འདས་པ་ནས་བཟུང་ཨ་མ་ཡ་རྡོ་ལ་སྔོན་ཆད་དང་མི་འདྲ་བའི་ཁྱད་པར་ཅན་ཞིག་ཏུ་གྱུར་ཡོད་པ་མ་ཟད། མོ་ཚང་གི་སྒོ་ཕྱི་ནང་གཉིས་ཀའི་ལས་ཀ་གང་ཡོད་དང་རྟ་ནོར་ལུག་གསུམ་འཚོ་སྐྱོང་གི་ཆ་དེ་ཡང་ཁོ་མོ་གཅིག་པུས་ལེགས་འགྲུབ་བྱེད་ཀྱིན་ཡོད་ལ། ཁྱད་པར་དུ་ཁྱིམ་ཚང་ཞིག་གི་སྐྱེས་པ་ཚོས་ལས་དགོས་པའི་ལས་འགན་དེ་ལས་སྲོག་གཅོད་པ་མིན་པ་མཐའ་དག་ཁོ་མོས་དུས་ལྟར་ལེགས་འགྲུབ་བྱེད་བཞིན་ཡོད་པ་རེད། ད་ལྟ་ཁོ་མོ་མོ་ལོ་ལྔ་བཅུར་སོན་ལ་ཉེ་རུང་བལྟས་ཚོད་ཀྱིས་གསར་མོ་ལོ་སུམ་ཅུ་ལ་བུད་པ་ཞིག་དང་འདྲ་ལ་ཡག་མོ་སྒོ་དང་གཡུག་ལས་ཀ་སོགས་ཀྱང་དེ་དག་དང་ཆ་མཉམ་སྒོས་ཡོངས་འགྲུབ་བྱེད་བཞིན་ཡོད་པས་ཁོ་མོ་དང་འདྲ་བར་མོ་ལོ་ལྔ་བཅུར་འབུད་ལ་ཉེ་བ་སྟེ་ལོ་ལོན་གྱི་རང་ཚུགས་མངོན་པར་དོད་པའི་རྒན་མོ་དག་གིས་ཕྱོགས་གང་ཐད་ནས་ཁོ་མོའི་དོ་ཡ་མི་ནུས་པས་ཟུར་ཟའི་ཚུལ་གྱིས་རྡོ་རྗེ་སྐྱིད་ཞེས་པའི་སྐྱེས་མ་འདི་ལ་ཨ་མ་ཡ་རྡོ་ཞེས་པའི་སྦྱར་བྱུང་གི་མིང་ཞིག་བཙན་གྱིས་བཏགས་པ་རེད། དེ་ནི་ཁོ་མོ་ལ་མཚོན་ན་དགའ་འོས་པའི་དོན་དག་ཅིག་མིན་ན་ཡང་རྡོ་རྗེ་སྐྱིད་ཡུགས་སར་ལུས་པ་དེ་ནས་བཟུང་ཁོ་མོས་ཁྱིམ་ཚང་འདི་དང་རང་གི་ལྟོ་རྒྱབ་ཀྱི་ཆེད་དུ་མདོ་མེད་ཀྱི་སྐད་ཆ་དེ་དག་སྣང་མེད་དུ་བཞག་སྟེ་རང་ནུས་གང་ཡོད་ཀྱིས་འཚོ་ཚིས་ཀྱི་ཕྱིར་ནངས་སྔ་ལངས་དང་དགོང་འཕྱི་ཡིས་སྒོ་ཕྱི་ནང་གཉིས་ཀར་འདུར་རྒྱུག་བྱེད་དགོས་པར་གྱུར། རྡོ་རྗེ་སྐྱིད་མོ་གཅིག་པུ་ཡིན་ཡང་དབྱར་ཐོན་ན་མར་ཕྱུར་དང་དགུན་ཐོན་ན་ཕྱུགས་ཟོག་བདག་སྐྱོང་གི་ཆ་ནས་ཁྱོ་ག་དང་བྱིས་པ་ཡོད་པའི་ཁྱིམ་བདག་མ་དག་ལས་ལྡབ་འགྱུར་གྱིས་ཡོངས་འབབ་བཟང་ལ་ནོར་ལུག་གི་ཁ་གྲངས་ཀྱང་སྔོན་ཆད་མོའི་ཁྱོ་ག་འབྲུག་འབུམ་རྒྱལ་ཡོད་དུས་ལས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ཚེ་རིང་རྣམ་རྒྱལ། སྒྲུང་གཏམ།
ཨ་མ་ཡ་རྡོ་གསར་མོ་ཡིན་པའི་དུས་སུ་སྡེ་བ་འདིའི་ནང་གི་གསར་བུ་དག་གིས་སྔ་རྗེས་བརྩད་དེ་འཕྲོག་རྩོད་བྱེད་དགོས་པའི་གསར་མོ་ཡག་མ་ཞིག་ཡིན་པ་མ་ཟད། ལག་ལས་ཀ་དང་བཟང་ཤེས་རྒྱ་སོགས་གང་ཐད་ནས་གསར་མོ་དག་གིས་རྩེ་གྲས་སུ་གཏོགས་པ་རེད། དེའི་དུས་ཀྱང་ད་ལྟའི་ལོ་ལོན་ཡིན་པར་འདོད་པའི་རྒན་མོའམ་ཁོ་མོ་ལ་འཕྱ་དམོད་དང་ཟུར་ཟ་བྱེད་མཁན་འདི་དག་གིས་ཐབས་བརྒྱ་ཇུས་སྟོང་གིས་རྡོ་རྗེ་སྐྱིད་ལ་སྒྲོ་འདོགས་དང་མཚང་འབྲུ་ཁོ་ན་བྱེད་ཀྱིན་ཡོད་པ་ནི་བུད་མེད་ཀྱི་རིགས་ལ་ལྡན་པའི་ཕྲག་དོག་ཞེས་པའི་ནུས་མཐུ་ལས་བྱུང་བའི་བསམ་ཚུལ་ངན་པ་ཞིག་ལས་མ་འདས་པ་འདྲ། གང་ལྟར་ཨ་མ་ཡ་རྡོ་གསར་མོ་ཡིན་དུས་གཉེན་སློང་མཁན་དཔོན་ཚང་ཡིན་ལ་རོགས་འགྲོགས་ས་ཕྱུག་པོ་ཡིན་དོན་ཡང་ཁོ་མོའི་ལུས་སྟེང་དུ་སྡེ་བ་འདིའི་བུད་མེད་གཞན་ལ་མེད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པའི་དབང་གིས་ཡིན་སྲིད་པ་རེད། ཨ་མ་ཡ་རྡོའི་མི་ཚེ་གང་བོར་གཞན་ལ་བཟང་ལས་གནོད་བྱས་མ་མྱོང་ཡང་རང་སྡེ་ནང་གི་སྐྱེས་མ་ཚོས་མིག་གིས་མཐོང་མི་འདོད་པ་དང་རྣ་བས་གོ་མི་འདོད་པ་ནི་རྡོ་རྗེ་སྐྱིད་ཞེས་པའི་མིང་འདི་ཡིན་པས་ཁོ་མོའི་འདས་མ་ད་གསུམ་གྱི་གཏམ་རྒྱུད་ནི་མོ་ལ་མཚོན་ནས་བཤད་ན་དེ་འདྲའི་དགའ་འོས་པ་ཞིག་གཏན་ནས་མ་ཡིན་ནོ ། ། ཡིན་ན་ཡང་། ལོ་ན་ལྔ་བཅུར་སོན་ལ་ཉེ་བའི་དུས་དེ་རིང་གི་ཨ་མ་ཡ་རྡོ་ལ་ཆ་མཚོན་ནས་བཤད་ན་རང་སྡེ་ནང་གི་རང་དང་ལོ་ན་མཉམ་པ་དག་གིས་ཁོ་མོ་ལ་བཅངས་པའི་རྣམ་འགྱུར་དང་ལྟ་སྟངས་ཀྱི་ཆ་ལ་དོ་སྣང་གང་ཡང་མི་བྱེད་པར་རང་གིས་སྒྲུབ་དགོས་པ་དང་རང་ཉིད་ཞུགས་དགོས་པའི་ལམ་ལ་སྔར་བཞིན་དུ་ཞུགས་ཀྱིན་ཡོད་པ་འདི་ནི་ཨ་མ་ཡ་རྡོ་ལ་ཆ་མཚོན་ནས་བཤད་ན་རང་དང་རང་གི་འཚོ་བའི་གནད་དོན་ལ་འགན་ཁུར་བའི་བུད་མེད་ཅིག་ཡིན་པ་ཡང་ངང་གིས་རྟོགས་ནུས་པ་རེད། རང་སྡེ་ནང་གི་ཁ་ཡ་ན་ཟླ་དག་གིས་མོ་ལ་རང་ནུས་ཅི་ལྕོགས་ཀྱིས་མནར་གཅོད་གཏོང་བཞིན་པའི་རྒྱུ་མཚན་ཡང་ཁོ་མོའི་གཞན་དང་མི་འདྲ་བའི་བྱེད་ནུས་དང་སྒེག་ཉམས་ལ་ཡིད་མ་རངས་པའི་སྣང་ཚུལ་ཞིག་ཡིན་པ་གོར་མ་ཆག་གོ། ཁོ་མོའི་ཁྱོ་ག་འབྲུག་འབུམ་རྒྱལ་གཞེས་ནིང་ལོར་ཆང་འཐུང་ནས་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་ཟིན་ན་ཡང་། ནགས་མང་སྡེ་བའི་བཤད་ཁ་མ་དག་གིས་མོའི་ཁྱོ་ག་དང་མི་གཞན་པའི་བར་ལ་རྩོད་གཞི་བྱུང་ནས་ཁོ་རང་མི་དེས་གྲིས་བསྣུན་ནས་བསད་པ་རེད་ཞེས་པའི་གཏམ་ངན་ཞིག་སུས་བཤད་འདིས་བསྒྲགས་མེད་པར་གང་སར་ཁྱབ་ཀྱིན་ཡོད་པ་རེད། དོན་དམ་པས་བཤད་ན་ཨ་མ་ཡ་རྡོའི་ཁྱོ་ག་དུས་ནམ་ཞིག་ལ་ཚེ་ལས་འདས་པ་དང་འདས་རྐྱེན་ཅི་ཞིག་ཡིན་པ་མོ་ལ་ཡང་གསལ་བོ་ཞིག་བཤད་རྒྱུ་ཡོད་པ་མ་རེད། གང་ལྟར་ལོ་དེ་ནས་བཟུང་ཨ་མ་ཡ་རྡོའི་མིང་གི་མཐར་མིང་གསར་བ་ཞིག་ཁ་སྣོན་བྱས་ཡོད་པ་ནི་ཡུགས་ས་མ་ཞེས་པ་དེ་རེད། དེ་ནས་བཟུང་ནམ་རྒྱུན་སྡེ་བའི་ནང་དུ་རྩེད་ལ་དགོད་པའི་ཨ་མ་ཡ་རྡོ་གློ་བུར་དུ་གང་དང་སུ་ལ་ཡང་མི་འགྲོགས་ཤིང་ཁྱད་པར་དུ་རང་སེམས་སུ་དགའ་སྐྱོ་གང་ཡོད་བརྗོད་པར་མི་བྱེད་པར་ཁེར་འདུག་ཁེར་འགྲོ་ལ་དགའ་བ་ཞིག་ཏུ་གྱུར་ཟིན་པ་རེད། ལ་ལས་བཤད་ན་མོའི་ཁྱོ་གའི་ཤི་རྐྱེན་ནི་མོ་ལ་ཡུལ་ཕྱོགས་གཞན་ཞིག་ཏུ་དགའ་རོགས་ཤིག་ཡོད་པ་དེས་གསང་བའི་སྒོ་ནས་བསད་པ་ཡིན་ལ། ཡང་ལ་ལས་བཤད་ན་ཨ་མ་ཡ་རྡོས་ཁྱོ་གས་ནམ་རྒྱུན་འཐུང་བཞིན་པའི་ཆང་གི་ནང་དུ་དུག་དྲངས་ནས་བསད་པ་རེད། གང་ལྟར་རྩོད་གཞི་ཅན་གྱི་ཤི་རྐྱེན་འདིས་ཁོ་མོ་ནི་རང་སྡེ་ནང་གི་མི་རྣམས་ཀྱིས་ཆེས་མཐོང་མི་འདོད་པ་དང་འབྲེལ་འདྲིས་བྱེད་མི་འདོད་པའི་མི་སྣ་ཁྱད་པར་ཅན་ཞིག་ཏུ་འགྱུར་དུ་བཅུག་པ་རེད། ཨ་མ་ཡ་རྡོ་ལ་ཆ་མཚོན་ནས་བཤད་ན་མི་གཞན་གྱིས་བཤད་པའི་སྐད་ཆ་དེ་དག་ལ་འཛེམ་དོགས་མེད་པར་སྔར་ལས་ལྷག་པའི་སྒོ་ནས་གོས་གང་ཡག་དང་ཟས་གང་ཞིམ། ཡག་གང་ཡོད་ངོམ་ནས་རང་ཁྱིམ་གྱི་དོན་དུ་འབད་ཀྱིན་ཡོད་པ་ལ་བལྟས་ན་ཁོ་མོ་ནི་ཁྱོ་ག་འདས་པའི་ཡུགས་ས་མ་ཞིག་རེད་ཞེ་ན་རྣར་འགྲོ་ཁག་པ་ཞིག་ཏུ་གྱུར་ཡོད་པ་རེད།
སྡེ་བ་འདིའི་མིང་ལ་ནགས་མང་སྡེ་བ་ཟེར་ཞིང་ཕྱུགས་ལས་གཙོ་བོ་གཉེར་བའི་འབྲོག་སྡེ་ཞིག་ཡིན། སྡེ་བ་འདིའི་ཕ་རིང་ནས་བུ་རིང་ལ་མཆོད་ཅིང་བསྟོད་ཀྱིན་ཡོད་པའི་གནས་རི་བྲག་དཀར་གྱི་འདབས་སུ་དངུལ་དཀར་གྱི་སྐ་རགས་ཤིག་གྱ་མ་གྱུ་ཡི་ཚུལ་དུ་ས་ལ་བཀྲམ་པ་འདྲ་བའི་ཆུ་བོ་ཆུང་ལ་ཆེ་རྒྱུ་མེད་པ་ཞིག་བཞུར་བཞིན་ཡོད་པ་ནི་གནས་འདིའི་མི་ཟོག་གཉིས་ཀྱི་འཚོ་བའི་རྟེན་གཞིར་གྱུར་བའི་ཆུ་དཀར་ཞེས་འབོད་བཞིན་ཡོད་པ་དེ་ཡིན་ལ། ཆུ་འདིའི་འགྲམ་ངོགས་སུ་ཆགས་ཤིང་གནས་པའི་ནགས་མང་སྡེ་བའི་རུ་ཁྱིམ་དག་ནི་རང་རང་གི་རྩྭ་སའི་གནས་བབ་དང་བསྟུན་ནས་ཆུ་འདིའི་འགྲམ་གཉིས་སུ་ཆགས་ཡོད་པ་ནི་སུ་ཞིག་གིས་ཆེད་དུ་བཀོད་སྒྲིག་བྱས་པ་དང་གཉིས་སུ་མ་མཆིས་ལ། ནང་སྒོས་སུ་རི་གཅིག་གི་འདབས་རོལ་དང་ཆུ་གཅིག་གི་གཡས་གཡོན་དུ་ཆགས་པའི་ནགས་མང་སྡེ་བའི་མི་རྣམས་ནི་སྐྱིད་ན་སྒང་གཅིག་དང་ལྷུང་ན་ཁུགས་གཅིག་བྱས་ནས་མི་རབས་ནས་མི་རབས་བར་ཨ་ལགས་སྐུ་རྒོད་ཚང་གིས་ཅི་གསུངས་བཀའ་ལྟར་སྒྲུབ་པའི་སྡེ་བ་བོས་ན་མིང་དང་འགྲན་ན་རྩལ་ཡོད་པ་ཞིག་ཡིན་ནོ། ། ཡིད་མུག་པ་ཞིག་ལ་ཨ་མ་ཡ་རྡོའི་ཁྱོ་ག་ཚེ་ལས་འདས་པ་དེ་ནས་བཟུང་ནགས་མང་སྡེ་བ་ཞེས་པའི་སྙན་པའི་གྲགས་པ་ཡུལ་འདིར་ཁྱབ་བཞིན་པའི་སྡེ་བ་འདི་ལ་སྔ་ན་མེད་པའི་གོད་ཆག་ཆེན་པོ་དུ་མ་ཞིག་གཅིག་རྗེས་གཉིས་མཐུད་དུ་བྱུང་མགོ་ཚུགས་པས་སྡེ་འདིའི་མི་རྣམས་ཀྱིས་དོན་རྐྱེན་གྱི་འབྱུང་ཁུངས་ནི་ཨ་མ་ཡ་རྡོ་ཡིན་པ་དང་ཨ་མ་ཡ་རྡོའི་ཁྱོ་ག་འདས་པ་དེ་ནས་བཟུང་རང་སྡེ་ནང་དུ་བཀྲ་མི་ཤིས་པའི་ཆག་སྒོ་སྣ་ཚོགས་ཤིག་བྱུང་མགོ་བརྩམས་པ་རེད་ཞེས་དོན་དག་གང་བྱུང་གི་ཉེས་པ་གང་ཡོད་ཨ་མ་ཡ་རྡོ་ཡིན་པར་བཤད་ལ་ཨ་ལགས་སྐུ་རྒོད་ཚང་གིས་ཀྱང་ཨ་མ་ཡ་རྡོ་ནི་མི་མ་ཡིན་པའི་རིགས་སུ་གཏོགས་པ་འདྲ་བའི་ལྟ་ཚུལ་གཞན་ཞིག་འཛིན་བཞིན་ཡོད་པས་སྡེ་བ་འདིའི་མི་རྣམས་ནི་ཨ་ལགས་སྐུ་རྒོད་ཚང་གི་རྗེས་སུ་འབྲངས་ཏེ་བླ་མའི་དགོངས་ཚུལ་དང་གཅིག་མཚུངས་ཀྱི་ལྟ་བ་ཞིག་ཨ་མ་ཡ་རྡོ་ལ་འཛིན་བཞིན་ཡོད་པ་རེད། སྣང་ཚུལ་དེ་དག་གི་མཐར་གཏུགས་ཀྱི་འབྱུང་ཁུངས་གཙོ་བོ་ནི་ཨ་མ་ཡ་རྡོའི་ཁྱོ་ག་ཚེ་ལས་འདས་པ་དེ་ལ་རག་ལས་ཡོད་པ་རེད་ཞེས་བརྗོད་པའི་སྐད་ཆ་དེ་དག་གིས་ཁོ་མོའི་སེམས་སུ་དགའ་སྐྱོ་གང་གི་བག་ཆགས་ཅི་འདྲ་ཞིག་བཞག་ཡོད་པ་ངས་ཀྱང་གསལ་བོ་ཞིག་བརྗོད་ཁག་ན་ཡང་སྡེ་བ་འདིའི་མི་ཆེ་ཆུང་ཀུན་གྱིས་ཨ་མ་ཡ་རྡོ་མཐོང་བ་ན་མི་ཤ་རློན་པ་དང་མི་ཁྲག་དྲོན་མོ་འཐུང་བར་བྱེད་པའི་འདྲེ་སྲིན་ཞིག་མཐོང་བ་དང་འདྲ་བར་ཁོ་མོ་དང་རིང་དུ་གྱེས་པ་དང་གཡོལ་ནས་འགྲོ་བ་སོགས་ཀྱིས་མོ་ལ་བཟོད་གླགས་མེད་པའི་སྡུག་བསྔལ་གྱི་ན་ཟུག་ཆེན་པོ་ཞིག་ད་ལྟ་ཡུགས་སར་ལུས་པའི་ཨ་མ་ཡ་རྡོས་མྱངས་ཀྱིན་ཡོད་པ་ནི་ཅི་འདྲའི་ཡིད་མུག་པ་ཞིག་རེད་ཨང་། སྡེ་བ་འདིའི་མི་རྣམས་ཀྱིས་ཁོ་མོ་ལ་ལྟ་སྟངས་དེ་བཟུང་བ་ནས་ཁོ་མོས་ནོར་ལུག་འཚོ་སྐྱོང་གི་ཆ་ལ་སྔ་ན་མེད་པའི་སྟབས་བདེ་གང་ལེགས་ཤིག་ངང་ངམ་ཤུགས་ཀྱིས་སྐྲུན་པར་བྱས་པ་རེད། དེ་ནི་ཨ་མ་ཡ་རྡོའི་ནོར་ལུག་གང་དུ་ཡོད་པའི་གནས་དེར་ཁྱིམ་ཚང་གཞན་པའི་ནོར་ལུག་མི་འདེད་ལ་ཨ་མ་ཡ་རྡོའི་ནོར་ལུག་ས་གནས་གང་དུ་ཐོན་པའི་ཕྱོགས་དེར་ཁྱིམ་མི་གཞན་པ་གཅིག་ཀྱང་མི་ཡོངས་པས་ཁོ་མོ་དང་ཁོ་མོའི་ནོར་ལུག་དག་ནི་རི་མཐོ་ས་དང་སྤང་ཡངས་ས་ནས་རྩྭ་གང་བཟང་དང་ཆུ་གང་དྭངས་ལོངས་སུ་སྤྱོད་ཀྱིན་ཡོད་པས་ཁོ་མོའི་ནོར་ལུག་ཁ་གྲངས་ཀྱི་འཕེལ་རིམ་ལ་སྔར་ལས་ལྷག་པའི་འཕོ་འགྱུར་ཆེན་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་རེད། གསལ་བོར་བཤད་ན་རྫི་བོ་སུ་ཞིག་གིས་ཀྱང་རང་གི་ནོར་ལུག་དེ་ཨ་མ་ཡ་རྡོའི་ནོར་ལུག་དང་འདྲེས་སུ་མི་འཇུག་ལ་ཨ་མ་ཡ་རྡོའི་ནོར་ལུག་གི་ཁྱུ་ཚོགས་འཁོར་སར་ཁོ་ཚོའི་ནོར་ལུག་གཏན་ནས་མི་འཚོ་བའི་གནས་ཚུལ་འདི་ཨ་མ་ཡ་རྡོས་ཤེས་པ་ནས་བཟུང་། བསམ་གཟས་ནས་རང་གི་ནོར་ལུག་གི་ཁྱུ་ཚོགས་ཀྱིས་རྩྭ་ཆུ་འཛོམས་སར་བདག་ཏུ་བཟུང་ནས་སོས་དལ་བག་ཕབ་ཀྱི་འཚོ་བ་ཞིག་རོལ་གྱིན་ཡོད་ལ། ཁོ་མོ་ནི་གང་འདོད་དུ་འགྲོ་བཞིན་པའི་ནོར་ལུག་གི་རྗེས་སུ་འབྲངས་ཏེ་རི་སྤྱང་ལ་ཐེ་གཏོགས་བྱེད་དགོས་པ་ལས་གཞན་པའི་ནོར་ལུག་དང་འདྲེས་པའི་ཆ་ལ་སེམས་ཁུར་ཏིལ་ཙམ་ཡང་བྱེད་དགོས་པ་མ་རེད། དེ་ནི་ཁོ་ལ་འཛེམ་དོགས་བྱེད་ཀྱིན་པའི་ནོར་ལུག་གི་རྫི་བོ་ཚོས་རང་གི་ནོར་ལུག་གི་ཁྱུ་དག་ཨ་མ་ཡ་རྡོའི་ནོར་ལུག་དང་འདྲེས་སུ་མི་འཇུག་པ་དེ་རེད། དེ་ནི་ཨ་མ་ཡ་རྡོ་ལ་ཆ་མཚོན་ནས་བཤད་ན་རང་དབང་ལྡན་པའི་རྫི་བོ་ཞིག་ཡིན་ཞེས་བཤད་ཆོག་ཆོག་འདུག་པ་རེད།
“རེམ་རེམ་རྒྱུག་རྒྱུག རང་གི་ནོར་ལུག་དག་ཡུགས་རྒན་མའི་ནོར་ལུག་དང་འདྲེས་སུ་མ་འཇུག ཐ་ན་དེའི་ཕྱོགས་སུ་ཡང་འགྲོ་མི་རུང་གལ་ཏེ་འདྲེས་ཚེ་རང་གི་ནོར་ལུག་གི་ཁྱུ་ལ་གོད་ཁ་ཆེན་པོ་ཞིག་འབྱུང་བ་གདོན་མི་ཟ། རྒྱུག་རྒྱུག་ཚུར་ཐེད་ལ་ཤོག”
ནགས་མང་སྡེ་བའི་ན་གཞོན་རྫི་བོ་དག་གིས་རང་རང་གི་ནོར་ལུག་གི་ཁྱུ་དག་རྩྭ་ཆུ་འཛོམས་སར་འཚོ་བཞིན་ཕྱོགས་གཅིག་ཏུ་བསྡད་དེ་འགྱིག་འདེབས་པ་དང་འཇུ་རེས་བྱེད་པ། གནའ་གཏམ་བཤད་པ་དང་རི་གླུ་འགྲན་པ་སོགས་རང་རང་གི་དགའ་མོས་ལྟར་རྫི་བོའི་ཉི་མ་འཁྱོལ་ཐབས་བྱེད་ཀྱིན་པའི་སྐབས་སུ་རང་སྣང་གང་ཤར་གྱིས་རི་ལུང་ཐང་གསུམ་གྱི་གང་སར་རྒྱུ་བཞིན་པའི་ཨ་མ་ཡ་རྡོའི་ནོར་ལུག་གི་ཁྱུ་དག་འབའ་སྒྲ་ལྷང་ལྷང་ཁོ་ཚོའི་ནོར་ལུག་གི་ཕྱོགས་སུ་། ཞོགས་ནས་ཡོངས་བཞིན་པ་མཐོང་མ་ཐག་རྫི་བོ་ཚོས་རང་གི་ནོར་ལུག་གི་ཁྱུ་ལ་སྤྱང་ཚོགས་ཀྱིས་འཇབ་རྒོལ་བྱས་པ་ལྟར་རང་རང་གི་ནོར་ལུག་གི་རྗེས་སུ་རྒྱུག་ནས་ཁོ་མོའི་ནོར་ལུག་མི་ཡོངས་སའི་གནས་སུ་འདེད་པར་བྲེལ་འདུག སྐབས་དེའི་ཨ་མ་ཡ་རྡོ་ནི་རང་གི་ཉིན་རྒྱུན་ཞོན་པར་གྱུར་བའི་རྟ་ནག་འབྲུག་འདྲའི་གོང་དུ་གད་མོ་ལྷུག་ལྷུག་དུ་དགོད་ཀྱིན་ཡོད་ལ་དགོད་སྒྲ་འདིས་གནས་འདིའི་རྫི་བོ་དག་ལ་སྔ་ན་མེད་པའི་འཇིགས་སྣང་ཁྱད་པར་ཅན་ཞིག་སྐྱེས་སུ་བཅུག་པ་རེད། དེ་ནི་ཇག་ཚོགས་ཤིག་གནས་འདིའི་ནོར་ལུག་གི་ཁྱུ་འཕྲོག་དུ་ཐོན་པ་ལ་འབྲོ་བ་དང་ཡང་འདྲའོ། ། ཨ་མ་ཡ་རྡོས་རང་སྡེ་ནང་གི་རྫི་བོ་དག་གིས་མོ་ལ་བཟུང་བའི་ལྟ་སྟངས་ག་འདྲ་ཡིན་པ་སྔ་མོ་ནས་གསལ་བོར་ཤེས་པས་དེ་སྔ་ཁོ་ཚོ་ཕྱོགས་གཅིག་ཏུ་བསྡད་དེ་རྩེད་མོ་སྣ་ཚོགས་རྩེ་བཞིན་པའི་གནས་དེར་སོང་བ་ན་ད་དུང་གནས་དེར་སྡོད་པའི་ཟོག་རྫི་རྣམས་བྲེལ་འཚུབ་ཀྱིས་ཕྱིར་མིག་གིས་ཡང་ཡང་ལྟ་བཞིན་རང་རང་གི་ནོར་ལུག་གི་རྗེས་སུ་འབྲོ་བ་ལས་རང་གི་གོན་པ་སོགས་གནས་དེར་ཡོད་པའི་དངོས་པོ་དག་ཀྱང་འཁྱེར་བར་མ་ནུས་པར་གནས་དེར་བཞག་ཡོད་པར་ལེན་དུ་ཡོངས་ཕོད་པ་ཡང་གཅིག་ཀྱང་མེད་པར་ཨ་མ་ཡ་རྡོ་གནས་དེ་ནས་འགྲོ་རག་བར་དུ་གད་པ་དང་གྲོག་མོ་སོགས་སུ་སྐོང་ནས་གྲང་ངར་གྱི་མནར་གཅོད་མྱངས་ཀྱིན་འདར་སིག་སིག་བྱེད་ཀྱིན་ཡོད་པ་རེད། ཁོ་མོས་གནས་ཚུལ་དེ་ཤེས་པའི་དབང་གིས་ས་རུབ་རག་བར་དུ་རྫི་བོ་དག་གི་བྲོ་ཁ་དང་སློག་པ་སོགས་བཞག་ཡོད་པའི་དེའུ་འབུར་དེ་དང་་ཁ་མ་བྲལ་བར་བསྡད་པ་རེད། དེ་ནི་ཁོ་མོས་རང་སྡེ་ནང་གི་རྫི་བོ་དག་གིས་ཁོ་མོ་ལ་མཐོང་ཆུང་བྱས་པར་ཆེད་དུ་གཡོ་ཐབས་རང་བཞིན་གྱིས་མནར་གཅོད་ཅིག་གཏོང་བཞིན་ཡོད་པ་དང་གཉིས་སུ་མ་མཆིས་པ་རེད། སྲོད་དུས་ཀྱི་སྐབས་སུ་ཨ་མ་ཡ་རྡོ་ད་གཟོད་གནས་དེ་དང་བྲལ་བ་ན་ད་གཟོད་རྫི་བོ་དག་གིས་རང་རང་གི་གོན་པ་སོགས་འཁྱེར་ཏེ་གང་མགྱོགས་ཅི་མྱུར་གྱིས་ནོར་ལུག་གི་ཁྱུ་དེད་དེ་ཡུལ་དུ་འགྲོ་བཞིན་ཡོད་ལ་ཕྱི་དྲོའི་དུས་སུ་ཐོན་པ་དང་སྔ་མོ་ནས་འབྲི་མོ་བཞོ་བར་སྒུག་ཡོད་པའི་ཁྱིམ་བདག་མ་དག་གིས་ནམ་རྒྱུན་ཉི་མ་ནུབ་ལ་ཉེ་དུས་ལྷས་སུ་ཐོན་པར་བྱེད་པའི་བཞོན་མའི་ཁྱུ་དག་ད་དུང་མ་ཐོན་པས་སེམས་འཚུབ་ནས་མདུན་གྱི་དེའུ་འབུར་དང་རི་མཐོ་སར་བུད་དེ་ནོར་ལུག་དེད་པའི་ཕྱོགས་སུ་ཡང་ཡང་ལྟ་དགོས་པར་གྱུར་བ་རེད།
ནགས་མང་སྡེ་བའི་མི་རྣམས་ཀྱིས་བསམ་པར་ཨ་མ་ཡ་རྡོ་ནི་བཀྲ་མི་ཤིས་པའི་མི་ཞིག་ཡིན་པ་དང་ཨ་མ་ཡ་རྡོ་དང་འཕྲད་ཚེ་རང་ཉིད་ལ་ཡང་བཀྲ་མི་ཤིས་པའི་སྔ་ལྟས་གང་མང་ཞིག་འབྱུང་བར་ཐེ་ཚོམ་སྒོས་ཁོ་མོའི་ནོར་ལུག་གི་ཁྱུ་ལ་ཡང་ཨ་མ་ཡ་རྡོ་དང་ གཅིག་མཚུངས་ཀྱི་ལྟ་ཚུལ་མི་ལེགས་པ་ཞིག་བཅངས་ཡོད་པའི་དབང་གིས་དུས་དང་རྣམ་པ་ཀུན་ཏུ་ཨ་མ་ཡ་རྡོ་དང་ཨ་མ་ཡ་རྡོའི་ནོར་ལུག་གི་ཁྱུ་སོགས་དང་རིང་དུ་བཀྱེད་བཞིན་ཡོད་པ་རེད། དེ་ནི་མི་ཆོས་རིང་ལུགས་ཀྱི་ལྟ་བ་དང་འགལ་ཞིང་རྨོངས་དད་ཀྱི་ ཤན་ཤུགས་ངན་པ་ཞིག་ཐེབས་སུ་འཇུག་མཁན་ནི་ནགས་མང་སྡེ་བའི་ལོ་ལོན་བཤད་ཁ་མ་དག་དང་མདོ་མེད་ཉོག་གཏམ་སྨྲ་བར་དགའ་བའི་རྒན་པོ་དག་གིས་བརྒྱུད་བསྒྲགས་བྱས་པའི་གཏམ་ངན་དང་ཐད་ཀར་དུ་འབྲེལ་བ་དམ་པོ་ཞིག་ཡོད་པ་རེད། ཨ་ལགས་སྐུ་རྒོད་ཚང་གིས་ཀྱང་ནགས་མང་སྡེ་བའི་ལོ་ལོན་དག་གིས་བཤད་པའི་གཏམ་དེ་དག་བདེན་རྫུན་གྱི་ཤན་འབྱེད་མ་ཐུབ་པས་ཉན་པར་མི་འདོད་པའི་གཏམ་ངན་དེའི་རིགས་ལ་སྔོན་འགོག་གི་བཀའ་གསུངས་གང་ཡང་མ་བསྒྲགས་པ་ནི་ཁོ་ཚོ་ལ་ཆ་མཚོན་ནས་ བཤད་ན་ཨ་ལགས་སྐུ་རྒོད་ཚང་གིས་ཀྱང་ཁོ་ཚོའི་ལྟ་ཚུལ་དང་གཅིག་མཚུངས་ཀྱི་དགོངས་གཞི་ཞིག་ཡོད་པར་འདོད་པ་རེད། གཏམ་ངན་འདི་དག་མཐར་གཏུགས་ནས་བཤད་ན་ནགས་མང་སྡེ་བའི་སྡེ་དཔོན་དང་འབྲེལ་བ་ཡོད་པ་ཞིག་སྟེ་ཁོང་གིས་རང་གི་བློར་འབབ་བཞིན་པའི་ཨ་མ་ཡ་རྡོས་རང་གི་འདོད་པ་མི་སྐོང་བའ་ཆ་ནས་བསམ་གཟས་ནས་ཨ་མ་ཡ་རྡོ་ལ་ཆེད་དུ་ཐབས་ཀྱི་སྒོ་ནས་ མནར་གཅོད་གཏོང་སྟངས་ཤིག་ཡིན་པ་ནགས་མང་སྡེ་བའི་མི་རྣམས་ཀྱིས་ཕལ་ཆེར་ཤེས་ཀྱིན་མེད་པ་འདྲ། དེ་ཡང་སྡེ་དཔོན་བསྟན་པ་དང་ཨ་མ་ཡ་རྡོའི་བར་དུ་གཞོན་དུས་ནས་གསང་བ་ལྐོག་གྱུར་གྱི་བརྩེ་སེམས་ཤིག་ཆགས་ཡོད་པ་ཡིན་ལ། ནམ་རྒྱུན་ཁོ་ མོའི་ཁྱོ་ག་མེད་པའི་སྐབས་སུ་སྡེ་དཔོན་བསྟན་པ་གསང་བའི་སྒོ་ནས་ཁོ་མོའི་གམ་དུ་འདོད་པ་ལོངས་སུ་སྤྱོད་དུ་ཡོངས་བཞིན་ཡོད་པ་རེད། གནས་ཚུལ་འདི་སྡེ་བ་ནང་གི་མི་རེ་འགའ་ཞིག་གིས་ཤེས་ན་ཡང་གཅིག་ནས་དོན་དག་གང་ཡོད་སྡེ་དཔོན་བསྟན་པ་ལ་རེ་དགོས་པས་གསང་བ་དང་གཉིས་ནས་གལ་ཏེ་གནས་ཚུལ་འདི་གཞན་ལ་བསྒྲགས་ཚེ་སྡེ་དཔོན་བསྟན་པ་དང་རང་སྡེའི་མཚན་ སྙན་ལ་གནོད་པར་དོགས་ནས་སྔར་བཞིན་གསང་རྒྱ་དམ་པོ་བྱས་པ་རེད། རེད་མོད་ཀྱང་ཨ་མ་ཡ་རྡོའི་ཁྱོ་ག་ཚེ་ལས་འདས་པ་དེ་ ནས་བཟུང་སྡེ་དཔོན་བསྟན་པའི་གདོང་ལ་སྔ་ན་མེད་པའི་འཛུམ་མདངས་ཤིག་ངོམ་ནས་བློ་བདེ་བག་ཕབ་ཀྱིས་གསང་བའི་སྒོ་ནས་ཁོ་མོའི་གམ་དུ་ཡོངས་རུང་ཨ་མ་ཡ་རྡོས་ཁོ་ལ་ཁ་ཡ་མི་བྱེད་པ་དང་ཁོའི་རེ་བ་དང་ལེན་མ་བྱས་པས་སྡེ་དཔོན་བསྟན་པ་དང་ཁོ་ མོའི་བར་དུ་སྔོན་ཆད་བྱུང་མ་མྱོང་བའི་འགལ་བ་ཆེན་པོ་ཞིག་བྱུང་བའི་མགོ་བརྩམས་པ་རེད། སྡེ་བ་འདིའི་གསང་བ་ལྐོག་གྱུར་དུ་ཚུད་པའི་གནད་དོན་དེ་ནི་ཨ་མ་ཡ་རྡོའི་ཁྱོ་ག་གློ་བུར་དུ་ཤི་བའི་གནས་ཚུལ་གྱི་འབྱུང་རྐྱེན་དང་འབྲེལ་བ་ཡོད་པར་སྙམ་པའི་དོགས་ཟོན་བྱེད་ས་ཡང་སྡེ་དཔོན་བསྟན་པས་ཐབས་གང་ཞིག་བཀོལ་ནས་རང་གི་ཁྱོ་ག་མེད་པར་བྱས་པ་དེ་ཡིན་ཡང་། ད་བར་དུ་ཁོ་མོས་གསལ་ཐག་ཆོད་པའི་རྒྱུ་མཚན་གསལ་བོ་ཞིག་མ་རྟོགས་པའི་དབང་གིས་རང་གི་དོགས་པ་སྐྱེས་བཞིན་པའི་སྡེ་དཔོན་བསྟན་པས་བྱ་ཐབས་ངན་པ་སྤྱད་པ་ཡིན་མིན་ལ་རྩད་གཅོད་བྱེད་དང་བྱེད་བཞིན་ཡོད་པ་རེད། སུས་ཀྱང་བཤད་དཀའ་ལ་བདེན་དཔང་སྟོན་རྒྱུ་མེད་པའི་གནས་ཚུལ་འདི་སྡེ་དཔོན་བསྟན་པས་བྱ་ཐབས་ངན་པ་སྤྱད་པ་ཡིན་མིན་གསལ་བོར་མི་ཤེས་རུང་། ཨ་མ་ཡ་རྡོའི་སེམས་སུ་རང་གི་ཁྱོ་ག་གློ་བུར་དུ་ཚེ་ལས་འདས་པ་དེ་ནི་སྡེ་དཔོན་བསྟན་པའི་གཡོ་སྒྱུ་དང་འབྲེལ་བ་དམ་པོ་ཡོད་པ་རེད་བསམ་གྱིན་ཡོད། མོས་དེ་ལྟར་བསམ་པའི་དམིགས་ཡུལ་ཡང་ཨ་མ་ཡ་རྡོའི་ཁྱོ་ག་མེད་པར་བྱས་རྗེས་ད་གཟོད་སེམས་བདེ་བག་ཕབ་ཀྱིས་མོ་དང་མཉམ་གཅིག་ཏུ་སྡོད་འདོད་པ་དང་སྒོས་སུ་སྡེ་དཔོན་བསྟན་པ་ལ་དོགས་པ་སྐྱེས་དོན་ནི་ཁོ་རང་ཆང་གིས་བཟི་ནས་ཁོ་མོའི་གམ་དུ་ཡོངས་ཐེངས་རེར་ཁ་ནས་རང་དབང་མེད་པར་ཤོར་མྱོང་པ་ཡང་ནམ་ཞིག་གི་ཚེ་ན་ཁོས་མོའི་ཁྱོ་ག་མེད་པར་བྱས་ཏེ་མོ་རང་ཁོའི་ཆུང་མར་བསུ་དགོས་ཞེས་བཤད་པ་དེར་གཞིར་བྱས་པ་རེད། ཨ་མ་ཡ་རྡོའི་ཁྱོ་ག་ནི་མི་ལ་འབྲེལ་འདྲིས་བྱེད་ཤེས་ཤིང་མི་དང་བསྟུན་པར་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་རང་དོན་ལས་གཞན་དོན་གཙིགས་སུ་འཛིན་པར་བྱེད་པ། སྐྱིད་སྡུག་གང་ལ་འཕྲད་ཀྱང་དྲང་བདེན་གྱི་སྐད་ཆ་ཤོད་པ་དང་གནས་ལུགས་ཀྱི་བྱ་བ་སྒྲུབ་པར་ནུས་པ་ཞིག་ཡིན་སྟབས་མི་སུ་ཡིན་ཡང་ཨ་མ་ཡ་རྡོའི་ཁྱོ་ག་མི་བཟང་ཟེར་མཁན་ཞིག་ད་ལྟའི་བར་དུ་བྱུང་མ་མྱོང་། སྟབས་མ་ལེགས་པ་ཞིག་ལ་ཁོ་རང་ཡུལ་གཞན་ཞིག་ལ་སོང་ནས་ཕྱིར་རང་ཁྱིམ་དུ་ལོག་དུས་གཞི་ནས་ནམ་གུང་གི་དུས་ཚོད་ཡལ་འདུག་པས་སྡེ་བ་འདིའི་མི་ཁྱི་ཐམས་ཅད་ཐང་ཆད་པའི་སྣང་བ་ཞིག་གིས་གཉིད་དུ་ཡུར་འདུག་པ་ཡིན་ལ། ཨ་མ་ཡ་རྡོ་ཡང་གཉིད་དུ་ཡུར་འདུག་པའི་སྐབས་རེད། ཁོས་རང་གི་ཆུང་མ་གཉིད་ལས་དཀྲོགས་པར་དོགས་ནས་རྐང་འཇབ་ལག་འཇབ་སྒོས་ཁྱིམ་དུ་འཛུལ་བ་ན་ཁོའི་རང་གི་མིག་ལ་ཡང་ཡིད་མི་ཆེས་པ་ལྟ་བུའི་དོན་དག་ཅིག་མཐོང་བྱུང་བ་ནི་སྡེ་དཔོན་བསྟན་པ་དང་ཁོའི་ཆུང་མ་ཡ་རྡོ་གཉིས་ཀྱིས་ལུས་གོས་ཡོངས་རྫོགས་ཕུད་དེ་མལ་ས་གཅིག་ཏུ་གཉིད་དུ་ཡུར་འདུག་པ་དེ་རེད། སྐབས་ཐོག་དེར་ཁོ་ལ་སྔར་སྐྱེས་མ་མྱོང་བའི་ཞེ་སྡང་ཞིག་གིས་དེ་མ་ཐག་ཏུ་རང་གི་སྐེད་དུ་བཏགས་པའི་གློ་གྲི་ཕྱུང་སྟེ་སྡེ་དཔོན་བསྟན་པ་དང་ཆུང་མ་ཡ་རྡོ་གཉིས་ལྔ་བའི་ལམ་དུ་མངགས་པར་བསམ་དུས་སྡེ་དཔོན་བསྟན་པ་གློ་བུར་དུ་ཡར་ལངས་ཏེ་ཁོ་ལ་ཕྱག་འཚལ་བ་དང་རང་གི་འདས་ཟིན་པའི་ཕ་མ་གཉིས་ཀྱི་ངོར་བལྟས་ནས་ད་ཐེངས་ཁོང་ གུ་ཡངས་སུ་གཏོང་དགོས་ཚུལ་གྱི་ཞུ་བ་ཡང་ཡང་བྱས་སྟབས། ཁོས་ཀྱང་སྔོན་ཆད་རང་གི་ཕ་མ་གཉིས་ཚེ་ལས་འདས་དུས་སྡེ་དཔོན་བསྟན་པས་རོགས་རམ་མི་དམན་པ་ཞིག་བྱས་པ་སོགས་འདས་དོན་མང་པོ་ཞིག་ལ་བསམ་བློ་བཏང་མཐར་གཞི་ནས་ལག་གི་རལ་གྲི་ས་ལ་གཡུགས་ཏེ་ཁ་གང་ཡང་མ་གྲགས་པར་སྒོ་ཕྱི་ལ་བུད་དེ་སྡེ་དཔོན་བསྟན་པ་ཁོང་ཚང་ནས་ཕྱིར་ལོག་པའི་གོ་སྐབས་ཤིག་སྤྲད་པ་རེད། གནས་ཚུལ་དེ་བྱུང་བ་དེ་ནས་བཟུང་སྡེ་དཔོན་བསྟན་པ་ཉིན་མཚན་མེད་པར་ཐུགས་མི་བདེ་བར་གྱུར་བ་ནི་ཨ་མ་ཡ་རྡོའི་ཁྱོ་གས་དུས་ནམ་ཞིག་གི་ཚེ་ཁོའི་གསང་བ་ཐམས་ཅད་ཕྱི་ལ་ཤོར་བར་དོགས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཁོ་རང་འཇིག་རྟེན་འདི་ནས་མེད་པར་བྱེད་རྒྱུའི་བསམ་ངན་གྱི་འཆར་གཞི་ཞིག་འདོན་བཞིན་ཡོད་ལ། དེ་ལྟར་བྱེད་དོན་ནི་ཁྱོ་ག་མེད་པར་བྱས་ཚེ་ཁོའི་སྔོན་ཆད་ཀྱི་གསང་བ་མི་གཞན་པས་མི་ཤེས་པ་དང་ཕྱོགས་གཞན་ཞིག་ནས་ཁོ་རང་འཛེམ་དོགས་མེད་པར་ཨ་མ་ཡ་རྡོའི་གམ་དུ་སོང་ཆོག་པ་བཅས་ལ་དམིགས་ཀྱིན་ཡོད་པ་ཡིན་མོད། སྡེ་དཔོན་བསྟན་པས་མ་མཁྱེན་པ་མ་གཏོགས་ཁོ་་དང་ཨ་མ་ཡ་རྡོའི་བར་དུ་རྒྱུན་ལྡན་མིན་པའི་འབྲེལ་བ་ཞིག་ཡོད་པ་དེ་སྡེ་བ་འདིའི་མི་ཐམས་ཅད་ཀྱིས་གསལ་བོར་ཤེས་ན་ཡང་ཁ་ནས་ཅི་ཡང་མ་བཤད་པར་མི་ཤེས་པའི་ཚུལ་འཆོས་ཀྱི་རྣམ་པ་མངོན་བཞིན་ཡོད་པ་དེ་རེད། གཞེས་ནིང་ལོར་ཨ་མ་ཡ་རྡོའི་ཁྱོ་ག་གློ་བུར་དུ་རྡོ་དམར་ཉག་ཁ་ནས་སུས་བསད་འདིས་བསད་མ་ཤེས་པར་བསད་པའི་དོན་དག་དེར་ཨ་མ་ཡ་རྡོས་དོགས་པ་ཟ་བཞིན་ཡོད་པ་ནི་སྡེ་དཔོན་བསྟན་པས་ཐབས་ཇུས་ངན་པ་ལག་བསྟར་བྱས་པ་རྟོགས་ན་ཡང་མོ་ལ་དེའི་ཕྱོགས་ཀྱི་བདེན་དཔང་གང་ཡང་མེད་སྟབས་ཁ་ཁུ་སིམ་མེར་མི་སྡོད་ག་མེད་དུ་གྱུར་བ་རེད། རྒྱུ་མཚན་དེ་དག་གི་དབང་གིས་མོས་རང་གི་ཁྱོ་ག་ཚེ་ལས་འདས་པའི་དོན་རྐྱེན་སོགས་སྡེ་དཔོན་བསྟན་པ་ལ་མ་བཤད་པ་མ་ཟད། དུས་དེ་ནས་བཟུང་སྡེ་དཔོན་བསྟན་པའི་རེ་འདུན་ཡང་དང་ལེན་མ་བྱས་པ་རེད། དེ་དང་དེ་འདྲ་བའི་གནད་དོན་མང་པོ་ཞིག་གི་དབང་གིས་ཞེ་ཁོང་དོག་པའི་ཨ་ལགས་སྡེ་དཔོན་བསྟན་པས་ཨ་མ་གཡུ་རྡོས་རང་ལ་ཁ་ཡ་མ་བྱས་པར་དམིགས་ནས་སྡེ་བ་འདིའི་མི་ཆེ་ཆུང་ཀུན་ལ་གསལ་བསྒྲགས་བྱེད་བཞིན་ཡོད་པ་ནི་ཨ་མ་གཡུ་རྡོ་ནི་སྲིན་མོ་གང་རུང་ཞིག་གི་སྤྲུལ་བ་ཡིན་པ་དང་། ཁོ་མོས་ཐོག་མར་རང་གི་ཁྱོ་ག་མེད་བརླགས་བྱས་པའི་རྗེས་སུ་ད་གཟོད་སྡེ་བ་འདིའི་མི་རེ་རེ་བཞིན་མེད་པར་བྱེད་འདོད་པ་དེ་ཡིན་པས་མི་སུ་དང་གང་ཞིག་ཀྱང་མོའི་གམ་དུ་འགྲོ་མི་རུང་བ་དང་། མོ་དང་འབྲེལ་འདྲིས་བྱེད་མི་རུང་བ་ནང་ཁྱད་པར་དུ་ཁོ་མོས་གང་བཤད་ལ་ཉན་མི་རུང་བ་སོགས་ཀྱི་རྨོངས་དད་ཀྱི་སྟོབས་ཤུགས་བཀོལ་ནས་མི་སེམས་འཁུམ་པར་བྱས་པའི་དབང་གིས་ཨ་མ་ཡ་རྡོ་ད་ལྟའི་གནས་བབ་འདི་ལ་ལྷུང་ཡོད་པ་རེད། ཨ་མ་ཡ་རྡོས་ཁ་ནས་མ་བཤད་པ་མ་གཏོགས་ཡིད་དུ་དྲན་བཞིན་པ་ནི་རང་གི་ཁྱོ་གའི་ཤི་རྐྱེན་ནི་སྡེ་དཔོན་བསྟན་པ་དང་འབྲེལ་བ་ཡོད་པར་འདོད་པ་དེ་ཡིན་ལ་སྡེ་དཔོན་བསྟན་པས་ཀྱང་གོ་སྐབས་དེ་དང་བསྟུན་ནས་མོ་ལ་སྒྲོ་འདོགས་བྱས་ཏེ་མི་གཞན་པས་མོ་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་མེད་པར་བྱས་ཁོ་དང་མོའི་བར་གྱི་དོན་དག་མི་གཞན་ལ་ཤེས་སུ་མི་འཇུག་པའི་བྱེད་ཐབས་ཤིག་ལ་རློམ་གྱིན་ཡོད་པ་རེད། གཞུང་རྒྱུད་དྲང་ཞིང་ལས་ལ་བརྩོན་པ། རྒྱུ་འབྲས་དང་ལེན་དང་དྲང་བདེན་གྱི་གནས་ལུགས་གཙིགས་འཛིན་བྱེད་པར་དགའ་བའི་ནགས་མང་སྡེ་བའི་མི་རྣམས་ཀྱིས་དུས་རྒྱུན་དུ་ཡིད་ཆེས་དང་གོང་བཀུར་བྱེད་བཞིན་ཡོད་པ་ནི་ཨ་ལགས་སྐུ་རྒོད་ཚང་དང་སྡེ་དཔོན་བསྟན་པ་གཉིས་ཡིན་ལ། སྡེ་དཔོན་བསྟན་པས་གསུངས་ཟིན་པ་ཞིག་སྡེ་བ་འདིའི་མི་རྣམས་ཀྱིས་དང་ལེན་དང་ཡིད་ཆེས་བྱེད་པ་ནི་བཤད་མ་དགོས་པ་ཞིག་རེད། དེ་བས་སྡེ་དཔོན་བསྟན་པས་རང་གི་གསང་བ་སྦ་གསང་དང་ཨ་མ་ཡ་རྡོས་རང་གི་འདོད་ཆགས་ཀྱི་རེ་འདུན་དང་ལེན་མ་བྱས་པའི་དབང་གིས་བྱེད་ཐབས་འདི་སྤྱོད་ཀྱིན་ཡོད་པ་ནི་ཨ་མ་ཡ་རྡོའི་ཁོག་ཏུ་ཁྲིག་ཁྲིག་ཡིན་ན་ཡང་། རང་གི་བདེན་ལུགས་སུ་གྲུབ་པའི་སྐད་ཆ་འདི་དག་མི་སུ་དང་གང་ལ་ཡང་བཤད་ས་མེད་ལ་བཤད་པའི་དབང་དུ་བཏང་ན་ཡང་ཡིད་ཆེས་བྱེད་མཁན་ཞིག་ཡོད་མི་སྲིད་པས་ཁོ་མོས་སྡེ་དཔོན་བསྟན་པས་གསུངས་པ་ནང་བཞིན་སྲིན་མོ་མིན་པའི་སྲིན་མོ་ལྟ་བུའི་འདུ་ཤེས་ཤིག་བསྒྱུར་དགོས་པ་རེད། འདི་ནི་ཨ་མ་ཡ་རྡོ་ལ་ཆ་མཚོན་ནས་བཤད་ན་རང་གི་ཁྱོ་ག་མེད་པའི་དུས་སྐབས་འདིར་མི་གཞན་གྱིས་རང་ལ་བརྙས་བཅོས་མི་བྱེད་པ་དང་རང་གི་ནོར་ལུག་འཚོ་སྐྱོང་བྱེད་བདེ་བའི་དབང་གིས་ཀྱང་ཡིན་སྲིད། སྡེ་དཔོན་བསྟན་པས་ནགས་མང་སྡེ་བར་མི་སུ་དང་གང་གིས་ཀྱང་ཨ་མ་ཡ་རྡོ་ལ་འབྲེལ་འདྲིས་བྱེད་མི་རུང་ཞེས་པའི་གསུངས་དེ་བསྒྲགས་པ་ནས་ བཟུང་ཨ་མ་ཡ་རྡོ་དངོས་སུ་ཁེར་རྐྱང་ཡིན་ལ་ཨ་མ་ཡ་རྡོ་དོན་གྱིས་རང་དབང་དུ་གྱུར་བ་རེད། ཁོ་མོས་ཅི་བྱས་ཀྱང་ཆོག་ལ་ཁོ་མོས་གང་བཤད་ཀྱང་ཆོག གང་ལྟར་སྡེ་བ་འདིའི་མི་ཐམས་ཅད་ཁོ་མོ་རིག་དུས་འབྲོ་བ་དང་ཁོ་མོ་གོ་དུས་སྙིང་འདར་བར་བྱེད་པ་རེད། དེ་ནི་དྲང་བདེན་དང་འདྲ་མཉམ་གྱི་ལམ་ལུགས་ལ་རྒྱབ་འགལ་བྱས་ཏེ་རྨོངས་དད་དང་རྣམ་རྟོག་གིས་གཟིར་བའི་མི་རིགས་ཤིག་གི་སྐྱུག་བྲོ་བའི་ཉམས་འགྱུར་ལས་མ་འདས་པ་རེད།
“ཨ་རོགས་ཚོ། ཡིད་ལ་འཛིན་ཡག་བྱོས། ཨ་མ་ཡ་རྡོའི་གམ་དུ་གཏན་ནས་འགྲོ་མི་རུང་། ཐ་ན་མོའི་གྲིབ་མ་ཡང་ལུས་སྟེང་དུ་འཕྲོས་ན་མི་བཟང་། མོ་ལ་གདོན་གྱི་གྲིབ་ཆེན་པོ་ཞིག་ཕོག་ཡོད་པས་ང་ཚོ་སུས་ཀྱང་ཁོ་ལ་གཟབ་གཟབ་བྱེད་དགོས། ཐ་ན་ཁོ་མོ་ཚང་གི་ནོར་ལུག་གི་གྲས་སུ་རང་གི་ནོར་ལུག་འདྲེས་ན་ཕྱུགས་ལ་གོད་ཁ་ཆེན་པོ་ཞིག་འབྱུང་སྲིད་པ་ཡིན། མི་སུ་ཞིག་ཁོ་མོའི་གམ་དུ་འགྲོ་བའམ་མོས་ཅི་བཤད་ལ་ཉན་ན་གདོན་འདྲེ་ཁྱད་པར་ཅན་ཞིག་གིས་འཛིན་པར་བྱེད་པ་རེད། འདི་ཨ་ལགས་སྐུ་རྒོད་ཚང་གི་དགོངས་དོན་ཡང་ཡིན་སྲིད་པས་སྡེ་མི་ཚང་མས་གསལ་བོར་ཉོན། ”
སྡེ་དཔོན་བསྟན་པའི་གདོང་ལ་སྔོན་ཆད་མཐོང་མ་མྱོང་བའི་གཟབ་ནན་གྱི་མདངས་ཤིག་ངོམ་ནས་རང་སྡེ་ནང་གི་ཁྱིམ་མི་ཡོངས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཚོགས་འདུ་མིན་པའི་གྲོས་ཚོགས་ཤིག་བསྡུས་པ་ན་ནགས་མང་སྡེ་བའི་མང་ཚོགས་དག་གི་སེམས་ལ་སྔ་ན་མེད་པའི་སྐྱི་གཡའ་བའི་ཉམས་ཤིག་དང་བཅས་སྡེ་དཔོན་གྱི་བཀའ་གསུངས་དང་དུ་ལེན་པའི་རྣམ་པ་དབང་མེད་དུ་མངོན་པར་བྱས་པ་རེད། དེ་བས་ནགས་མང་སྡེ་བའི་མི་རྣམས་ཀྱིས་མ་བགྲོས་གཅིག་མཐུན་སྒོས་དོགས་ཟོན་གྱི་མིག་ཟུང་དེ་ཡང་ཨ་མ་ཡ་རྡོའི་སྟེང་དུ་གཡེངས་དགོས་སོང་། དེ་ནི་གནས་ལུགས་དང་རྒྱུ་འབྲས་ལ་རན་པ་ཞིག་མིན་ན་ཡང་ཨ་མ་ཡ་རྡོ་ཞེས་པའི་བུད་མེད་ཉམ་ཆུང་འདིའི་སྟེང་དུ་འདི་ལྟ་བུའི་གནས་ལུགས་མེད་པའི་ནག་ཉེས་ཤིག་འགལ་ཐུབ་པ་ནི་ཅི་འདྲའི་བསམ་ཡུལ་ལས་འདས་པ་ཞིག་རེད་ཨང་། ཁོ་མོར་མཚོན་ནས་བཤད་ན་ནགས་མང་སྡེ་བར་བཟང་ངན་གཉིས་ཀྱི་གང་ཡང་བྱས་མ་མྱོང་བའི་སྤྱིར་བཏང་གི་བུད་མེད་ཕལ་བ་ཞིག་ཡིན་པ་མ་ཟད། གཞན་ལ་བཟང་ལས་ངན་བྱེད་འདོད་ཀྱི་ཀུན་སློང་བྲལ་བའི་བུད་མེད་བཟང་མ་ཞིག་ཀྱང་ཡིན་སྲིད་ན་ཡང་། སྡེ་དཔོན་བསྟན་པས་ཁོ་མོས་རང་གི་རེ་འདུན་དང་ལེན་མ་བྱས་པར་འདི་ལྟ་བུའི་མནར་གཅོད་ཅིག་གཏོང་བཞིན་ཡོད་ཚོད་ནི་ནགས་མང་སྡེ་བའི་མི་རྣམས་ལ་ཆ་མཚོན་ནས་བཤད་ན་དངོས་གནས་གསང་བ་ལྐོག་གྱུར་དུ་གྱུར་ཡོད་པ་རེད། ཁོ་མོས་རང་གི་ཁྱོ་ག་ཚེ་ལས་འདས་པའི་ཉིན་དེ་ནས་བཟུང་ནམ་རྒྱུན་རང་གཅིག་པུས་ཁེར་འདུག་གི་འཚོ་བ་སྡུག་པོ་ཞིག་ལོངས་སུ་སྤྱོད་ཀྱིན་ཡོད་ལ་ནང་སྒོས་སུ་ས་གང་དང་ཡུལ་གང་དུ་སོང་ཡང་རང་གཅིག་པུས་བསམ་གྱིས་མི་ཁྱབ་པའི་སྡུག་བསྔལ་ཞིག་མྱངས་ཀྱིན་ཡོད་ན་ཡང་། རང་སྡེ་ནང་གི་ཆུང་སྐྱེས་ཆུང་འགྲོགས་དག་གིས་ཁོ་མོ་ལ་འདི་ལྟ་བུའི་མཐོང་ཆུང་དང་དམའ་འབེབས་ཤིག་བྱེད་དགོས་པའི་རྒྱུ་མཚན་རྟོགས་མི་སྲིད་པ་རེད། ད་ནི་ཁོ་མོས་སྣང་ཚུལ་འདི་དག་ལ་བཟོད་བསྲན་བྱེད་པ་ལས་མ་ཉེས་སྒྲོ་འདོགས་བྱེད་མཁན་གྱི་མི་རྣམས་ལ་ངོ་རྒོལ་གྱི་སྟོབས་ཤུགས་ཡོད་མི་སྲིད་པ་རེད།
“ངའི་ཁྱོ་གའི་འདས་རྐྱེན་ནི་སྡེ་དཔོན་བསྟན་པ་ཁྱོད་དང་ཐད་ཀར་དུ་འབྲེལ་བ་དམ་པོ་ཡོད་པ་ཡིན། ངས་ད་བར་དུ་དོན་དག་འདི་གཞན་སུ་ལ་ཡང་མ་བཤད་དོན་ནི་ཁྱོའི་མཚན་སྙན་ལ་གནོད་པར་དོགས་ནས་བཟོད་བསྲན་བྱས་ན་ཡང་། ཁོང་གིས་ད་དུང་ང་ལ་བརྙས་བཅོས་དང་སྒྲོ་འདོགས་བྱེད་དགོས་དོན་ཅི་ཡིན། ཁྱོད་སྡེ་དཔོན་ཞིག་གིས་རང་གི་མཚན་སྙན་ལ་མི་འཛེམས་ན་ང་ཡུགས་ས་མ་ཞིག་གིས་རང་གིས་ལ་རྒྱ་བསམ་དགོས་དོན་ཡོད་པ་མ་རེད། ངས་དོན་དག་འདི་ནགས་མང་སྡེ་བའི་མི་རྣམས་ལ་གསལ་བོ་ཞིག་བཤད་དགོས། ལས་རྒྱུ་འབྲས་ཟེར་བ་ཞིག་ཡོད་དམ་མེད། ”
དགོང་མོ་དེར་ཨ་མ་ཡ་རྡོས་སྔར་བཞིན་རང་གི་ནོར་ལུག་དག་ཟོག་རར་བཅུག་པའི་རྗེས་སུ་ད་གཟོད་ཁྱིམ་དུ་སླེབས་ནས་ཉིན་གཅིག་གི་འོས་འགན་ཡོངས་འགྲུབ་བྱས་རྗེས་སེམས་ཅུང་བདེ་སྣང་གིས་ཐབ་ཏུ་མེ་ཁ་གསོས་ཏེ་དགོང་ཟས་གཡོ་སྐོལ་བྱེད་པར་སྟ་གོན་བྱེད་བཞིན་མོས་ནམ་རྒྱུན་མཆོད་འབུལ་དང་བསྙེན་བཀུར་བྱེད་བཞིན་པའི་སྒྲོལ་མའི་ཐང་གའི་མདུན་དུ་འདས་ཟིན་པའི་ཁྱོ་གའི་རྣམ་ཤེས་བྱང་ཕྱོགས་བདེ་བ་ཅན་དུ་སྐྱེས་པར་སྨོན་འདུན་གྱིས་མར་མེ་རྐང་གཅིག་སྒྲོན་ཏེ་ངལ་གསོ་བྱེད་བཞིན་པའི་སྐབས་སུ་གློ་བུར་དུ་སྣ་ལ་ཆང་དྲི་འཐུལ་བའི་མི་ཞིག་གིས་འཛེམ་དོགས་གང་ཡང་མེད་པར་མོའི་ཁང་ཁྱིམ་གྱི་སྒོ་དེ་ཕྱེ་སྟེ་ཁྱིམ་དུ་འཛུལ་བྱུང་བ་རེད། སྐབས་དེར་མོ་ཅུང་ཡ་མཚན་པའི་སྒོ་ནས་མི་འདི་སུ་ཡིན་ནམ་སྙམ་པའི་སོམ་ཉིའི་མིག་ཟུང་གིས་མི་དེའི་ཕྱོགས་སུ་ཞིབ་དུ་བལྟས་པ་ན་དེ་ནི་ནགས་མང་སྡེ་བའི་སྡེ་དཔོན་བསྟན་པ་ཡིན་ལ། ཁོང་ཚང་གི་ལག་གཡས་པའི་ནང་དུ་བཞེས་འཕྲོ་ལྷག་པའི་ཆང་དཀར་དེམ་བེ་ཕྱེད་ཙམ་བསྣམས་ཏེ་ཁྱིམ་དུ་འཛུལ། ཁོའི་འདོད་སྲེད་ཀྱིས་ཁེངས་པའི་མིག་ཟུང་ལ་བཟོད་བསྲན་ཁག་པའི་ཉམས་དང་བཅས་ཐེ་ཚོམ་གང་ཡང་མེད་པར་ཨ་མ་ཡ་རྡོའི་མགུལ་དུ་འཐམས་ཏེ་འོག་ཏུ་གནོན་མགོ་བརྩམས་པ་རེད། སྐབས་དེར་སྔ་མོ་ནས་ཁོ་ལ་ཞེ་འཁོན་བཅངས་བཞིན་པའི་ཨ་མ་ཡ་རྡོ་ལ་གློ་བུར་དུ་ཞེ་སྡང་ཆེན་པོ་ཞིག་སྐྱེས་ཏེ་རང་ནུས་གང་ཡོད་ཀྱིས་སྡེ་དཔོན་བསྟན་པ་ལ་ངོ་རྒོལ་བྱེད་བཞིན་ངག་ལས་རང་དབང་མེད་པར་དེ་ལྟར་ཤོར་བ་རེད། སྡེ་དཔོན་བསྟན་པས་ཀྱང་ཨ་མ་ཡ་རྡོས་རང་ལ་དེ་ལྟར་བཤད་བྱུང་པ་ནི་ཡིད་ལ་དྲན་མ་མྱོང་བས་སྐད་ཆ་དེ་དག་གིས་ཁོ་རང་སྐད་ཅིག་ཉིད་ལ་གྲགས་མེད་འགུལ་མེད་དུ་གྱུར་ནས་གནས་དེ་ནས་གཡོ་འགུལ་མེད་པར་ལངས་ནས་སྡོད་དགོས་བྱུང་།
“ཁྱི་ཁ་ཟུམ། འདྲེ་མོ་ཁྱོས་རང་གི་ཁྱོ་ག་བསད་རྗེད་དོན་དག་ཐམས་ཅད་ངའི་སྟེང་ལ་འགེལ་རྩིས་ཡོད་པ་ཡིན་ནམ། གལ་ཏེ་ངས་ཁྱོའི་ཁྱོ་ག་བསད་པའི་དབང་དུ་བཏང་ན་ཡང་ཁྱོས་བཤད་པའི་སྐད་ཆ་ལ་སུས་ཀྱང་ཡིད་ཆེས་བྱེད་སྲིད་པ་མ་རེད། ཁྱོས་ཇི་ལྟར་བཤད་འདོད་ན་དེ་ལྟར་ཤོད། ང་བསྟན་པ་ཁྱོའི་འགྲན་ཡ་མི་ནུས་པ་ཞིག་གཏན་ནས་མིན། ”
སྡེ་དཔོན་བསྟན་པས་དེ་ལྟར་བཤད་བཞིན་ཅུང་ཞུམ་པའི་ཉམས་དང་བཅས་ཨ་མ་ཡ་རྡོའི་ཁྱིམ་དང་བྲལ་ཏེ་བཅིབས་པ་དཀར་བོ་འབྲུག་འདྲ་བ་དེ་ལ་ཞོན་ནས་མུན་ནག་གི་ཁྲོད་དུ་གར་སོང་ཆ་མེད་དུ་གྱུར། ཨ་མ་ཡ་རྡོས་རང་སེམས་ཀྱི་ན་ཟུག་བཟོད་གླགས་མེད་པའི་སྒོ་ནས་རང་གི་འཁྱགས་སིབ་སིབ་ཀྱི་མིག་ཆུ་བྲང་ངོས་སུ་བསགས་ཀྱིན་མུ་མཐུད་དུ་ལས་འཕྲོར་ལུས་པའི་དགོང་ཟས་གཡོ་སྐོལ་གྱི་མགོ་བརྩམས་པ་རེད། དེ་ནི་ཨ་མ་ཡ་རྡོ་ལ་ཆ་མཚོན་ནས་བཤད་ན་དངོས་གནས་ཡིད་སྐྱོ་ཞིང་སེམས་སྡུག་པ་ཞིག་ཡིན་པས་ཁོ་མོས་མུ་མཐུད་དུ་རང་གི་སྡུག་བསྔལ་རང་གི་ཁོང་དུ་བཅུག་ནས་བཟོད་བསྲན་མི་བྱེད་ག་མེད་དུ་གྱུར། ནགས་མང་སྡེ་བའི་མི་རྣམས་ཀྱིས་སྡེ་དཔོན་བསྟན་པའི་བྱ་སྤྱོད་མ་ཤེས་པ་ཡིན་ནམ་ཡང་ན་ཤེས་བཞིན་དུ་ཉམ་ཆུང་བའི་ཨ་མ་ཡ་རྡོ་ལ་མ་ཉེས་ཁ་གཡོགས་ཐེབས་སུ་འཇུག་འདོད་པ་ཡིན་ནམ། གང་ལྟར་ནགས་མང་སྡེ་བའི་མི་རྣམས་ཀྱིས་སྡེ་དཔོན་བསྟན་པ་ཚང་ལ་བཟང་ལས་ངན་ཚིག་གཅིག་ཀྱང་ཤོད་མི་ཐུབ་པར་གྱུར་བ་རེད། འདི་དག་ནི་རྒྱུ་འབྲས་དང་མི་མཐུན་ཞིང་གནས་ལུགས་དང་མི་འཚམ་རུང་མགོན་མེད་སྐྱབས་མེད་ཀྱི་ནགས་མང་སྡེ་བའི་ཨ་མ་ཡ་རྡོ་ལྟ་བུ་ལ་ཆ་མཚོན་ནས་བཤད་ན་དཀར་ནག་གོ་ལྡོག་གི་སྣང་ཚུལ་འདི་དག་དང་ལེན་མི་བྱེད་ཐབས་མེད་དུ་གྱུར་བ་རེད། སྔོན་ཆད་ཁོ་མོས་ཀྱང་སྡེ་དཔོན་བསྟན་པའི་རེ་འདུན་དང་ལེན་བྱེད་དོན་ནི་ཁོང་ཚང་ནི་ནགས་མང་སྡེ་བའི་སྐྱབས་བཅོལ་བྱེད་ས་ཡིན་པའི་དབང་གིས་ཁོང་གི་བཀའ་ཟློག་མ་ནུས་པར་རང་གི་ཚེ་གཅིག་གི་སྐྱ་ཡ་ལ་དེ་ལྟ་བུའི་ཁྲེལ་མེད་ཀྱི་ལས་བྱས་པ་ཡིན་ན་ཡང་། སྡེ་དཔོན་བསྟན་པ་ཚང་ལ་ཆ་མཚོན་ནས་བཤད་ན་མོའི་ཁྱོ་གས་ཁོ་རང་ཨ་མ་ཡ་རྡོའི་གམ་དུ་ཡོད་པའི་གནས་ཚུལ་དེ་ཤེས་པ་ནས་བཟུང་ཐབས་བརྒྱ་ཇུས་སྟོང་གིས་ཁོ་མོའི་ཁྱོ་ག་མེད་པར་བྱེད་པའི་ཐད་ལ་གསང་བའི་སྒོ་ནས་བྱ་ཐབས་སྣ་ཚོགས་འདོན་གྱིན་ཡོད་པ་རེད། རྒྱུ་མཚན་ནི་ཁོའི་མི་འོས་པའི་བྱ་ངན་སྤྱོད་ངན་འདིའི་རིགས་ནགས་མང་སྡེ་བའི་མི་རྣམས་ཀྱིས་ཤེས་པར་དོགས་ཀྱིན་ཡོད་པ་ཡིན་ལ་གལ་ཏེ་མོའི་ཁྱོ་ག་མེད་པར་བྱས་ཚེ་གཅིག་ནས་ཁོང་ཚང་གི་གསང་བ་ཕྱི་ལ་མི་ཤོར་བ་དང་གཉིས་ནས་རང་གིས་འདོད་དོན་སྒྲུབ་པའི་ཆ་ལ་ཡང་སྟབས་བདེ་གང་ཡོད་སྙམ་པ་རེད། དོན་དམ་པས་ཨ་མ་ཡ་རྡོའི་ཁྱོ་གའི་འདས་རྐྱེན་ནི་ནགས་མང་སྡེ་བར་ཆ་མཚོན་ནས་བཤད་ན་ཤིན་ཏུ་ལྐོག་གྱུར་གྱི་སྣང་ཚུལ་ཞིག་ཡིན་ན་ཡང་། ཨ་མ་ཡ་རྡོའི་ངོས་ཐད་ནས་གླེང་ན་སྡེ་དཔོན་བསྟན་པས་མེད་པར་བྱས་པ་རེད་སྙམ་པའི་ཐེ་ཚོམ་ཞིག་སྐྱེས་ཀྱིན་ཡོད་པ་རེད། དེ་ལས་ཀྱང་ཡིད་མུག་པ་ཞིག་ནི་ནགས་མང་སྡེ་བའི་ཁོམ་ནས་ལས་རྒྱུ་མེད་པའི་སྐྱེས་མ་དག་གིས་ཁོ་མོ་ལ་ལྐོག་ནས་མོའི་ཁྱོ་ག་ནི་ཚེ་ལས་འདས་པ་མ་ཡིན་པར་མོས་བསད་པ་དང་གསོད་དོན་ཡང་མོས་རྒྱུན་དུ་གསང་བའི་སྒོ་ནས་མི་གཞན་ལ་འབྲེལ་འདྲིས་བྱེད་ཀྱིན་ཡོད་ཚུལ་སོགས་གཅིག་གི་ཁར་གཉིས་དང་གཉིས་ཀྱི་སྟེང་གསུམ་བསྣན་ཏེ་ཨ་མ་ཡ་རྡོ་ལ་མནར་གཅོད་གཏོང་གང་ཐུབ་བྱེད་ཀྱིན་ཡོད་པ་རེད།
“འདྲེ་རྒན་མ། ཁྱོ་ག་བསད་པའི་རྗེས་སུ་ས་གང་ལ་སོང་ན་ཡང་ཡག་ཡ་མཚར་བ་ཞིག་བཏོད་ནས་འགྲོ་བཞིན་ཡོད་པ་མ་ཟད། མདང་དགོང་ཡང་ཁོང་ཚང་གི་ཁྱི་ཁ་མི་དལ་བས་ངས་གསང་བའི་སྒོ་ནས་བལྟས་པ་ན་སྡེ་དཔོན་བསྟན་པ་དང་ཆ་འདྲ་བའི་མི་ཞིག་ཁོ་མོ་ཚང་ལ་བུད་སོང་བ་རེད། ”
“ཡུགས་ས་མ། ངོ་ཚ་རྒྱུ་མེད་པའི་གདོན་མོ། ངས་ཀྱང་རིག་མྱོང་། མི་དེ་སྔོན་ཆད་མོའི་ཁྱོ་ག་བླ་གསང་བོ་དེ་མ་ཤི་བའི་དུས་སུ་འགྲོ་བཞིན་ཡོད་པ་རེད། ལ་ལས་བཤད་ན་དེ་ནི་སྡེ་དཔོན་བསྟན་པ་རེད་ཟེར། དཀོན་མཆོག་གསུམ་པོས་མཁྱེན། དེང་སང་གི་མི་འདིད་དག་གིས་དཔོན་པོར་ཡང་སྒྲོ་འདོགས་བྱེད་ཀྱིན་ཡོད་པ་རེད། གནམ་རྒན་མ་ཁ་ལ་རྨ་འབུད་ན་ཐང་། སྡེ་དཔོན་ཚང་ཡིན་སྲིད་རྒྱུ་མ་རེད། ”
“ཁྲིག་ཁྲིག་མེད། དེང་སང་གི་དཔོན་པོ་ཚོ་ཡང་བུད་མེད་ཀྱི་དཀུ་རིག་ན་འདུག་མི་བཟོད་པའི་སྐབས་ཀྱང་ཡོད་སྲིད་པ་འདྲ། གཙོ་བོ་སྡེ་དཔོན་ཚང་ཡིན་སྲིད་པའི་དབང་དུ་བཏང་ན་ཡང་དེ་ནི་གནད་དོན་གཞན་ཞིག་གི་ཆེད་དུ་ཡིན་པ་ལས་འདོད་ཆགས་ཀྱི་གནད་དོན་གཏན་ནས་ཡིན་སྲིད་རྒྱུ་མ་རེད། དེ་ནི་དོན་དངོས་ཡིན། མིན་ངས་འདི་ལྟར་བཤད་དོན་ནི་ཁྱོད་ཚོས་སྡེ་དཔོན་བསྟན་པ་ཡ་རྡོ་ཡུགས་ས་མའི་གམ་དུ་འགྲོ་བཞིན་ཡོད་པ་རེད་ཞེས་པའི་གཏམ་དེ་ལ་ཡིད་མི་ཆེས་པའི་ཆ་ནས་བཤད་པ་ལས་དོན་ངོ་མས་སྡེ་དཔོན་མོའི་གམ་དུ་འགྲོ་བཞིན་ཡོད་པ་རེད་ཞེས་པ་གཏན་ནས་མིན། འདྲེ་མོ་ངར་བ་ཞིག་རེད། ད་རུང་ཡག་ངོམ་ནས་ཆུང་ཆུང་ཡིན་མདོག་སྟོན་གྱིན་ཡོད་པ་ལས་ཁོ་མོས་ད་རུང་རང་སྡེ་ནང་གི་བསོད་ནམས་ཅན་གྱི་སྐྱེས་པ་སུ་ཞིག་གསོད་འདོད་པ་སུས་ཤེས། ”
ཉི་མ་དེར་ནགས་མང་སྡེ་བའི་བཤད་ཁ་མ་དག་སྔར་བཞིན་ཨ་ཅེ་གཡུ་སྒྲོན་ཚང་གི་རྒྱབ་ཀྱི་དེའུ་འབུར་དེའི་སྟེང་དུ་བུད་དེ་མ་ཤེས་ཤེས་ཁུལ་དང་མ་གོ་གོ་ཁུལ་སྒོས་ཨ་མ་ཡ་རྡོའི་སྐྱོན་མཚང་འབྲུ་བཞིན་ཡོད་པ་ནི་ཁོ་མོ་དག་ལ་ཆ་མཚོན་ནས་བཤད་ན་ཨ་མ་ཡ་རྡོ་ནི་མི་བསད་པའི་ཇག་པ་དང་རྟ་དེད་པའི་ཇག་པ་དང་དབྱེར་མ་མཆིས་པ་རེད། དྲང་མོར་བཤད་ན་ཁོ་མོ་ཚོས་ཨ་མ་ཡ་རྡོ་ལ་འདི་ལྟ་བུའི་མནར་གཅོད་གཏོང་དོན་ནི་གཅིག་ནས་ཨ་མ་ཡ་རྡོའི་ཡག་མོ་སྒོ་ཆ་ནས་ཕྲག་དོག་དང་གཉིས་ནས་ཨ་མ་ཡ་རྡོ་ནི་ཁོ་མོ་ཚོའི་ཚོགས་པར་ཞུགས་ཏེ་མི་གཞན་གྱི་སྐྱོན་བཤད་པར་མ་འཐད་པའི་དབང་གིས་ཡིན་པ་འདྲ། ཨ་མ་ཡ་རྡོ་ནི་ཁྱོ་ག་ཤི་ཟིན་པའི་ཡུགས་ས་མ་ཞིག་ཡིན་པ་དོན་དངོས་ཡིན་ན་ཡང་ཁོ་མོས་མུ་མཐུད་དུ་རང་སྡེ་ནང་གི་མི་སུ་ཞིག་གསོད་འདོད་ཡོད་པ་རེད་ཞེས་པའི་གཏམ་འདི་ནི་མི་དཀར་བོའི་མགོ་ལ་ཞྭ་ནག་པོ་བསྣུབས་པ་ལས་མ་འདས་སོ། ། ཁོ་མོས་མུ་མཐུད་དུ་བཟོད་སྒོམ་སྒོས་ཁེར་རྐྱང་གི་འཚོ་བ་ཞིག་ལོངས་སུ་སྤྱོད་དགོས་པར་གྱུར་བ་ལས་ནགས་མང་སྡེ་བའི་བཤད་ཁ་མ་དག་དང་སྒོས་སུ་སྡེ་དཔོན་ཚང་གི་བྱ་བྱེད་ལ་ངོ་རྒོལ་གང་ཡང་བྱེད་མི་སྲིད་པ་རེད། དེ་ནི་ཨ་མ་ཡ་རྡོ་ལ་བཟོད་བསྲན་ཆེ་བའི་དབང་གིས་མ་ཡིན་པས་ཐབས་ཟད་པའི་རྐྱེན་ཡིན་པར་སྙམ། གང་ལྟར་ནགས་མང་སྡེ་བ་འདིར་ཆ་མཚོན་ནས་བཤད་ན་ཨ་མ་ཡ་རྡོའི་གནས་ལུགས་ལས་སྡེ་དཔོན་ཚང་གི་གསུངས་ལ་མངོན་པར་བསྟོད་ཀྱིན་ཡོད་པ་ནི་སྨོས་མ་དགོས་ཞིག་རེད། དེ་བས་ཡུགས་སར་ལུས་པའི་ཨ་མ་ཡ་རྡོས་ཀྱང་རང་གིས་བཤད་འདོད་པའི་སྐད་ཆ་དང་ཡིད་ལ་དྲན་པ་གང་ཡིན་རང་གི་ཁོང་དུ་སྦེད་པ་ལས་མི་སུ་དང་གང་ལ་ཡང་མ་བཤད་པ་རེད།
ནགས་མང་སྡེ་བའི་མི་རྣམས་ཀྱིས་ཡང་བསྐྱར་གསར་འགྱུར་གསར་བ་ཞིག་སྒྲོགས་སྤེལ་བྱེད་བཞིན་ཡོད་པ་རེད། དེ་ནི་སྡེ་དཔོན་བསྟན་པ་དང་ཨ་མ་ཡ་རྡོ་ལ་ཐད་ཀར་དུ་འབྲེལ་བ་དམ་པོ་ཡོད་པའི་གཏམ་རྒྱུད་ཅིག་སྟེ་གཏམ་རྒྱུད་འདི་ནི་ད་ལོ་ཟླ་བཞི་བའི་ནང་དུ་ནགས་མང་སྡེ་བར་ཞོར་ལས་བཙལ་དུ་ཐོན་པའི་སྨད་ཕྱོགས་རོང་གི་ལག་ཤེས་པ་རྒྱ་མོ་ཐར་གྱིས་ཁུངས་སྣེ་བཏོན་པ་རེད། ཁོ་རང་ཐོག་མར་ནགས་མང་སྡེ་བ་འདིར་ཐོན་དུས་ངོ་ཤེས་གཅིག་ཀྱང་མེད་པས་ཐད་ཀར་དུ་ཨ་མ་ཡ་རྡོ་ཚང་ལ་གནས་ཚང་གཡར་དུ་སོང་བ་ཡིན། ཨ་མ་ཡ་རྡོས་ཀྱང་རང་ཉིད་གཅིག་པུ་ཡིན་པའི་དབང་གིས་གཅིག་ནས་ཁེར་རྐྱང་དུ་སྡོད་ཡུན་རིང་བའི་དབང་གིས་སུན་སྣང་ཆེ་བ་དང་གཉིས་ནས་མལ་ས་དང་འདུག་གནས་སོགས་ཀྱང་ཁྱིམ་ཚང་གཞན་དང་བསྡུར་ན་རང་ལ་དེའི་ཕྱོགས་ཀྱི་ཆ་རྐྱེན་ཤིན་ཏུ་སྟབས་བདེ་ཡིན་པ། གསུམ་ནས་ཆ་རྒྱུས་མེད་པའི་ཁོ་རང་ནི་རང་གི་ཁྱིམ་ཚང་གི་བུ་ཕྲུག་གི་དོན་དུ་སྒོ་ཕྱི་ལ་བུད་དེ་ཞོར་ལས་བཙལ་མཁན་ཞིག་ཡིན་པ་སོགས་ཀྱི་དབང་གིས་ཁོ་མོ་ལ་ཐེ་ཚོམ་གང་ཡང་མེད་པར་སྨད་ཕྱོགས་རོང་ནས་ཐོན་པའི་ལག་ཤེས་པ་རྒྱ་མོ་ཐར་ཞེས་པ་དེ་ལ་གནས་ཚང་གཡར་བ་ཡིན། རྒྱ་མོ་ཐར་ནི་སྨད་ཕྱོགས་རོང་སྡེ་ཞིག་ནས་ཐོན་པ་ཡིན་ལ་གླ་ཡོན་ཅུང་འབོར་ཆེན་ཞིག་བྱིན་ཚེ་ཁོས་ས་ལས་རྡོ་ལས་གང་ཡང་ལས་ཤེས་པ་ཞིག་དང་ནང་སྒོས་སུ་ཤིང་ལས་ཀྱི་སྐོར་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པའི་སྟབས་ཀྱིས་ནགས་མང་སྡེ་བའི་མི་རྣམས་ཀྱིས་ཁོའི་མིང་ལ་ལག་ཤེས་པ་ཞེས་པའི་མིང་སྙན་མོ་ཞིག་སྦྱར་ཡོད་པ་རེད། ལག་ཤེས་པ་དེ་ཐོག་དང་པོ་ཨ་མ་ཡ་རྡོའི་ཁྱིམ་དུ་འཛུལ་བ་ན་ཁྱིམ་དེའི་སྣོད་ཅ་ལག་དང་མལ་གོས་མལ་གདན་སོགས་མདོར་ན་ཁྱིམ་དེའི་ཡོད་དོ་ཅོག་ནི་གཙང་ཞིང་གྲལ་དག་ཅིང་གང་ལ་གང་འཚམ་གྱིས་ཆ་མཐུན་པར་བསྒྲིགས་ཡོད་པ་སོགས་ལས་ཁྱིམ་འདིའི་བདག་མོ་ནི་གད་བདར་གྱི་ལས་ལ་དགའ་བ་ཞིག་དང་ཁྱིམ་ཚང་སྐྱོང་ལུགས་ཀྱི་ཆ་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་ཡིན་པ་ཡང་གསལ་བོར་རྟོགས་ནུས་པ་རེད། ཡིན་ན་ཡང་ལག་ཤེས་པའི་ཡིད་ལ་ཡང་མ་དྲན་པ་ཞིག་ནི་ཨ་མ་ཡ་རྡོ་ནི་ཁྱོ་ག་ཚེ་ལས་འདས་པའི་ཡུགས་ས་མ་ཞིག་ཡིན་པ་དེ་རེད། ཁོས་ཐོག་མར་ཨ་མ་ཡ་རྡོ་མཐོང་བ་ན་ཁོ་མོ་ནི་ཁྱོ་ག་ཁྲེལ་ཡོད་ཅིག་གིས་གཉོར་སྐྱོང་དང་བདག་སྐྱོང་གང་ལེགས་བྱེད་ཀྱིན་པའི་ཆུང་མ་ལས་ཅན་ཞིག་ཡིན་པར་འདོད་པ་མ་ཟད། མོ་ལོ་བཞི་བཅུ་ལྷག་ལ་བུད་མ་ཐག་པའི་བུད་མེད་ཡག་མ་ཞིག་ཡིན་པར་བསམ་བཞིན་ཡོད།
“ངས་རྒྱུན་དུ་རང་གི་ནོར་ལུག་དག་ལ་བདག་སྐྱོང་བྱེད་དགོས་པའི་དབང་གིས་དུས་ལྟར་ཁྱེད་ལ་ཟ་འཐུང་གི་ཕྱོགས་ནས་བཀོད་སྒྲིག་བྱེད་ཁོམ་ཡོད་པ་མ་རེད། དེ་བས་རང་ཉིད་ཀྱིས་གཡོ་སྐོལ་དང་རང་ལ་དགོས་པ་གང་ཡོད་ང་ལ་འདྲི་མི་དགོས་པར་བེད་སྤྱོད་བྱས་ན་ཆོག ཐེ་ཚོམ་གང་ཡང་སྐྱེས་མི་དགོས། ཁྱིམ་འདིར་ང་གཅིག་པུ་ང་ལས་གང་ཡང་མེད། ”
དགོང་མོ་དེར་ཨ་མ་ཡ་རྡོས་མོའི་ཁྱིམ་གྱི་གོ་ཁར་བསྡད་དེ་དགོང་ཟས་ཟ་བར་སྒུག་ཡོད་པའི་ལག་ཤེས་པ་རྒྱ་མོ་ཐར་ལ་དེ་ལྟར་བཤད་པ་ན། ཁོས་རང་གི་རྣ་དང་མོས་བཤད་པའི་སྐད་ཆ་དག་ལ་ཅུང་ཡིད་མི་ཆེས་པའི་ཉམས་དང་བཅས་ཁྱིམ་འདིའི་ཕྱོགས་བཞིའི་མཚམས་བརྒྱད་ལ་ཞིབ་ལྟ་ཡང་ཡང་བྱེད་དགོས་སོང་། དེ་ནི་ཁོ་ལ་ཆ་མཚོན་ནས་བཤད་ན་ཨ་མ་ཡ་རྡོས་རང་ལ་ཚོད་བགམ་གྱི་སྐད་ཆ་ཞིག་བཤད་ཀྱིན་ཡོད་པ་དང་འདྲ་བར་མིག་རིག་རིག་གིས་ཡར་ལྟ་མར་ལྟ་བྱེད་དོན་ནི་ཁོས་མོས་བཤད་པའི་སྐད་ཆ་དེ་དག་ལ་བདེན་རྫུན་གྱི་ཁུངས་སྣེ་ཞིག་བཙལ་བཞིན་ཡོད་པ་དང་གཅིག་འདྲ་རེད། དེ་བས་ཨ་མ་ཡ་རྡོས་ལག་ཤེས་པ་རྒྱ་མོ་ཐར་གྱི་ཡིད་ཆེས་མེད་པའི་ཉམས་འགྱུར་ལ་ལྟ་བཞིན་ཡང་བསྐྱར་མོ་རང་ཡུགས་སར་ལུས་པའི་དོན་དག་ཐམས་ཅད་ཁ་གསལ་ཁུངས་དག་གིས་ཐེངས་གཅིག་ལ་བཤད་དགོས་པར་གྱུར།
“ གཞེས་ནིང་ལོའི་སྟོན་ཁ། ངེད་ཚང་གི་རུ་དབྱར་ས་ནས་སྟོན་མཚེར་དུ་སྤོས་ནས་ཉིན་བདུན་ལས་མ་འགོར། ནངས་མོ་དེར་ངའི་ཁྱོ་ག་བླ་གསང་བོས་ནམ་རྒྱུན་རང་གི་ཞོན་པར་གྱུར་བའི་རྟ་རྒན་རྐྱང་དམར་ལ་ཞོན་ནས་རུ་གོང་མའི་ཁྱིམ་ཚང་ཞིག་ལ་རྩྭ་སའི་དོན་དག་ཐག་གཅོད་བྱེད་དུ་བུད་སོང་བ་རེད། སྤྱིར་ཡིན་ན་ངའི་ཁྱོ་ག་བླ་གསང་བོ་དེ་ལ་སྒོ་ཕྱི་ནས་དོན་དག་གལ་ཆེན་ཞིག་མེད་ཚེ་དོན་མེད་དུ་གནས་གཞན་དུ་ཞག་སྡོད་བྱེད་པའི་སྲོལ་མེད་ན་ཡང་། ཉི་མ་དེར་སོང་ནས་ཉིན་བཅུ་ཁ་ལྷག་ལ་ཡུལ་དུ་མ་ཡོངས་པས་ང་ཡང་ཅུང་སེམས་འཚུབ་པའི་ངང་ནས་ཕྱོགས་ཡར་མར་ལ་ངའི་ཁྱོ་གའི་གནས་ཚུལ་རྩད་གཅོད་བྱེད་དགོས་སོང་། བློ་ཡུལ་ལས་འདས་པ་ཞིག་ལ་ཉིན་ཞིག་གི་སྔ་དྲོ་རུ་གོང་མའི་གྲྭ་བ་རྒན་པ་ཞིག་གིས་ངའི་ཁྱོ་གའི་བེམ་པོ་རྡོ་དམར་ཉག་འདབས་སུ་སྤྱང་ཀིས་ཟོས་ནས་ཚར་ལ་ཉེ་འདུག་ཟེར་བས་ང་ཡང་གནས་དེར་སོང་བ་ན་གྲྭ་བ་རྒན་པ་དེས་བཤད་པའི་སྣང་ཚུལ་དང་གཅིག་མཚུངས་རེད། ངའི་ཁྱོ་ག་ནི་ནམ་རྒྱུན་མི་སུ་དང་གང་ལ་ཡང་དོན་མེད་དུ་ཕོག་ཐུག་གཏོང་རྒྱུར་མི་དགའ་བ་མ་ཟད་རང་དོན་ལས་གཞན་དོན་ལྷུར་ལེན་བྱེད་མཁན་ཞིག་ཡིན་པས་ཁོའི་ཤི་རྐྱེན་ཐད་ནས་ངས་ད་བར་དུ་གསལ་བོ་ཞིག་ཧ་གོ་མ་སོང་། དེ་བས་ངས་མི་གཞན་ལ་ངའི་ཁྱོ་གས་ཆང་འཐུང་ནས་དོན་དག་འདི་བྱུང་བ་ཡིན་ཞེས་བཤད་པ་ལས་གཞན་གང་ཡང་མ་བཤད་དོ། ། དུས་དེ་ནས་བཟུང་ཁྱིམ་འདི་ནས་ལུས་ཡོད་པ་ནི་ང་གཅིག་པུ་ཡིན་ལ་ནགས་མང་སྡེ་བའི་མི་རྣམས་ཀྱིས་ངའི་ཁྱོ་ག་ནི་ང་རང་མི་མ་ཡིན་པའི་གྲས་སུ་གཏོགས་པས་ངས་བསད་པ་རེད་ཞེས་ཀྱང་ཟེར་གྱིན་འདུག ངའི་ཁྱོ་ག་ཚེ་ལས་འདས་པ་ནས་བཟུང་ཁྱིམ་འདི་ལ་མི་སུ་དང་གང་གིས་རྐང་རྗེས་ཙམ་ཡང་བཀོད་མྱོང་མེད་ཡོད་པ་ནི་ཨ་ལགས་་་་་ ”
ཨ་མ་ཡ་རྡོས་དེ་ལྟར་བཤད་ཀྱིན་གདོང་ལ་ཅུང་སྐྱོ་སྣང་དང་དངངས་འཚུབ་ཀྱི་ཉམས་དང་བཅས་མགོ་སྒུར་ནས་མུ་མཐུད་དུ་དགོང་ཟས་གཡོ་སྐོལ་བྱེད་པའི་ལས་ལ་བྲེལ་མགོ་ཚུགས་པར་ལག་ཤེས་པ་རྒྱ་མོ་ཐར་གྱིས་ཀྱང་ཧ་ཅང་ཐང་ཆད་པའི་ཉམས་དང་བཅས་མགོ་བོ་སྒུར་ནས་ཐབ་ཀའི་ནང་དུ་ལང་ལོང་དུ་འབར་བཞིན་པའི་མེ་ལྕེ་ལ་བལྟས་ནས་སྡོད་དགོས་བྱུང་། ཡིན་ན་ཡང་སུ་ཞིག་གིས་ཀྱང་ཡིད་ལ་ཡང་མ་དྲན་པ་ཞིག་ནི་ད་ལྟ་མོའི་ཁྱིམ་དུ་ཐོན་ཡོད་པའི་ལག་ཤེས་པ་རྒྱ་མོ་ཐར་ཞེས་པ་འདིས་མོའི་ཁྱོ་གའི་ཤི་རྐྱེན་གསལ་བོ་ཞིག་ཤེས་ཡོད་པ་ཡིན་ལ་མོས་དེ་ལྟར་བཤད་པ་ན་ད་གཟོད་ཁོའི་ཡིད་ལ་ཉིན་དེའི་དོན་དག་ཐམས་ཅད་གློག་གི་བརྙན་རིས་ནང་བཞིན་གཅིག་རྗེས་གཉིས་མཐུད་དུ་ཝ་ལེར་དྲན་བྱུང་བ་རེད། ཉི་མ་དེར་ཁོས་རུ་གོང་མའི་ཁྱིམ་ཚང་ཞིག་ཏུ་ཁང་བ་གྱན་གཉིས་ལས་ནས་འགྲུབ་རྗེས་རང་ལ་ཐོབ་འོས་པའི་གླ་ཡོན་འཁྱེར་ཏེ་ཡུལ་དུ་ལོག་པའི་ལམ་དུ་ཆས་པ་ཡིན། ཉིན་དེའི་གནམ་གཤིས་ཤིན་ཏུ་མི་བཟང་ལ་ཆར་བ་རྒྱུན་ཆད་མེད་པར་འབབ་ཀྱིན་ཡོད་པ་མ་ཟད་རྡོ་དམར་ཉག་ག་དེའི་མཐའ་འཁོར་གྱི་རི་རྒྱུད་མཐའ་དག་སྨུག་ལོང་གིས་བཏུམས་ཡོད་པ་ཡིན་ལ། མདུན་ཕྱོགས་སུ་གང་དང་ཅི་ཡོད་པ་ཡང་གསལ་བོར་མ་བལྟས་ཚེ་མིག་གིས་མཐོང་མི་ཐུབ་པ་རེད། ཁོས་རང་གི་ཅ་ལག་ཐམས་ཅད་རྒྱབ་དུ་ཁུར་ནས་རྡོ་དམར་ཉག་འདབས་སུ་ཐོན་པ་ན་གློ་བུར་དུ་ཆར་ལྭ་གོན་པའི་མི་གཉིས་ཀྱིས་གང་ཡིན་གསལ་བོར་མི་ཤེས་པའི་དངོས་པོ་ཞིག་སར་མནན་ཏེ་སྡིག་རྩུབ་ཀྱིས་རྡུང་རྡེག་བྱེད་བཞིན་ཡོད་པ་རེད། སྐབས་དེར་ལག་ཤེས་པ་རྒྱ་མོ་ཐར་གྱི་སེམས་ལ་གསར་བུ་གན་གཉིས་ཀྱིས་རི་དྭགས་ཤིག་གསོད་བཞིན་ཡོད་པ་རེད་ སྙམ་ནས་ཡིད་ཅུང་སྐྱོ་བའི་ངང་ནས་ཁོ་གཉིས་ཀྱིས་མི་མཐོང་བའི་སྨུག་ལོང་གི་ནགས་གསེབ་དུ་ཡིབ་ནས་ལྐོག་ལྟ་བྱས། ཡུད་ཙམ་ནས་གསར་བུ་དེ་གཉིས་ཀྱིས་ཕན་ཚུན་ལ་གོ་དཀའ་བའི་སྐད་ཆ་ལྡབ་ལྡིབ་རེ་བཤད་པ་ལས་ཁོའི་རྣ་བའི་ལམ་དུ་གསལ་བོར་གོ་ཐུབ་པ་ནི་ད་ཤི་ཡོད་པ་རེད་ཞེས་པ་དེ་རེད། ཡིན་ན་ཡང་སྐད་ཆ་མང་ཆེ་ཤོས་ཤིག་ནི་རྡོ་དམར་ཉག་འདབས་སུ་བཞུར་བཞིན་པའི་ཆུའི་བཞུར་སྒྲས་ཟིལ་གྱིས་མནན་པའི་དབང་གིས་གོ་མི་ཐུབ་པ་རེད། གསར་བུ་དེ་གཉིས་སོང་རྗེས་ཁོ་རང་ལྐོག་ལྐོག་སད་སད་ཀྱིས་ཤུལ་དུ་སོང་བ་ན་གསར་བུ་དེ་གཉིས་ཀྱིས་གསོད་ཀྱིན་པ་ནི་རི་དྭགས་གཏན་ནས་མ་ཡིན་པས་ལོ་ལྔ་བཅུ་འབུད་ལ་ཉེ་བའི་རྒན་པོ་ཞིག་རེད། ཁོས་དེ་མ་ཐག་ཏུ་རྒན་པོ་དེ་ཡར་སྐྱོར་ནས་ཡུན་རིང་མ་འགོར་བར་རྒན་པོ་དེའི་དབུགས་ཀྱི་རྒྱུ་བ་ཆད་དེ་ཚེ་འདི་དང་གཏན་དུ་གྱེས་སོང་བ་རེད། སྐབས་དེར་ལག་ཤེས་པ་རྒྱ་མོ་ཐར་གྱི་སེམས་ལ་སྐྲག་སྣང་དང་བཅས་མི་དོན་མེད་ཀྱི་མགོར་སྐྱོན་གང་ཞིག་འབྱུང་བར་སྐྲག་ནས་རང་གི་ཅ་ལག་སོགས་འཁུར་ནས་ཕྱིར་བལྟས་མེད་ཡུལ་ཕྱོགས་སུ་བྲོས་ཏེ་ད་ལོ་བར་དུ་ཕྱིར་སྡེ་བ་འདིར་ཡོངས་མ་ནུས་པ་རེད། དེ་རིང་ཁོ་རང་ཁྱིམ་ཚང་འདིར་གནས་ཚང་གཡར་བ་བརྒྱུད་ནས་ལོ་གསུམ་སྔོན་གྱི་གྲྭ་བ་གཉིས་ཀྱིས་བསད་པའི་མི་དེ་ནི་ཨ་མ་ཡ་རྡོའི་ཁྱོ་ག་ཡིན་པ་གཞི་ནས་ར་སྤྲོད་བྱས་བྱུང་བ་རེད། ཡིན་ན་ཡང་ཁོའི་སེམས་ལ་དོན་དག་འདིའི་མགོ་མཇུག་བར་གསུམ་སྦ་གསང་མེད་པའི་སྒོ་ནས་ཨ་མ་ཡ་རྡོ་ལ་བཤད་ན་འགྲིག་མིན་གྱི་ཐད་ལ་བསམ་བློ་གཏོང་བཞིན་ཁ་ཁུ་སིམ་མེར་ཅི་ཡང་མ་ཤེས་པའི་ཚུལ་གྱིས་སྡོད་དགོས་སོང་།
“ཡ་མགྲོན་པོ་ཅི་རེད། དོན་དག་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡོད་པ་ཡིན། ཡུགས་སའི་ཁྱིམ་དུ་ཡོངས་ན་འདུག་མི་བཟོད་པ་རེད་དམ། ད་འུ་གཉིས་ཀྱིས་དགོང་ཟས་ཟ། ཟས་རྗེས་གཉིད་ང་སང་ཉིན་སྔ་མོ་ནས་ལངས་དགོས། ངས་ཁྱོད་ལ་བཤད་དགོས་པ་མི་དགོས་པ་ཐམས་ཅད་བཤད་ནས་སེམས་ཁམས་དཀྲུགས་པ་རེད་དམ། ཁྱོད་སྐྲག་མི་དགོས་ང་འདྲེ་མོ་ཞིག་གཏན་ནས་མིན། ངའི་ཁྱོ་ག་ཡང་ངས་བསད་པ་མིན། ཁྱོས་ང་ལ་ཡིད་ཆེས་བྱོས་དང་ཆོག སེམས་བདེ་མོའི་ངང་ནས་དགོང་ཟས་ཟོ ། གལ་ཏེ་ཁྱེད་རང་ཁྱིམ་འདི་ནས་འདུག་མི་ནུས་ཚེ་ཁྱིམ་ཚང་གཞན་ལ་གནས་ཚང་གཡར་དུ་སོང་ཡང་ཆོག ད་འདང་མ་བརྒྱག་ཟ་མ་ཟོ ། ངས་ཁྱེད་ལ་ཇ་ལྡུག ”
ལག་ཤེས་པ་རྒྱ་མོ་ཐར་གྱིས་འདས་ཟིན་པའི་དུས་ཀྱི་དོན་དག་ཅིག་ལ་བསམ་གཞིགས་གཏོང་བཞིན་པའི་སྐབས་སུ་ཨ་མ་ཡ་རྡོས་དེ་ལྟར་བཤད་པས་ཁོས་མོ་ལ་བཤད་འདོད་པའི་སྐད་ཆ་མཐའ་དག་བཙན་གྱིས་ཕྱིར་མིད་དགོས་སོང་། ཁོའི་གདོང་ལ་ཅུང་ཡིད་སྐྱོ་བའི་ཉམས་དང་བཅས་ཨ་མ་ཡ་རྡོ་དང་མཉམ་དུ་དགོང་ཟས་ཟ་བའི་མགོ་བརྩམས་པ་རེད། ཨ་མ་ཡ་རྡོས་ཀྱང་མིག་ཟུང་རིག་རིག་གིས་ཁོའི་གདོང་ལ་ཡང་ཡང་ལྟ་བཞིན་ཡོད་པ་ནི་མགྲོན་པོ་འདིའི་སེམས་ལ་ཅི་ཞིག་དྲན་བཞིན་ཡོད་པར་བསམ་མནོ་གཏོང་བཞིན་ཡོད་པ་དང་གཅིག་འདྲ་རེད། གང་ལྟར་ཨ་མ་ཡ་རྡོ་དང་ལག་ཤེས་པ་རྒྱ་མོ་ཐར་གཉིས་ལ་ཡན་གར་བའི་ཁ་བརྡ་གང་ཡང་མེད་པར་རང་རང་སར་དལ་ཅག་གེར་སྡོད་པས་སྒོའི་ཕྱི་ནས་ཁྱབ་འོངས་པའི་ཁྱི་སྐད་ལས་གང་ཡང་མི་ཐོས་པ་རེད།
“འོ་ན་སྐབས་དེར་ཁྱོའི་ཁྱོ་གས་བོད་ལྭ་སྨུག་པོ་ཞིག་གོན་ཡོད་པ་ཡིན་ནམ། སྐེད་ལ་གྲི་ཤུབས་དངུལ་གྱིས་བརྒྱན་པའི་འབྲོག་གྲི་རིང་བོ་ཞིག་བཏགས་ཡོད་པ་ཡིན་ནམ། ”
མཚམས་ཤིག་ལ་ལག་ཤེས་པ་རྒྱ་མོ་ཐར་གྱིས་གློ་བུར་དུ་མོ་ལ་དེ་ལྟར་དྲིས་བྱུང་བས་ཨ་མ་ཡ་རྡོའི་མིག་ཟུང་ཡང་སྐད་ཅིག་ཉིད་ལ་ཇེ་ཆེར་གྱུར་ཏེ་ཆ་རྒྱུས་མེད་པའི་མི་དེས་བཤད་པའི་སྐད་ཆ་ལ་བསམ་གཞིགས་གཏོང་བཞིན་སྔ་ན་མེད་པའི་དོགས་ཟོན་གྱི་རྣམ་འགྱུར་དང་བཅས་ཁོའི་གདོང་ལ་ཡང་ཡང་ལྟ་དགོས་པར་གྱུར།
“ཡོད། ཁྱོས་བཤད་པའི་བོད་ལྭ་དེ་འདྲ་ཞིག་དང་གྲི་དེ་འདྲ་ཞིག་བཏགས་ཡོད། ཁྱོས་དོན་དག་འདི་ཅི་ལྟར་ཤེས་པ་ཡིན་ནམ། ངའི་ཁྱོ་གའི་འདས་རྐྱེན་ཁྱོད་ལ་གསལ་ཆ་ཡོད་པ་ཡིན་ནམ། གལ་ཏེ་ཡོད་ན་དྲང་མོར་ཤོད་དང་ངས་ཁྱོད་ལ་ཁྱིམ་འདིའི་རྒྱུ་ནོར་ཕྱེད་ཀ་བྱིན་ཆོག་པ་མ་ཟད་ཁྱོས་གང་བཤད་ངས་ཁས་ལེན་བྱེད་ངེས་ཡིན། ངས་ད་བར་དུ་རྩད་གཅོད་བྱས་ཀྱང་ངའི་ཁྱོ་ག་ཇི་ལྟར་ཤི་བའི་གནས་ཚུལ་རྟོགས་མ་སོང་། ”
གཉིད་མ་སད་ཀྱིས་དགོང་ཟས་ཟ་བཞིན་པའི་ཨ་མ་ཡ་རྡོའི་གདོང་ལ་གློ་བུར་དུ་རྣམ་རིག་གསར་བ་ཞིག་རྒྱས་པ་དང་མཉམ་དུ་ལག་ཤེས་པ་རྒྱ་མོ་ཐར་ལ་དེ་ལྟར་བཤད་བཞིན་ཐབ་འགྲམ་ནས་ཡར་ལངས་ཏེ་ཡང་བསྐྱར་ཇ་གསར་བ་ཞིག་བསྐོལ་བའི་སྟ་གོན་བྱས་པ་རེད།
“ཁྱོད་མ་བྲེལ། ངས་དོན་དག་འདི་རྩད་གཅོད་བཟང་བོ་ཞིག་བྱེད། ང་ཡང་བཟང་ན་ངན་ན་ལས་རྒྱུ་འབྲས་བརྩི་བའི་མི་ཞིག་ཡིན། དོན་དག་འདི་ངས་ཁྱེད་ལ་རོགས་བྱས་ནས་རྩད་གཅོད་བྱེད་ངེས་ཡིན། ཡིན་ན་ཡང་ངས་ཁྱེད་ལ་རོགས་བྱེད་བཞིན་པའི་གནས་ཚུལ་སྡེ་བ་འདིའི་མི་སུ་ལ་ཡང་ཤེས་སུ་འཇུག་མི་རུང་། ང་ལ་རྒྱུ་སོགས་གང་ཡང་མི་དགོས་ངས་བལྟས་ན་ཁྱོད་དངོས་གནས་བུད་མེད་དྲང་མོ་ཉམ་ཆུང་ཞིག་རེད་ངས་ཁྱེད་ལ་དོན་དག་འདི་གསལ་བོ་རྩད་གཅོད་བྱེད་ངེས་ཡིན། ཁྱོས་སེམས་ཁུར་བྱེད་མི་དགོས། ”
ལག་ཤེས་པ་རྒྱ་མོ་ཐར་གྱིས་དེ་ལྟར་བཤད་ཀྱིན་བླུགས་ནས་ཡུན་རིང་འགོར་བའི་དཀར་ཡོལ་ནང་གི་ཇ་འཁྱགས་དེར་ཧུབ་འགའ་བྱས་རྗེས་རང་ལ་ཅུང་གདེང་ཚོད་ཡོད་པའི་ཉམས་ཀྱིས་དེ་ལྟར་བཤད་པ་ན་ཨ་མ་ཡ་རྡོའི་གདོང་ལ་ལོ་ངོ་གསུམ་གྱི་ཡུན་ལ་མངོན་མ་མྱོང་བའི་རྒྱལ་ཁའི་འའཛུམ་མདངས་ཤིག་དང་བཅས་མིག་ཟུང་ལས་མཆི་མའི་ཐིག་ཕྲེང་བར་མེད་དུ་ཟགས་ཀྱིན་ཁོས་བཤད་པའི་ལན་ལ་མགོ་བོ་སྒུར་སྒུར་བྱེད་དགོས་སོང་།
ནམ་ལངས་སོང་། ཞག་གཅིག་གི་དུས་ཚོད་ནི་བསམ་དབང་དྲན་དབང་མེད་པར་འདས་སོང་ལ་ལག་ཤེས་པ་རྒྱ་མོ་ཐར་དང་ཨ་མ་ཡ་རྡོ་གཉིས་ཀྱང་ཆ་མེད་ནས་ཆ་ཡོད་དང་ཆ་ཡོད་ནས་འདྲིས་ལོབས་སུ་གྱུར་བ་རེད། ནངས་སྔ་མོའི་སྐྱ་རེངས་དང་མཉམ་དུ་ཨ་མ་ཡ་རྡོ་མལ་ལས་ལངས་ཏེ་འབྲི་བཞོ་བ་དང་ནོར་ལུག་ལྷས་སུ་བསྐྱིལ་བའི་ལས་ལ་བྲེལ་གྱིན་ཡོད་ལ། ཁ་སང་མ་གཏོགས་ཁྱིམ་འདི་ལ་གོམ་པ་སྤོས་མ་མྱོང་བའི་ལག་ཤེས་པ་རྒྱ་མོ་ཐར་ལ་འཛེམ་དོགས་གང་ཡང་མེད་པའི་སྒོ་ནས་ཁྱིམ་ལས་སྣ་ཚོགས་ལས་ཀྱིན་ཡོད་པ་ནི་ཁོ་གཉིས་ནི་གཉེན་སྒྲིག་བྱས་ནས་ཡུན་རིང་འགོར་བའི་བཟའ་ཟླ་ཞིག་དང་དབྱེར་མ་མཆིས་པ་རེད། ཨ་མ་ཡ་རྡོས་ཀྱང་སྣང་ཚུལ་དེ་དག་མཐོང་བ་ན་སེམས་ལ་ཅུང་སྤྲོ་སྣང་གི་ཉམས་དང་བཅས་མོ་ལ་ཡང་ཁོ་དང་ཁོ་ལྟ་བུའི་ཚེ་མཇུག་གི་བཟའ་ཟླ་ཞིག་ཡོད་ན་ཅི་མ་རུང་སྙམ་པའི་རེ་བའི་ཟུར་མིག་གི་མདའ་མོ་དེ་ཁོའི་གདོང་གི་འབེན་ལ་ཡང་ཡང་འཕེན་བཞིན་ཡོད་པ་ནི་ལག་ཤེས་པ་རྒྱ་མོ་ཐར་གྱིས་དོ་སྣང་དང་མཉམ་འཇོག་བྱེད་ཀྱིན་མེད་པ་འདྲ། དེ་ལྟར་ལག་ཤེས་པ་རྒྱ་མོ་ཐར་གྱིས་ཉིན་དཀར་ནགས་མང་སྡེ་བའི་ཁྱིམ་ཚང་སོ་སོར་སོང་ནས་ལས་ཀ་ལས་ནས་སྒོར་མོ་བཙལ་རྗེས་ཕྱི་དྲོ་ཨ་མ་ཡ་རྡོའི་ཁྱིམ་དུ་ལོག་ནས་ནོར་ལུག་གི་རྗེས་སུ་སོང་ནས་ཕྱིར་ཐོན་མེད་པའི་ཨ་མ་ཡ་རྡོ་ལ་ཟ་མ་བསྐོལ་བ་དང་དགོང་ཟས་གྲ་སྒྲིག་བྱེད་ཀྱིན་ཡོད་པས་སྡེ་བ་འདིའི་རྒན་མོ་བཤད་ཁ་མ་དག་གིས་ཡང་བསྐྱར་གསར་འགྱུར་གསར་བ་ཞིག་འདྲི་མ་དགོས་པར་སྡེ་བ་འདིའི་རི་ལུང་ཐང་གསུམ་ལ་སྒྲོགས་སྤེལ་བྱེད་བཞིན་པ་ནི་ཡ་རྡོ་ཡུགས་ས་མས་མག་པ་གསར་བ་ཞིག་བཞག་པ་གན་ཡང་དུས་ནམ་ཞིག་མེད་བརླགས་སུ་གཏོང་རྒྱུ་ཡིན་པ་དེ་རེད། གནས་ཚུལ་དེ་ཨ་མ་ཡ་རྡོས་གསལ་བོར་གོ་ཡོད་ལ་ལག་ཤེས་པ་རྒྱ་མོ་ཐར་གྱིས་དེ་བས་ཀྱང་གསལ་བོ་ཞིག་གོ་ཡོད་ན་ཡང་ཁོ་དང་ཁོ་མོ་གཉིས་ཀྱིས་མདོ་མེད་ཀྱི་འཆལ་གཏམ་འདི་ལ་ཁ་ཡ་མི་བྱེད་པར་རང་རང་གི་འོས་འགན་ལེགས་འགྲུབ་ཀྱི་ཆ་ལ་འབད་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་རེད།
ཨ་མ་ཡ་རྡོ་ལ་མཁོ་བ་ནི་རང་ཉིད་ཀྱི་སུན་སྣང་སེལ་བར་བྱེད་པའི་འདུག་རོགས་ཤིག་དང་ལག་ཤེས་པ་རྒྱ་མོ་ཐར་ལ་དགོས་པ་ནི་རང་གི་ཁྱིམ་ཚང་འདིའི་གནས་ཚང་གཡར་བ་དང་བསྟུན་ནས་ད་ལོ་ཡང་ལག་འབབ་བཟང་བོ་ཞིག་བཙལ་བསམ་པ་དེ་ལས་ནགས་མང་སྡེ་བའི་བཤད་ཁ་མ་དག་གིས་བཤད་ཀྱིན་པའི་སྣང་ཚུལ་དེ་འདྲ་ཞིག་ཁོ་དང་ཁོ་མོའི་བར་དུ་ད་སྔ་བྱུང་མ་མྱོང་བ་རེད། རྒྱ་མོ་ཐར་དང་ཡ་རྡོ་གཉིས་ཀ་ཁྱིམ་གཅིག་ནས་དེ་ལྟར་ཟླ་ངོ་གཅིག་ཙམ་འདས་པ་ན་བཤད་མི་ཤེས་པའི་ཚོར་བ་ཟབ་མོ་ཞིག་དང་འགྲན་མི་ཚུགས་པའི་དུང་བ་གློ་བུར་བ་ཞིག་གིས་ཁོ་དང་ཁོ་མོ་གཉིས་ཁྱིམ་འདི་ནས་གཏན་དུ་བྲལ་མི་སྲིད་པའི་བག་ཆགས་ཤིག་གི་རྨང་གཞི་བརྟན་པོ་ཞིག་འདིང་བཞིན་ཡོད་པ་རེད། རྒྱ་མོ་ཐར་ཡོད་པ་ནས་བཟུང་ཨ་མ་ཡ་རྡོས་རང་ཁྱིམ་གྱི་དོན་དག་ཐམས་ཅད་ཁོ་ལ་བློ་འདྲི་བཞིན་ཡོད་པ་ཡིན་ལ་ཁོས་ཀྱང་ལྷག་བསམ་རྣམ་དག་གིས་མོ་ལ་རམ་འདེགས་གང་ནུས་སྦྱོར་བཞིན་ཡོད་པ་རེད། དེ་ལྟ་བུའི་སྣང་ཚུལ་ཞིག་གིས་ཡུག་གཅིག་ཏུ་སྦྲེལ་བཞིན་པའི་ཁོ་དང་ཁོ་མོའི་ཁ་བརྡའི་བར་གསེང་རེ་རེ་ན་ཕན་ཚུན་ལ་ཤ་ཚ་ཞིང་སྙིང་ཉེ་བའི་དུང་སེམས་ཀྱི་སྙིང་གཏམ་ཞིག་དབང་མེད་དུ་བརྗོད་ཀྱིན་ཡོད་པ་རེད། དེ་ནི་སྟེས་དབང་མིན་ལ་ལས་དབང་ཡང་ཡིན་མི་སྲིད་དོ། ། སྡེ་དཔོན་བསྟན་པས་ཨ་མ་ཡ་རྡོའི་ཁྱིམ་དུ་མགྲོན་པོའམ་མག་པ་གང་ཡིན་ཆ་མི་འཚལ་བའི་མི་རྐྱང་ལྡོམ་པོ་ཞིག་གཏན་སྡོད་བྱས་ཡོད་པའི་གནས་ཚུལ་དེ་ཐོས་རྗེས་མྱུར་བ་མྱུར་དུ་ནགས་མང་སྡེ་བའི་སྡེ་དཔོན་གཞོན་པ་སངས་རྒྱས་ཀྱི་གམ་དུ་སོང་ནས་མི་རྐྱང་དེ་ཡང་ཕ་མཐར་བསྐྲད་དགོས་ལུགས་དང་དེ་འདྲ་བའི་མི་རྐྱང་རང་སྡེ་ནང་དུ་སྡོད་ཡུན་རིང་ན་ནགས་མང་སྡེ་བར་བཀྲ་མི་ཤིས་པའི་དོན་དག་ངན་པ་འབྱུང་ཚུལ། ཁོ་ཡང་མི་བཟང་བོ་ཞིག་མིན་པ་སོགས་མ་ཉེས་ལོག་འགལ་གྱི་ཁ་བརྡ་མང་པོ་ཞིག་གནང་བ་ན་སྡེ་དཔོན་གཙོ་བྱས་ཁོང་ཚང་གི་མཐའ་འཁོར་དུ་སྡོད་པའི་འབངས་མི་དག་གི་གདོང་ལ་ཅུང་ཡིད་མི་ཆེས་པ་དང་ཐབས་ཟད་པའི་ཉམས་ཀྱིས་མགོ་བོ་སྒུར་ནས་སྨྲ་བ་གང་ཡང་མེད་པར་སྡོད་པ་ནི་ཁོ་དང་ཁོ་མོ་གཉིས་ལ་རང་དབང་རང་འཐད་ཀྱི་བསམ་བློ་ལྡན་ཚེ་ང་ཚོས་དོན་དག་འདིའི་རིགས་ལ་གེགས་དང་བར་ཆད་གཏོང་དོན་མི་འདུག་པའི་བསམ་ཚུལ་འདོན་བཞིན་ཡོད་པ་དང་གཅིག་འདྲ་རེད། རེད་མོད་ཀྱང་སྡེ་དཔོན་གྱི་གསུངས་ལ་སུས་ཀྱང་ངོ་རྒོལ་བྱེད་པའི་སྤོབས་པ་མེད་ན་ཡང་ཐེངས་འདིར་ཁོང་ཚང་གིས་གསུངས་པའི་འགན་འདི་ལེགས་འགྲུབ་བྱེད་པར་ནུས་པའི་མི་གཅིག་ཀྱང་མ་བྱུང་བ་རེད། དྲང་མོར་བཤད་ན་ཨ་མ་ཡ་རྡོས་རང་གི་ཁྱོ་ག་བསད་པ་དང་ཁོ་མོ་ནི་མི་མ་ཡིན་པའི་གྲས་སུ་གཏོགས་པ་རེད་ཞེས་བརྗོད་པ་དག་ནི་སྡེ་བ་འདིའི་ཁོམ་ནས་ལས་རྒྱུ་གཞན་མེད་པའི་རྒན་མོ་བཤད་ཁ་མ་དག་ཡིན་པ་ལས་ནགས་མང་སྡེ་བའི་སྡེ་དཔོན་གཙོ་བྱས་མི་ཕལ་ཆེ་བའི་སེམས་ལ་དེ་ལྟའི་བསམ་ཚུལ་ཞིག་དྲན་བཞིན་ཡོད་པ་མ་རེད། དེ་ཡང་གསལ་བོར་བཤད་ན་སྡེ་དཔོན་བསྟན་པས་མོ་ལ་མནར་གཅོད་གཏོང་དོན་ནི་མོས་རང་གི་རེ་བ་དང་ལེན་མ་བྱས་པའི་དབང་གིས་ཡིན་ལ་རྒན་མོ་བཤད་ཁ་མ་དག་གིས་མནར་སྡུག་གཏོང་དོན་ནི་ཁོ་མོའི་ཡག་དང་མོ་སྒོ་གཡུག་དང་ལས་ཀ་སོགས་ཀྱི་དོ་ཟླར་མ་ནུས་པའི་དབང་གིས་ཡིན་པ་ནི་སྨོས་མ་དགོས་པ་སོ། ། ཉི་མ་དེར་སྡེ་དཔོན་གཞོན་པ་སོགས་ནགས་མང་སྡེ་བའི་མི་སྣ་གྲགས་ཅན་སྐོར་ཞིག་གིས་སྡེ་དཔོན་བསྟན་པའི་གསུངས་པ་དང་ལེན་མ་བྱས་སྟབས་ཁོ་ལ་ཡང་སྔ་ན་མེད་པའི་དོགས་ཟོན་ཞིག་གིས་ཨ་མ་ཡ་རྡོ་དང་ཁོ་གཉིས་བར་དུ་རྒྱུན་ལྡན་མིན་པའི་འབྲེལ་བ་ཞིག་ཡོད་པ་ཤེས་སོང་བར་འདོད་ནས་ངེས་པར་དུ་རང་གིས་ཐབས་གང་ཞིག་བཀོལ་ཏེ་ཁོ་མོ་མེད་པར་བྱེད་དགོས་པའི་ཐབས་ཇུས་ངན་པ་ཞིག་ལ་བསམ་མནོ་གཏོང་བཞིན་ཡོད་པ་རེད།
ལག་ཤེས་པ་རྒྱ་མོ་ཐར་གྱིས་ཕྱོགས་གཅིག་ནས་ཨ་མ་ཡ་རྡོ་ལ་རོགས་བྱས་ཏེ་མོའི་ཁྱོ་གའི་ཤི་རྐྱེན་རྩད་གཅོད་བྱེད་ཀྱིན་ཡོད་ལ་ཕྱོགས་གཅིག་ནས་རང་ནུས་གང་ཡོད་སྒོས་ལས་ཀ་ལས་ཏེ་རང་གི་ལག་འབབ་གསོག་པའི་ཐད་ལ་ནུས་པ་གང་ཡོད་འདོན་བཞིན་ཡོད་པ་རེད། ཁོ་རང་ནམ་ལངས་དུས་ནགས་མང་སྡེ་བའི་ཁྱིམ་ཚང་སོ་སོར་སོང་ནས་ལས་ཀ་ལས་བཞིན་ཡོད་ལ་ས་རུབ་དུས་ཨ་མ་ཡ་རྡོའི་ཁྱིམ་དུ་ལོག་ནས་མོ་ལ་རོགས་རམ་གང་ནུས་བྱེད་ཀྱིན་ཡོད་པ་རེད། ཁོ་དང་ཁོ་མོ་གཉིས་ཀྱི་བར་དུ་དགའ་རོགས་མིན་ལ་བཟའ་ཟླ་ནི་དེ་བས་ཀྱང་མིན་པའི་འབྲེལ་བ་ཞིག་གིས་ཕན་ཚུན་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་པའི་འདུ་ཤེས་ཤིག་ངང་ངམ་ཤུགས་ཀྱིས་བསྐྱེད་པར་བྱེད་པ་རེད། ཁོ་དང་ཁོ་མོ་གཉིས་ནི་ཉིན་དཀར་རང་རང་སོ་སོར་སོང་ནས་རང་འགན་ལེགས་འགྲུབ་ཀྱི་ཆ་ལ་ཁོམ་ལོང་མེད་ན་ཡང་དགོང་མོའི་དུས་སུ་དྲོད་ལམ་ལམ་གྱི་ཐབ་འགྲམ་དུ་ཞིམ་མངར་ལྡན་པའི་འོ་ཇ་འཐུང་བཞིན་ཁ་བརྡ་སྣ་ཚོགས་བྱེད་ཀྱིན་ཡོད་པ་རེད། སྐབས་དེའི་ཁོ་དང་ཁོ་མོ་གཉིས་ནི་ཆ་རྒྱུས་མེད་པ་ཞིག་དང་སྒོས་སུ་ནགས་མང་སྡེ་བའི་མི་རྣམས་ཀྱི་ཆ་ནས་བཤད་ན་བཟའ་ཟླ་མིན་རུང་དགའ་རོགས་ལོས་ཡིན་སྙམ་པའི་སྣང་ཚུལ་ཞིག་ལས་མ་འདས་པ་རེད། གང་ལྟར་ལག་ཤེས་པ་རྒྱ་མོ་ཐར་གྱིས་ཉིན་དཀར་ནགས་མང་སྡེ་བའི་ཁྱིམ་ཚང་སུ་ཚང་གིས་བཀོད་སྒྲིག་བྱས་པ་ལྟར་ལས་ཀ་ལས་ཞོར་དུ་ཨ་མ་ཡ་རྡོའི་ཁྱོ་ག་ཚེ་ལས་འདས་པའི་གནད་དོན་ལ་རྩད་གཅོད་བྱེད་ཀྱིན་ཡོད་པ་རེད།
ཉི་མ་དེར་ལག་ཤེས་པ་རྒྱ་མོ་ཐར་གྱིས་ནགས་མང་སྡེ་བའི་སྡེ་དཔོན་གཞོན་པ་ཚང་གི་ལུག་ར་ལས་ཀྱིན་པའི་སྐབས་སུ་རྟ་ནག་པོ་ཞོན་པའི་གསར་བུ་ཞིག་སྡེ་དཔོན་ཚང་ལ་དོན་དག་ཅི་ཞིག་སྒྲུབ་དུ་སླེབས་བྱུང་བ་རེད། གསར་བུ་དེས་སྡེ་དཔོན་ལ་དོན་དག་གང་ཞིག་ལས་བཅོལ་བྱས་པའི་རྗེས་སུ་ངལ་དུབ་ཀྱིས་ལུག་ར་ལས་བཞིན་པའི་རྒྱ་མོ་ཐར་གྱི་གམ་དུ་ཡོངས་ནས་ཁོ་རང་གང་གི་ཡིན་ལུགས་དང་ས་གནས་འདིར་ནམ་ཡོངས་ཚད། ལས་ཀ་གང་གི་རིགས་ལས་པ་དང་ཁོ་ལ་ཡང་ལུག་ར་གསར་བ་ཞིག་བསྐོར་དགོས་ཚུལ་སོགས་ལབ་ཀྱིན་ཁོའི་གམ་དུ་སར་བསྡད་དེ་སྔོ་ལོག་ལོག་གིས་དུ་བ་རྔུབ་འཐེན་བྱེད་བཞིན་ཡོད་པས་ཁོས་ཞིབ་དུ་བལྟས་ཚེ་མི་དེ་ནི་སྔོན་ཆད་ཁོས་ས་གནས་གང་ཞིག་ཏུ་རིག་མྱོང་བ་འདྲ་ལ་ཡང་སྙིང་ད་ལྟ་ཁོའི་གམ་དུ་ཡོད་པའི་མི་འདི་སུ་ཡིན་གྱི་ཆ་ལ་བསམ་གཞིགས་ཞིབ་མོ་གཏོང་བཞིན་ཡོད་པ་རེད། གསར་བུ་དེས་ལག་ཤེས་པ་རྒྱ་མོ་ཐར་གྱིས་དོན་དག་ཅི་ཞིག་ལ་བསམ་མནོ་གཏོང་བཞིན་ཡོད་པ་ཤེས་མི་སྲིད་པས་ད་རུང་ལས་ཀའི་ཕྱོགས་ཀྱི་ཁ་བརྡ་སྣ་ཚོགས་ཤིག་མུ་མཐུད་དུ་བཤད་ཀྱིན་ སྔོ་ལོག་ལོག་གིས་དུ་བ་འཐེན་བཞིན་ཡོད་པ་རེད། རྒྱ་མོ་ཐར་གྱིས་མི་དེའི་ཚུགས་ཀ་དང་གདོང་གི་རྣམ་འགྱུར། སྐད་ཆ་བཤད་སྟངས་བཅས་ལ་ཞིབ་དུ་བརྟག་ཚེ་མི་དེ་ནི་ཁོས་སྔོན་ཆད་ས་གནས་ག་གེ་མོ་ཞིག་ནས་མཐོང་མྱོང་བའམ་ཡང་ན་ཁོ་གཉིས་ལ་ངོ་ཤེས་ཀྱི་འབྲེལ་འདྲིས་བྱུང་མྱོང་བ་ནང་བཞིན་མུ་མཐུད་དུ་རང་གི་ཕྱིར་དྲན་གྱི་ཀློང་དུ་འཚོལ་ཞིབ་བྱེད་ཀྱིན་ཡོད་པ་རེད།
“ངས་ཁྱོད་ཕལ་ཆེར་ངོ་ཤེས་པ་འདྲ། ཁྱོས་ང་རིག་མྱོང་ངམ། ང་ལོ་གསུམ་གྱི་སྔོན་དུ་རུ་གོང་མའི་སྡེ་བར་ཞོར་ལས་བྱེད་དུ་ཡང་ཡང་ཡོངས་བཞིན་པའི་ལག་ཤེས་པ་རྒྱ་མོ་ཐར་ཟེར་བ་དེ་ཡིན། ”
རྒྱ་མོ་ཐར་གྱིས་ད་ལྟ་ཁོའི་གམ་དུ་ཡོད་པའི་མི་འདི་སུ་ཡིན་ལ་རྩད་གཅོད་བྱེད་ཀྱིན་པའི་སྐབས་སུ་གློ་བུར་དུ་ཁོའི་དྲན་པའི་ཡོལ་ངོས་སུ་འཆར་འོངས་པ་ནི་ཆར་བ་ཤག་ཤག་འབབ་ཀྱིན་པའི་ཉི་མ་སྟེ་རྡོ་དམར་ཉག་འདབས་སུ་གསར་བུ་གཉིས་ཀྱིས་སྨུག་ལོང་ཁྲོད་དུ་མི་གསོན་པོ་ཞིག་དམར་གསོད་བྱས་པའི་དོན་དག་དེ་ཡང་བསྐྱར་ཡིད་ལ་དྲན་བྱུང་བས་གསར་བུ་དེ་གཉིས་ཀྱི་གཅིག་ནི་ཁོ་རང་ཡིན་པ་གཞི་ནས་ངོས་ཟིན་སོང་བས་ཐེ་ཚོམ་གང་ཡང་མེད་པར་རང་གི་གམ་དུ་ལབ་གླེང་སྣ་ཚོགས་བཤད་ཀྱིན་པའི་གསར་བུ་དེ་ལ་དེ་ལྟར་བཤད་པ་རེད།
“རེད། ལོ་གསུམ་གྱི་སྔོན་དུ་ང་སྡེ་གོང་མའི་ཁྱིམ་ཚང་ཞིག་གི་མག་པ་ཡིན། འོན་ཀྱང་མི་འོས་པའི་དོན་དག་ཅིག་གི་ཆེད་དུ་ང་མུ་མཐུད་དུ་ཁྱིམ་ཚང་དེ་ནས་མག་པ་འདུག་སྲོལ་མེད་པར་གྱུར་ནས་རང་ཁྱིམ་དུ་ལོག་དགོས་བྱུང་། ད་ལྟ་མནའ་མ་བླངས་ནས་སྡེ་བའི་ནང་དུ་བསྡད་ཡོད། མིང་ལ་རིག་ལྡན་རྒྱ་མཚོ་ཟེར། ངས་ཁྱོད་མི་ཤེས་ཀི”
ད་ལྟ་རིག་ལྡན་རྒྱ་མཚོར་འབོད་པའི་མི་དེས་ལག་ཤེས་པ་རྒྱ་མོ་ཐར་གྱིས་དྲི་བར་ལན་དྲང་མོར་བཏབ་པས་ཁོས་ཨ་མ་ཡ་རྡོའི་ཁྱོ་ག་གསོད་པའི་ཡུལ་དངོས་སུ་ཡོད་པའི་མི་དེ་གཅིག་ནི་ཁོ་རང་ཡིན་པ་གསལ་བོར་ཤེས་སོང་། དེའི་རྐྱེན་གྱིས་རྒྱ་མོ་ཐར་གྱིས་རང་གི་ལག་གི་ལས་ཀ་ལས་མཚམས་བཞག་སྟེ་ཚམ་ཚོམ་གང་ཡང་མེད་པའི་སྒོ་ནས་མི་དེའི་ཐོང་རྩར་འཇུས་ཏེ་ཆར་བ་འབབ་པའི་ཉིན་དེའི་དོན་དག་གི་བརྒྱུད་རིམ་གསལ་བོར་བཤད་པ་ན། ད་ཅི་དཔའ་མདོག་གིས་ཁ་བརྡ་སྣ་ཚོགས་བྱེད་ཀྱིན་པའི་མི་དེ་གློ་བུར་དུ་མི་ཉམ་ཆུང་ཞིག་ཏུ་གྱུར་ཏེ་རང་དབང་མེད་པར་རྒྱ་མོ་ཐར་གྱི་གམ་དུ་པུས་མོ་སར་བཙུགས་ཏེ་སྐབས་དེའི་དོན་དག་ཡོད་ཚད་ཁས་ལེན་བྱས་པ་མ་ཟད་དོན་དག་དེ་ནི་སྡེ་དཔོན་བསྟན་པས་མངགས་བཅོལ་ལྟར་སྒྲུབ་པ་ཡིན་ཚུལ་སོགས་མདོར་ན་ཨ་མ་ཡ་རྡོའི་ཁྱོ་ག་ཇི་ལྟར་བསད་པ་དང་སུས་བསད་པ། གསོད་དགོས་དོན་གང་ཡིན་སོགས་གསལ་བོར་གོ་སོང་བ་རེད། རྒྱ་མོ་ཐར་གྱིས་གདོང་ལ་ཅུང་སྔ་ན་མེད་པའི་རྒྱལ་ཁའི་འཛུམ་མདངས་དང་བཅས་རིག་ལྡན་རྒྱ་མཚོ་ས་ལ་མནན་ཏེ་གཅར་རྡུང་བྱེད་གྲབས་ཀྱི་སྐབས་སུ་སྡེ་དཔོན་གཞོན་པས་མཐོང་བྱུང་བས་སྡེ་བའི་ལོ་ལོན་འགའ་བོས་ཏེ་ཁོ་གཉིས་ཀྱི་གམ་དུ་ཐོན་བྱུང་བ་རེད།
“ཅི་རེད་ལས་དགོས་པའི་ལས་ཀ་མི་ལས་པར་རྡུང་རེས་བྱེད་དགོས་དོན་ཅི་ཡིན། དཔའ་ཡོད་རུང་ནགས་མང་སྡེ་བར་གང་འདོད་དུ་རྡུང་རེས་བྱས་མི་ཆོག་པ་མི་ཤེས་སམ། ཁྱོད་གཉིས་ཀྱིས་རྡུང་རེས་བྱེད་འདོད་པ་ན་སྡེ་བ་གཞན་པར་སོང་ནས་རྡུང་རེས་བྱོས། གང་ལྟར་ནགས་མང་སྡེ་བར་རྡུང་རེས་བྱས་མི་ཆོག། ”
སྡེ་དཔོན་གཞོན་པའི་གདོང་ལ་སྔོན་ཆད་མཐོང་མ་མྱོང་བའི་ཞེ་སྡང་གི་ཉམས་དང་བཅས་རྒྱ་མོ་ཐར་དང་རིག་ལྡན་རྒྱ་མཚོ་གཉིས་ཀྱིས་རྡུང་རེས་བྱེད་མཚམས་བཀག་སྟེ་དེ་ལྟར་བཤད་པ་རེད།
“དོན་དག་ཅི་ཞིག་གི་ཆེད་ཡིན་པ་ཁྱོས་ཁོ་ལ་དྲིས། ”
རྒྱ་མོ་ཐར་གྱི་གདོང་ལ་ཞེ་སྡང་བཟོད་བསྲན་ཁག་པ་ཞིག་གི་ཉམས་དང་བཅས་རིག་ལྡན་རྒྱ་མཚོའི་གདོང་ལ་མཛུབ་མོ་ཀེར་ནས་སྡེ་དཔོན་གཞོན་པ་ལ་དེ་ལྟར་བཤད་པ་རེད།
“བདེན་ལགས། ང་འཆུག་སོང་། སྡེ་དཔོན་རིན་པོ་ཆེ་ཁྱོས་ང་གུ་ཡངས་སུ་གཏོང་རོགས། ངའི་སྲོག་སྐྱོབ་དགོས། གཞེས་ནིང་ལོར་ང་དང་སྣ་ལོ་གཉིས་ཀྱི་སྡེ་དཔོན་བསྟན་པས་མངགས་བཅོལ་ལྟར་རྡོ་དམར་ཉག་འདབས་ནས་ཨ་མ་ཡ་རྡོའི་ཁྱོ་ག་བསད་པ་ཡིན། འདི་ སྡེ་དཔོན་བསྟན་པས་བཀོད་སྒྲིག་ཡིན་པ་ལས་ངེད་གཉིས་ཀྱིས་བསམ་གཟས་ནས་སྒྲུབ་པ་ཞིག་གཏན་ནས་མིན། ”
སྐབས་དེར་སྡེ་དཔོན་གཞོན་པ་དང་ཁོའི་གམ་གྱི་རྒན་པོ་དག་གིས་རིག་ལྡན་རྒྱ་མཚོས་བཤད་པའི་སྐད་ཆ་དེ་གོ་རྗེས་ཧ་ལས་པའི་ངང་ནས་རང་རང་སར་ཁ་ཁུ་སིམ་མེར་ཀྲོང་ངེར་ལངས་ནས་སྡོད་པ་ལས་གང་བྱེད་འདི་ཡིན་ཐག་གཅོད་ཅི་ཡང་བྱེད་མ་ནུས་པར་ལུས་འདུག སྐབས་དེར་རྒྱ་མོ་ཐར་གྱིས་ད་གཟོད་རང་གིས་སྒྲུབ་དགོས་པའི་དོན་དག་ཐམས་ཅད་ཐག་གཅོད་གསལ་བོ་ཞིག་བྱས་ཟིན་པའི་དབང་གིས་རིག་ལྡན་རྒྱ་མཚོ་གློད་དེ་སྡེ་དཔོན་གཞོན་པ་སོགས་ཀྱི་གམ་དུ་དོན་དག་འདི་ཐག་གཅོད་གསལ་བོ་ཞིག་བྱེད་དགོས་པ་དང་། ནང་སྒོས་སུ་ལོ་ངོ་གསུམ་གྱི་རིང་ལ་མ་ཉེས་ཁ་གཡོགས་ཐེབས་པའི་ཨ་མ་ཡ་རྡོ་ལ་དཀར་འདོན་བྱེད་དགོས་པའི་གནས་ལུགས་གང་མང་ཆུ་ལ་གཟིངས་བརྒྱབ་པ་ནང་བཞིན་ཐོགས་བཀག་རེག་གསུམ་མེད་པར་བཤད་བྱུང་བས་སྡེ་དཔོན་གཞོན་པ་སོགས་ཀྱིས་ཀྱང་དོན་དག་འདི་ཐག་གཅོད་གསལ་བོ་ཞིག་བྱེད་པར་ཁས་ལེན་བྱས་པ་ཡིན་ལ་རིག་ལྡན་རྒྱ་མཚོས་ཀྱང་སྡེ་དཔོན་གཞོན་པ་སོགས་ཀྱིས་གང་བཤད་དང་དུ་ལེན་པའི་ཁས་ལེན་བྱས་པ་རེད། རྒྱ་མོ་ཐར་གྱིས་རང་གིས་ཨ་མ་ཡ་རྡོ་ལ་ཁས་ལེན་བྱས་པའི་དོན་དག་དེ་ལེགས་འགྲུབ་བྱས་རྗེས་ཐང་ཆད་པའི་ཉམས་དང་བཅས་ལག་གི་ལས་མཚམས་བཞག་སྟེ་ཁོ་ཚོའི་འགྲམ་དུ་བསྡད་དེ་གནད་དོན་འདི་ཇི་ལྟར་ཐག་གཅོད་བྱེད་ཚུལ་ལ་སྒུག་ནས་བསྡད་ཡོད་པ་རེད། སྡེ་དཔོན་གཞོན་པ་སོགས་ཀྱིས་གློ་བུར་དུ་གནད་དོན་འདི་ཇི་ལྟར་ཐག་གཅོད་ཅི་ལྟར་བྱེད་དགོས་པ་ཡང་མ་ཤེས་པར་རང་རང་སར་རིག་ལྡན་རྒྱ་མཚོའི་གདོང་ལ་མ་རངས་པའི་སྡང་མིག་གིས་བལྟས་ནས་སྡོད་པ་ལས་གནས་སྐབས་སུ་གནད་དོན་འདི་ཐག་གཅོད་བྱེད་པའི་ཐབས་ཤེས་ཤིག་ཁོ་ཚོ་སུ་ལ་ཡང་མ་ལྡན་པ་ལྟར་སྣང་བ་རེད། རིག་ལྡན་རྒྱ་མཚོས་རང་གིས་བཟོས་པའི་ནག་ཉེས་དེ་མི་གཞན་གང་དང་སུ་ཞིག་གིས་ཀྱང་ཤེས་མི་སྲིད་པར་སྙམ་ན་ཡང་། བློ་ཡུལ་ལས་འདས་པ་ཞིག་ལ་དེ་རིང་ནགས་མང་སྡེ་བ་ནས་སྨད་ཕྱོགས་རོང་ནས་ཞོར་ལས་བཙལ་དུ་ཐོན་པའི་ལག་ཤེས་པ་རྒྱ་མོ་ཐར་གྱིས་གསལ་བོར་རྟོགས་ཏེ་ནགས་མང་སྡེ་བར་གསལ་བསྒྲགས་བྱས་པ་རེད།
“ཨ་ལས་ངན་མ་ཚོ། ཁྱོད་ཚོས་ཨེ་གོ་ཐལ། ཁ་སང་ཕྱི་དྲོ་སྡེ་དཔོན་ཚང་གི་རུ་འདབས་སུ་ཡ་རྡོ་ཡུགས་ས་མ་ཚང་གི་མི་རྐྱང་དེས་རིག་ལྡན་རྒྱ་མཚོས་ཡ་རྡོའི་ཁྱོ་ག་བླ་གསང་བོ་བསད་པའི་གནས་ཚུལ་གསལ་བསྒྲགས་བྱས་པ་ཡིན་ལ། རིག་ལྡན་རྒྱ་མཚོས་ཀྱང་སྡེ་དཔོན་སོགས་ཀྱི་གམ་དུ་ཁས་ལེན་བྱས་པ་རེད། བྱ་འདི། ད་ལྟའི་མི་འདི་དག་གིས་མི་གསོད་པ་རེད་དམ། ”
“འོ་ལོས། འོ་ལོས། དེ་འདྲ་ཞིག་གྲགས་ཀྱིན་ཡོད་པ་བདེན་པ་ཡིན་ནམ། བྱ་འདི་ན་བྱ་འདི། ད་ཅི་བྱ་རྒྱུ། ”
“འཇིག་རྟེན་གྱི་མི་སུ་དང་གང་ཞིག་ཡིན་རུང་ཡིད་ལ་དྲན་རྒྱུ་མང་ན་དེ་འདྲ་རེད། རང་གཞན་གཉིས་ཀ་སྡུག་ལ་སྦྱོར་མཁན་གྱི་མི་དེ་དག་གི་རིགས་ནི་ངེས་པར་དུ་མེད་པར་བྱེད་དགོས་པ་རེད། ”
གནས་ཚུལ་འདི་བྱུང་ནས་ཡུན་རིང་མ་འགོར་ནགས་མང་སྡེ་བའི་བཤད་ཁ་མ་དག་མ་བགྲོས་གཅིག་མཐུན་སྒོས་སྔར་གྱི་གནས་དེར་འཛོམས་ཏེ་ལག་ཤེས་པ་རྒྱ་མོ་ཐར་གྱིས་ཨ་མ་ཡ་རྡོའི་ཁྱོ་ག་གསོད་མཁན་གྱི་ལག་དམར་རིག་ལྡན་རྒྱ་མཚོ་དང་སྣ་ལོ་གཉིས་ཡིན་པ་ར་སྤྲོད་བྱས་པའི་གནས་ཚུལ་དེ་གསལ་བསྒྲགས་བྱས་པས་ནགས་མང་སྡེ་བའི་མི་རྣམས་ཀྱིས་ད་གཟོད་ཨ་མ་ཡ་རྡོ་ལ་ཁག་མེད་ཚུལ་དང་སྡེ་དཔོན་བསྟན་པའི་བྱ་སྤྱོད་ཚད་ལས་བརྒལ་ཟིན་པ་སོགས་རང་རང་གི་ཡིད་ལ་དྲན་ཚོད་ཀྱིས་ཡུན་རིང་ལ་ཉེས་མིང་ཁུར་མཁན་གྱི་ཨ་མ་ཡ་རྡོ་ལ་དམིགས་བསལ་གྱིས་དཀར་འདོན་བྱེད་དགོས་པའི་ཐ་ཚིག་ཀྱང་ངང་ངམ་ཤུགས་ཀྱིས་བསྒྲགས་ཀྱིན་འདུག་པས་ནགས་མང་སྡེ་བའི་སྡེ་དཔོན་གཞོན་པས་སྡེ་དཔོན་བསྟན་པ་དང་འབྲེལ་བ་དམ་དུ་ཡོད་པའི་གནས་ཚུལ་འདི་ཇི་ལྟར་ཐག་གཅོད་དང་ཨ་མ་ཡའི་རྡོ་ཉེས་མིང་དག་སེལ་ཇི་ལྟར་བྱེད་པ་སོགས་ཀྱི་བྱ་བ་སྒྲུབ་དགོས་པའི་ཆ་ལ་བསམ་གཞིགས་ཡང་ཡང་གཏོང་བཞིན་ཡོད་ཚུལ་ནི་ད་ལྟ་རང་ཁྱིམ་དུ་སྒམ་པོའི་ཉམས་དང་མཁས་པའི་ཚུལ་གྱིས་གཡས་ལོག་གཡོན་ཉལ་གྱིས་ནགས་མང་སྡེ་བའི་མང་ཚོགས་ཀྱི་དོན་ལ་སེམས་ཁུར་བྱེད་ཁུལ་བྱེད་ཀྱིན་པའི་སྡེ་དཔོན་བསྟན་པས་མཁྱེན་ཡོད་མེད་དང་སྡེ་དཔོན་གཞོན་པས་དོན་དག་འདི་ཨ་ལགས་སྐུ་རྒོད་ཚང་ལ་ཇི་ལྟར་ཞུ་རྒྱུ་ཡིན་ཚུལ་སོགས་ནི་ནགས་མང་སྡེ་བའི་བཤད་ཁ་མ་དག་གིས་ངེས་པར་དུ་ཤེས་འདོད་པའམ་རྒྱུས་ལོན་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད། ལག་ཤེས་པ་རྒྱ་མོ་ཐར་གྱིས་ཨ་མ་ཡ་རྡོའམ་དངོས་མིང་ལ་རྡོ་རྗེ་སྐྱིད་འབོད་པའི་ཡུགས་ས་མ་འདིས་རང་གི་ཁྱོ་ག་བསད་པར་གྲགས་པའི་གནས་ཚུལ་དཀར་འདོན་བྱས་པའི་དབང་གིས་རྡོ་རྗེ་སྐྱིད་ཀྱིས་སྨད་ཕྱོགས་རོང་ནས་ཐོན་པའི་རྒྱ་མོ་ཐར་ལ་སྔ་ན་མེད་པའི་བརྩེ་དུང་གི་ཉམས་འགྱུར་ཞིག་སྟོན་དགོས་ལ་རྒྱ་མོ་ཐར་གྱིས་ཀྱང་རང་གི་ཁོག་ཏུ་དྲན་ནས་ཡུན་རིང་འགོར་ན་ཡང་ཁ་ནས་བཤད་མ་ཕོད་པའི་གསང་བའི་རྣམ་འགྱུར་དེ་མངོན་གསལ་སྒོས་རྡོ་རྗེ་སྐྱིད་ལ་ཤེས་སུ་བཅུག་པ་རེད།
“རྒྱ་མོ་ཐར་ད་ངས་ཁྱོད་ལ་ཇི་ལྟར་བཀའ་དྲིན་ཞུ་དགོས་པ་ཡང་མི་ཤེས། ཁྱོད་ནི་ང་མུན་ནག་གི་ཞིང་ཁམས་ནས་འོད་སྣང་གི་འཇིག་རྟེན་ལ་ཁྲིད་མཁན་ཡིན་ལ་ཁྱོད་ནི་ང་རང་མི་མ་ཡིན་པ་ལས་མི་ཞིག་ཏུ་འགྱུར་དུ་འཇུག་མཁན་དེ་ཡིན་པས་ངས་ཁྱོད་ལ་བཀའ་དྲིན་ཇི་ལྟར་ཞུ་དགོས་པ་ཡང་མི་ཤེས། གལ་ཏེ་ཁྱེད་རང་ངེད་ཚང་དུ་དུས་གཏན་དུ་སྡོད་འདོད་ཡོད་ཚེ་ངས་མི་ཚེ་གང་བོར་ཁྱོད་ལ་ལ་ཞབས་ཞུ་སྒྲུབ་ཆོག ། འདི་ངའི་སེམས་ཀྱི་སྐད་ཆ་ཡིན། འབྲུག་འབུམ་རྒྱལ་ཚེ་ལས་འདས་པ་དེ་ནས་བཟུང་ངས་སྐྱེས་པ་སུ་ཞིག་གི་རེ་འདོད་ཀྱང་བསྐངས་མ་མྱོང་། དུས་དེ་རིང་བར་དུ་ངས་སྐྱེས་པ་སུ་ཞིག་ལ་ཡང་འདི་ལྟ་བུའི་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་མྱོང་། ཐ་ན་སྡེ་དཔོན་བསྟན་པས་རེ་བ་ཡང་བསྐངས་མ་མྱོང་། དེ་རིང་ཁྱོད་ལ་བཤད་པ་ནི་ཆེས་ཐ་མ་ཡིན། ”
ལག་ཤེས་པ་རྒྱ་མོ་ཐར་གྱིས་ཨ་མ་ཡ་རྡོའི་ཁྱོ་ག་གསོད་མཁན་གྱི་ལག་དམར་ཐེར་འདོན་བྱས་པའི་དགོང་མོ་དེར་རྒྱ་མོ་ཐར་དང་ཨ་མ་ཡ་རྡོ་གཉིས་ཀྱི་སེམས་བདེ་ལ་བབས་ཏེ་སོས་དལ་བག་ཕབ་ཀྱིས་མེ་ལྕེ་ལམ་ལམ་དུ་འབར་གྱིན་པའི་གོ་འདབས་སུ་དེ་ལྟར་གླེང་མོལ་བྱེད་ཀྱིན་ཞིམ་མངར་ལྡན་པའི་དགོང་ཟས་ཟ་བར་གྲ་སྒྲིག་བྱེད་ཀྱིན་ཡོད་པ་རེད།
“ཁྱོས་སྡེ་དཔོན་བསྟན་པའི་རེ་བ་ཡང་བསྐངས་མ་མྱོང་ཟེར་བའི་རྒྱུ་མཚན་ཅི་རེད། ཚིག་དེའི་དོན་ངས་ཧ་མ་གོ་ཐལ།
ལག་ཤེས་པ་རྒྱ་མོ་ཐར་གྱིས་གདོང་ལ་སྔར་མེད་ཀྱི་དོགས་སློང་གི་ཉམས་དང་བཅས་རང་གི་གམ་དུ་ཡོད་པའི་རྡོ་རྗེ་སྐྱིད་དམ་ཨ་མ་ཡ་རྡོ་ལ་དེ་ལྟར་དྲིས་པ་རེད། ”
“དེ་ནི་ངས་ཁྱོད་ལ་ཡུན་རིང་ལ་གསང་རྒྱ་བྱས་པའི་དོན་དག་ཅིག་དང་འབྲེལ་བ་དམ་པོ་ཡོད་པ་རེད། སྔོན་ཆད་ངའི་ཁྱོ་ག་བླ་གསང་བོ་འབྲུག་འབུམ་རྒྱལ་ཡོད་དུས་སུ་ང་དང་ནགས་མང་སྡེ་བའི་སྡེ་དཔོན་བསྟན་པ་གཉིས་ཀྱི་བར་དུ་འཇིག་རྟེན་སྣང་བའི་འབྲེལ་བ་ཞིག་ཆགས་པ་རེད། ཡིན་ན་ཡང་ངའི་ཁྱོ་ག་མེད་པའི་ཉིན་དེ་ནས་བཟུང་ངས་སྡེ་དཔོན་བསྟན་པ་ལ་རྒྱབ་འགལ་བྱས་པའི་དབང་གིས་ཁོང་ཚང་གིས་ནགས་མང་སྡེ་བའི་མི་རྣམས་ལ་གསལ་བསྒྲགས་བྱས་པ་ནི་ངའི་ཁྱོ་ག་གསོད་མཁན་ནི་ང་ཡིན་པ་དང་ང་ནི་མི་མ་ཡིན་པ་དང་ཡང་ན་སྲིན་མོ་ཡ་མེད་ཅིག་ཡིན་ཚུལ་མི་སེམས་ལ་སྡུག་བསྔལ་གྱི་རྒྱུ་བསྐྱེད་པར་བྱེད་པའི་དོན་དག་སྣ་མང་ཞིག་བསྒྲགས་དང་སྒྲོགས་ཀྱིན་ཡོད་ན་ཡང་། ངས་ལོ་ངོ་གསུམ་གྱི་རིང་ལ་ཁེར་རྐྱང་གི་འཚོ་བ་ཞིག་ལོངས་སུ་མི་སྤྱོད་ཐབས་མེད་དུ་གྱུར་བ་ཡིན། དེ་རིང་གནམ་རྒན་མས་ང་ལ་སྙིང་རྗེ་སྒོམ་པ་དང་ཁྱོད་ཀྱིས་རོགས་བྱས་ཏེ་ང་རང་དཀར་འདོན་བྱས་པ་མ་ཡིན་ནམ། སྡེ་དཔོན་བསྟན་པས་འདི་ལྟ་བུའི་ཐབས་ཇུས་ངན་པ་ཞིག་འཐེན་འདོན་བྱེད་དོན་ཡང་ང་རང་ཁོང་ཚང་ལ་དབང་ཆེད་ཡིན་པ་ངས་སྔ་མོ་ནས་ཤེས་ཡོད་ན་ཡང་། ང་ལ་བདེན་དཔང་གང་ཡང་མེད་པའི་དབང་གིས་ཁ་ཁུ་སིམ་མེར་མི་སྡོད་ཐབས་མེད་དུ་གྱུར་བ་ཡིན། ”
ཨ་མ་ཡ་རྡོས་རང་གི་སྔོན་ཆད་ཀྱི་དོན་དག་ཐམས་ཅད་ད་ལྟ་རང་གི་གམ་དུ་ཡོད་པའི་རྒྱ་མོ་ཐར་ལ་སྦ་གསང་མེད་པའི་སྒོ་ནས་བཤད་རྗེས་ཆུ་ཁོལ་སློག་སློག་ཏུ་གདུ་བཞིན་པའི་སླ་ངའི་ནང་དུ་ལུག་ཤའི་ལག་ཡས་ཤིག་དུམ་བུར་གཏུབས་ནས་འཕངས་རྗེས་ཡང་བསྐྱར་གོ་འགྲམ་དུ་བསྡད་དེ་རྒྱ་མོ་ཐར་གྱི་དཀར་ཡོལ་ནང་དུ་འོ་ཇ་དཀར་བོས་ཁ་སྣོན་བྱས་པ་རེད།
སྤྱིར་ན་རྒྱ་མོ་ཐར་ཨ་མ་ཡ་རྡོ་ཚང་དུ་ཡོངས་ནས་ད་ལྟའི་བར་དུ་ཟླ་ངོ་གསུམ་ཙམ་འགོར་སོང་ན་ཡང་། འགོར་ཟིན་པའི་དུས་ཚོད་ནང་དུ་ཁོ་དང་ཁོ་མོ་གཉིས་ཀྱིས་རྒྱུན་ལྡན་གྱི་གྲོགས་པོའི་འབྲེལ་བ་བརྒྱུད་ནས་ཕན་ཚུན་ལ་རོགས་རམ་བྱེད་བཞིན་ཡོད་པ་མ་ཟད། ཕོ་མོའི་བརྩེ་དུང་གི་འབྲེལ་བ་ནི་ཁོ་དང་ཁོ་མོ་གཉིས་ལ་ཆ་མཚོན་ནས་བཤད་ན་ཟུར་ཙམ་ཡང་འདྲེས་མ་མྱོང་བ་རེད། ཡིན་ན་ཡང་ནགས་མང་སྡེ་བའི་བཤད་ཁ་མ་དག་གིས་ཁོ་མོས་གསར་དུ་མག་པ་ཞིག་བཞག་ཡོད་ཚུལ་སོགས་ཀྱི་འཆལ་གཏམ་སྣ་ཚོགས་ཤིག་ཤོད་ཀྱིན་ཡོད་པ་ཡང་ཁོ་དང་ཁོ་མོ་གཉིས་ཀྱིས་མ་ཤེས་པའམ་མ་གོ་བའི་དོན་དག་ཅིག་གཏན་ནས་ཡིན་མི་སྲིད་དོ། དོ་དགོང་ཁོ་དང་ཁོ་མོ་གཉིས་ཀྱིས་དངོས་སུ་འཇིག་རྟེན་སྣང་བའི་དོན་དག་དང་འབྲེལ་བ་དམ་པོ་ཡོད་པའི་སྐོར་གྱི་ཁ་བརྡ་མང་དུ་བྱས་པ་མ་ཟད། ཁང་མིག་གཞན་ཞིག་ཏུ་བཅོས་ཡོད་པའི་རྒྱ་མོ་ཐར་གྱི་མལ་ས་དེ་ཡང་ཨ་མ་ཡ་རྡོའི་མལ་སར་བསྲེས་པ་རེད། འདི་ནི་ནགས་མང་སྡེ་བའི་བཤད་ཁ་མ་དག་ལ་ཆ་མཚོན་ནས་བཤད་ན་དངོས་གནས་ཤེས་དཀའ་བའི་གསང་བ་ཞིག་ཏུ་གྲུབ་ཡོད་པ་རེད།
ཨ་མ་ཡ་རྡོའི་ཁྱོ་ག་གསོད་མཁན་ནི་རིག་ལྡན་རྒྱ་མཚོ་དང་བསྟན་པ་གཉིས་ཡིན་པ་མ་ཟད། ཁོང་གཉིས་ལ་ལས་དེ་སྒྲུཔ་པར་སྐུལ་མཁན་ནི་སྡེ་དཔོན་བསྟན་པ་ཡིན་པའི་གནས་ཚུལ་དེ་རྟོགས་པའི་ཉིན་དེ་ནས་བཟུང་ནགས་མང་སྡེ་བའི་སྡེ་དཔོན་ནི་རྣམ་ཤེས་བོར་བའི་མི་ཞིག་དང་འདྲ་བར་ཡིད་ལ་ཅི་དྲན་གང་དྲན་མེད་པ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ནགས་མང་སྡེ་བའི་ལོ་ལོན་བསམ་ཤེས་དག་ཡང་དང་རིམ་པས་ཚོགས་ནས་བགྲོ་གླེང་དང་གྲོས་ཐག་གཅོད་ཁག་པར་གྱུར་བ་ཡང་དོན་དག་འདི་རེད། དོན་དག་འདིས་ནགས་མང་སྡེ་བའི་མཁའ་དབྱིངས་ཧྲིལ་བོར་ཡང་བསྐྱར་དད་ལོག་གི་སྨུག་སྤྲིན་སྟུག་པོ་ཞིག་འཐིབས་སུ་བཅུག་རེད། ཡིན་ན་ཡང་ལག་ཤེས་རྒྱ་མོ་ཐར་དང་ཨ་མ་ཡ་རྡོ་གཉིས་ཀྱིས་ད་གཟོད་ཡིད་སེམས་གཅིག་ཏུ་འདྲེས་ཏེ་ཁྱིམ་གཅིག་གི་གཏམ་རྒྱུད་གསར་བ་ཞིག་འབྲི་བའི་ཆ་ལ་སྟ་གོན་གང་ལེགས་བྱེད་ཀྱིན་ཡོད་པ་རེད།
“ཁྱོསང་དང་འབྲེལ་བ་དམ་པོ་ཡོད་པའི་དོན་དག་འདི་ཁྱོས་ངེས་པར་དུ་ས་གསང་རྡོ་གསང་བྱེད་དགོས། ནགས་མང་སྡེ་བའི་མི་རྣམས་ལ་བཤད་རྒྱུ་གཏམས་རྒྱུ་མེད་པ་ཞིག་ཅི་ནས་ཀྱང་བྱེད་དགོས། དོན་དག་འདི་ལེགས་འགྲུབ་བྱུང་རྗེས་ངས་ཁྱེད་ཚང་གི་བུ་དཔལ་ལྡན་རང་སྡེ་བའི་སྡེ་དཔོན་དུ་བསྐོ་རྒྱུ་ཐག་གཅོད་བྱེད་རྒྱུ་ཡིན། ད་བར་དུ་ཁྱེད་དང་སྡེ་བ་འདིའི་ཤི་གསོན་གཉིས་ཀའི་ཐད་ལ་ངས་སྡུག་མ་མྱངས་པའི་བསམ་པ་ཅི་ཡང་མེད། དོན་དག་འདི་ཁྱོས་ངེས་པར་དུ་ཐག་གཅོད་ལེགས་པོ་ཞིག་བྱེད་དགོས། འབྲུག་འབུམ་རྒྱལ་གསོད་མཁན་གྱི་རིག་ལྡན་རྒྱ་མཚོ་དང་བསྟན་པ་གཉིས་ངས་བཀོད་སྒྲིག་བྱས་པ་ཡིན་པས་ཁོ་གཉིས་ལ་ཉེས་འགལ་གང་ཡང་མེད། ངས་འདི་ལྟར་སྒྲུབ་དོན་ནི་རྡོ་རྗེ་སྐྱིད་རང་གི་དགའ་རོགས་སུ་འགུགས་ཆེད་ཡིན། ད་ཐེངས་ད་ངས་ཁྱོད་ལ་ཆེས་མཐའ་མཇུག་གི་རེ་བཅོལ་བྱས་པ་ཡིན། ”
ནགས་མང་སྡེ་བའི་སྡེ་དཔོན་གཞོན་པ་ཚང་གིས་ནངས་ཇ་བཞེས་བཞིན་པའི་སྐབས་སུ་ནམ་རྒྱུན་བསུ་རུ་སོང་ཡང་ཕེབས་མི་ཕེབས་པའི་སྡེ་དཔོན་བསྟན་པ་དེ་རིང་འཁོར་གཡོག་གང་ཡང་མེད་པར་རང་གཅིག་པུ་བཅིབས་རྟ་སྔོ་ནག་ཅིག་ལ་བཅིབས་ཏེ་སྡེ་དཔོན་གཞོན་པ་ཚང་དུ་ཕེབས་ཏེ་ཁོང་ཚང་གིས་ནོར་འགལ་བཟོས་པའི་དོན་དག་དེ་མེད་པར་བཟོ་དགོས་པའི་རེ་ཞུ་བྱས་པ་རེད། སྐབས་དེའི་སྡེ་དཔོན་གཞོན་པ་ལ་ཆ་མཚོན་ནས་བཤད་ན་དང་ལེན་བྱེད་སྲིད་ན་སྡེ་མི་རྣམས་ཀྱིས་སྡེ་དཔོན་བསྟན་པས་འབྲུག་འབུམ་རྒྱལ་གསོད་དུ་བཅུག་པའི་གནས་ཚུལ་ཤེས་ཡོད་པས་རྡོ་རྗེས་སྐྱིད་ལ་ཇི་ལྟར་བཤད་དགོས་པ་ཡང་མི་ཤེས་ལ། དང་ལེན་མི་བྱེད་ཚེ་སྡེ་དཔོན་བསྟན་པའི་བཀའ་ལ་གྱེན་ལྡོག་བྱེད་ཐབས་མེད་པས་ཐབས་ཟད་འུ་ཐུག་དུ་གྱུར་ནས་སྡེ་དཔོན་བསྟན་པའི་སྐུ་མདུན་དུ་ནག་ཉེས་བཟོས་པའི་བཙོན་མ་ཞིག་དང་འདྲ་བར་སྨྲ་བ་གང་ཡང་མེད་པར་ཀྲོང་ངེར་ལངས་འདུག སྐབས་དེར་སྡེ་དཔོན་གྱི་ཆུང་མས་སྡེ་དཔོན་བསྟན་པ་ལ་ཇ་འདྲེན་ཞོར་དུ་རང་གི་ཁྱོ་གའི་གདོང་ལ་མིག་བརྡ་ཞིག་བསྟན་ཏེ་སྡེ་དཔོན་བསྟན་པའི་བཀའ་དང་ལེན་བྱེད་དགོས་པའི་རྣམ་འགྱུར་ལ་མགོ་བོ་ནང་དུ་སྒུར་སྒུར་ཙམ་བྱས་པ་ན་སྡེ་དཔོན་གཞོན་པས་ཀྱང་དེ་མ་ཐག་སྡེ་དཔོན་བསྟན་པའི་བཀའ་བཞིན་སྒྲུབ་པའི་ཁས་ལེན་བྱས་པ་རེད། སྡེ་དཔོན་གྱིས་རང་སྐྱོན་མེད་པར་བཟོ་བའི་ཁས་ལེན་བྱས་པ་ན་སྡེ་དཔོན་བསྟན་པའི་གདོང་ལ་སྔ་ན་མེད་པའི་འཛུམ་མདངས་དྲོན་མོ་ཞིག་གིས་ཁེངས་ཏེ་དེ་མ་ཐག་ཏུ་རང་གི་རུམ་ནས་མདོག་སེར་བོ་ཅན་གྱི་ཁ་བཏགས་ཤིག་བླངས་ཏེ་སྡེ་དཔོན་ཚང་གི་བུ་དཔལ་ལྡན་གྱི་སྐེ་ལ་འཕངས་ཏེ་ཁྱོད་ནི་མ་འོངས་པའི་ནགས་མང་སྡེ་བའི་སྡེ་དཔོན་ཡིན་ལ་མི་འགྱངས་པར་ངས་དོན་དག་འདི་ཨ་ལགས་སྐུ་རྒོད་ཚང་ལ་དངོས་སུ་ཞུ་འབུལ་བྱ་རྒྱུ་ཡིན་ཞེས་བཤད་མ་ཐག་བུ་དཔལ་ལྡན་ལ་ཕྱག་གསུམ་འཚལ་བ་ན་སྡེ་དཔོན་གཞོན་པ་རྒན་རྒོན་གཉིས་ཧ་ལས་ཏེ་མིག་ཟུང་ཆེ་ཆེར་བགྲད་དེ་རང་གི་བུ་དཔལ་ལྡན་གྱི་གདོང་ལ་ཅེར་ནས་བསྡད་པས་སྡེ་དཔོན་བསྟན་པརང་ཁྱིམ་ནས་ནམ་ཕེབས་ལ་ཡང་དོ་སྣང་བྱེད་མ་ནུས་པ་རེད། སྡེ་དཔོན་རྒན་རྒོན་གཉིས་ཀྱིས་ཕན་ཚུན་གྱི་གདོང་ལ་བལྟས་ནས་སྡོད་པ་ལས་སྐད་ཆ་གང་ཡང་མི་བཤད་པ་ནི་རང་གི་བུ་དཔལ་ལྡན་མ་འོངས་པའི་ནགས་མང་སྡེ་བའི་སྡེ་དཔོན་དུ་ངོས་བཟུང་བའི་གནད་དོན་དེར་དབྱེ་ཞིབ་བྱེད་མ་ནུས་པའི་རྣམ་འགྱུར་སྟོན་པ་དང་གཉིས་སུ་མ་ཆིས་པ་རེད།
ཉིན་དེ་ནས་བཟུང་སྡེ་དཔོན་བཟའ་ཟླ་གཉིས་ལ་དགའ་སྐྱོ་འདྲེས་མའི་ཚོར་སྣང་ལྕི་མོ་ཞིག་གིས་གདུང་ཞིང་མནར་མགོ་ཚུགས་པ་རེད། དགའ་དོན་ནི་རང་གི་བུ་དཔལ་ལྡན་བླ་མའི་སྡེ་དཔོན་དུ་ངོས་འཛིན་གནང་བ་དང་སྡུག་དོན་ནི་སྡེ་དཔོན་བསྟན་པས་བཟོས་པའི་ནག་ཉེས་དེ་ཇི་ལྟར་ཐག་གཅོད་བྱེད་དགོས་པ་དེ་རེད། ཡིན་ན་ཡང་། ལག་ཤེས་པ་རྒྱ་མོ་ཐར་དང་ཨ་མ་ཡ་རྡོའམ་རྡོ་རྗེ་སྐྱིད་གཉིས་ཀྱིས་ནགས་མང་སྡེ་བའི་སྡེ་དཔོན་གྱིས་གནད་དོན་འདི་ཇི་ལྟར་ཐག་གཅོད་བྱེད་པར་ངང་སྒུག་བྱས་ཡོད་ལ་སྡེ་བ་འདིའི་བཤད་ཁ་མ་དག་གིས་ཀྱང་སྔོན་ཆད་ཨ་མ་ཡ་རྡོ་ལ་མ་ཉེས་ལོག་འགལ་བྱས་པར་འགྱོད་སྣང་སྐྱེས་པ་བཞིན་རེ་ཞིག་ལ་གྲགས་འགུལ་མེད་པར་གྱུར་འདུག་པས་ནགས་མང་སྡེ་བ་འདི་ཡང་ཅུང་གུ་ཡངས་པའི་རྣམ་པ་ཞིག་གིས་ལྷོད་ཅག་གེར་གནས་ཡོད་པ་རེད། སྡེ་དཔོན་གྱིན་ཡུན་རིང་ལ་བསམ་བློ་བཏང་མཐར་གཞི་ནས་གནད་དོན་འདི་ཇི་ལྟར་ཐག་གཅོད་བྱེད་པའི་ཐབས་ཤེས་ཤིག་རྙེད་བྱུང་བ་ནི་ནགས་མང་སྡེ་བའི་ལོ་ལོན་རྒན་པ་དག་ཕྱོགས་གཅིག་ཏུ་བསྡུས་ནས་འདས་ཟིན་པའི་དོན་དག་འདི་སྣང་མེད་དུ་འཇོག་དགོས་པའི་ཆ་ནས་ཨ་མ་ཡ་རྡོ་ལ་བསམ་བློ་བརྗེ་རེས་བྱེད་དུ་འགྲོ་རྒྱུ་དེ་ཡིན་ལ། ཐབས་ཇུས་འདི་ལེགས་འགྲུབ་འབྱུང་མིན་ནི་ཁོ་ཚོ་ལ་ཆ་མཚོན་ནས་བཤད་ན་དངོས་གནས་ཐག་གཅོད་བྱེད་ཁག་པ་ཞིག་རེད། དེ་ལྟར་ཡིན་ཡང་སྡེ་དཔོན་བསྟན་པའི་ངོས་ཐད་ནས་བཤད་ན་གནའ་ནས་ད་བར་དུ་སྡེ་བ་འདིའི་དོན་དག་གང་མང་མང་ཞིག་རོགས་རམ་བྱས་པ་མ་ཟད། སྐྱིད་སྡུག་གཉིས་ཀྱི་རེ་བཅོལ་བྱེད་ས་ཉག་གཅིག་ཡིན་ལ་དེ་ལས་ཀྱང་སྡེ་དཔོན་གཞོན་པ་ཚང་གི་བུ་དཔལ་ལྡན་མ་འོངས་པའི་སྡེ་དཔོན་དུ་ངོས་འཛིན་བྱས་ཚུལ་སོགས་ཀྱིས་ཁོ་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཨ་མ་ཡ་རྡོ་ལ་གྲོས་བསྡུར་སྒོས་གནད་དོན་འདི་ཐག་གཅོད་གང་ལེགས་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད།
“དེ་རིང་ང་ཚོ་ཁྱེད་ཚང་ལ་ཡོངས་དོན་ནི་ལོ་ངོ་དུ་མའི་རིང་ལ་ནགས་མང་སྡེ་བའི་མི་རྣམས་ཀྱིས་མ་ཤེས་པར་ཁྱོད་ལ་ཉེས་འགལ་བྱས་པ་དག་སེལ་དང་ཁྱེད་ཀྱི་ཁྱོ་ག་བསད་པའི་དོན་དག་འདི་ཇི་ལྟར་ཐག་གཅོད་བྱེད་དགོས་པའི་ཐད་ནས་ཁྱེད་ལ་གྲོས་བསྡུར་བྱེད་དུ་ཡོངས་པ་ཡིན། དེ་བས་ཁྱོས་ཀྱང་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས་ང་ཚོ་ལ་སེམས་ལ་འཛིན་རྒྱུའི་ཚིག་དང་རུམ་དུ་སྡུད་རྒྱུའི་བྲོ་ཞིག་སྟེར་དགོས་པ་རེད། ཡང་གཅིག་བཤད་ན་དོན་དག་འདི་བྱུང་རྐྱེན་ཡང་ཨ་ལགས་ཚང་དང་ཐད་ཀར་དུ་འབྲེལ་བ་དམ་པོ་ཡོད་པས་ཁྱོས་ཕྱོགས་ཡོངས་ལ་འདང་གསལ་བོ་ཞིག་བརྒྱག་དགོས་པ་རེད། ”
སྡེ་དཔོན་གཞོན་པ་གཙོ་བྱས་ནགས་མང་སྡེ་བའི་ལོ་ལོན་རྒན་པ་དག་ཨ་མ་ཡ་རྡོའི་ཁྱིམ་དུ་སོང་ནས་དེ་ལྟར་བཤད་པ་ན། ལོ་ངོ་གསུམ་གྱི་རིང་ལ་ཕན་ཚུན་ལ་འབྲེལ་འདྲིས་བྱས་མ་མྱོང་བའི་རྡོ་རྗེ་སྐྱིད་ཀྱི་གདོང་ལ་གློ་བུར་དུ་སྔ་ན་མེད་པའི་ཞེ་སྡང་གི་རྣམ་འགྱུར་ཞིག་ངོམ་བཞིན་རང་གི་དྲན་ཚུལ་མཐའ་དག་གང་ནས་མགོ་རྩོམ་དགོས་པའི་ཆ་ལ་བསམ་བློ་གཏོང་དགོས་བྱུང་།
“རེད་ཡ། སྤྱིར་ན་ཁྲག་ལན་ཁྲག་དང་ཤ་ལན་ཤ་ཡིས་འཇལ་དགོས་པ་ནི་བཤད་མ་དགོས་པ་ཞིག་རེད། ཡིན་ན་ཡང་སྡེ་དཔོན་བསྟན་པས་རང་གི་འདོད་པའི་དབང་གིས་ངའི་ཚེ་གཅིག་གི་སྐྱ་ཡ་བརླགས་པ་འདི་ངས་སྔ་མོ་ནས་ཤེས་ཡོད་མོད། ཡིན་ན་ཡང་གནམ་སྔོན་པོ་མིག་ཞིག་ཡོད་ན་མི་ཉམ་ཆུང་མིག་གིས་རིག་པ་ལྟར་དེ་རིང་དོན་དག་འདི་ལྷང་ལ་བུད་བྱུང་བ་རེད། ང་ཡུགས་ས་མ་ཞིག་ཡིན་པའི་ངས་ཅི་ཡང་མི་ཤེས་ལ་ངས་གང་ཡང་མི་བཤད། ང་ལ་རེ་བ་ཞིག་ཡོད་པ་ནི་ཤི་བོའི་ར་མདའ་ཆོས་ཞེས་པ་ལྟརསྡེ་དཔོན་བསྟན་པས་ངའི་ཁྱོ་གའི་དོན་དུ་རིམ་གྲོ་རྒྱ་ཆེན་པོ་ཞིག་སྒྲུབ་དགོས། ང་ལ་དེ་ལས་རེ་བ་གང་ཡང་མེད། རིམ་གྲོ་ངེས་པར་དུ་རྒྱ་ཆེན་པོ་ཞིག་སྒྲུབ་དགོས། ”
ཨ་མ་ཡ་རྡོས་དེ་ལྟར་བཤད་བཞིན་རང་གི་གམ་དུ་སོས་དལ་བག་ཕབ་ཀྱིས་ཇ་འཐུང་བཞིན་སྡོད་པའི་རྒྱ་མོ་ཐར་གྱི་གདོང་ལ་ཟུར་མིག་གིས་ལན་གཅིག་བལྟས་པ་ན་ཁོས་ཀྱང་འཐད་པའི་བརྡ་ལ་མགོ་བོ་སྒུར་སྒུར་བྱས་པ་རེད།
སྡེ་དཔོན་འཁོར་དང་བཅས་པས་རང་གི་འགན་ལེགས་འགྲུབ་བྱས་པར་སྤྲོ་སྣང་གིས་ཨ་མ་ཡ་རྡོའི་གསུངས་ལ་ལགས་དང་གཏམ་ལ་ཡ་ལན་སྤྲད་རྗེས་གདོང་ལ་བཅོས་མ་མིན་པའི་རྒྱལ་ཁའི་ཉམས་འགྱུར་ཞིག་ངོམ་ནས་དེ་མ་ཐག་ཏུ་སྡེ་དཔོན་བསྟན་པ་ཚང་དུ་སོང་ནས་ཁོང་གིས་བསླངས་པའི་གནད་དོན་དེ་དེང་ཕྱིན་ཆད་གླེང་རྒྱུ་མེད་པར་བྱས་ཡོད་ཚུལ་སོགས་ཕྲ་ཞིང་ཞིབ་པོའི་སྒོ་ནས་ཁོང་ཚང་གི་སྙན་ལམ་དུ་འབུལ་བ་ན། སྡེ་དཔོན་བསྟན་པས་ཀྱང་ཨ་མ་ཡ་རྡོའི་ཁྱོ་གར་རིམ་གྲོ་རྒྱ་ཆེན་པོ་ཞིག་སྒྲུབ་པའི་སྟ་གོན་བྱེད་བཞིན་ཡོད་ན་ཡང་། མི་འགྱངས་པར་ནགས་མང་སྡེ་བའི་སྡེ་དཔོན་གསར་བས་དོན་དག་འདི་ཇི་ལྟར་ཐག་གཅོད་བྱེད་རྒྱུ་ནི་ནགས་མང་སྡེ་བའི་བཤད་ཁ་མ་དག་གིས་ངང་སྒུག་བྱས་ཡོད་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
ཚེ་རིང་རྣམ་རྒྱལ། པིར་མིང་ལ་སྐར་མདའ་ཞེས་འབོད་པའི་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་དཀྱུས་མ་ཞིག་གིས་འགན་ཁུར་དང་ལེན་ལ་རང་ནུས་གང་ཡོད་འདོན་བཞིན་པ་ཁོ་ནི1973ལོར་བྲག་དཀར་རྫོང་དུ་སྐྱེས། 1997ལོར་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན། རང་ལོ་བཅོ་ལྔ་སྟེང་ནས་བཟུང་རྩོམ་ཡིག་འབྲི་སྦྱོང་གི་ལས་ལ་ཞུགས་ཏེ་ད་བར་དུ《སྦྲང་ཆར》དང་། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《མི་རིགས་རྩོམ་རིག》《ལྷོ་ཁའི་རྩོམ་རིག》སོགས་དུས་དེབ་དུ་སྒྲུང་གཏམ་མི་ཉུང་བ་ཞིག་བཀོད་མྱོང་ལ། ད་ལྟ་ཡང་མི་རིགས་སློབ་གསོའི་ལས་དོན་ལ་འབད་པ་ཆེར་བསྐྱེད་ཀྱིས་སྒྲུང་གཏམ་འབྲི་བར་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།