ལྷ་མགོན་གྱི་སྨྱུག་རྩེར་བསྒྱུར་བའི་སྙན་ངག་ཚན་པ་འགའ།

རྩོམ་པ་པོ།:ལྷ་མགོན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-26 09:12:00 ཀློག་གྲངས།:
སྙན་ངག ཁ་བའི་ཐང་སྟོང་ན་ལུས་པའི་དྭ་ཕྲུག་ཅིག་གི་གོར་མ་ལས་ལྕི་བའི་སེམས་པ་ཡིན།
སྙན་ངག རེ་བའི་འཁྱིལ་ཞིང་སྐྱོ་བའི་བཞུར་བའི་མི་ཚེའི་གླུ་དབྱངས་ཡིན་ལ།
རྒྱུན་ལྡན་མིན་པའི་དབང་རྩ་ཁྲི་ཁྲག་གི་འཐར་རླུང་ཡིན།
མི་དང་ཟོག་གི་དབྱེ་བ་ཡིན་ལ་ཤ་དང་རུས་པའི་བརྩེ་དུང་ཡང་ཡིན།

དྲན་ཤིང་མ།

བརྒྱ་ཚོགས་སྟོང་འདུས་ཀྱི་འདུ་འཛིའི་ཁྲོད།
ཁྲག་རྨེནཧག་བརྒྱ་སྟོང་གི་མི་ཁའི་བར།
ངའི་མིག་ཟུང་། ཁ་བ་བཞིན།
ཁྱེད་ཀྱི་གདོང་ལ་བབས།
ངའི་སེམས་པ། ཆུ་རྒྱུན་ལྟར།
ཁྱེད་ཀྱི་རུམ་ལ་བཞུར།
ངས་རུ་སྡེ་བརྒྱུད་ལེ་འགྲོ་དུས།
སྟོང་འདང་གི་ཞིང་དུ་ཁྱེད་ལ་དུས་ཆད་བཏབས།
རྨི་ལམ་གྱི་ཁྱིམ་དུ་ཁྱེད་རང་བག་མར་བསུས།
རྒུམ་ཆང་བཞིན་ཞིམ་པའི་བརྩེ་བ་ཞིག་བསམ་ཏེ།
ཁྱེད་ཀྱི་འཇིག་རྟེན་ནས་གཏན་དུ་བཟི།
སྒོ་ཁྱིའི་ཟུག་སྐད་མ་འཇགས་པའི་མཚན་མོ་རེ་རེར།
ངས་གྲངཤུར་ཤུར་གྱི་ལྷགས་རླུང་གོན་ནས།
ཁྱེད་ཚང་གི་སྦྲ་འདབས་ན་སྒུག་ཡོད།
སྐྱོ་ལྷང་ལྷང་གི་གཞས་ཆུང་ལེན་ཞོར།
ཁྱེད་ཚང་གི་ལུག་ལྷས་ན་བལྟས་ཡོད། སྙིང་ཉེ།
མཚན་ལྗོངས་ཀྱི་སྐར་ཚོགས་ལ་སྡུག་ཡུས་བརྗོད་བཞིན།
ཁྱེད་ཚང་གི་ཉེ་འདབས་ལ་བཅར་ཡོད།
ཁྱེད་ཀྱི་དྲོད་འཇམ་གྱི་མལ་སའི་ནང་ན།
ང་ལ་གནས་ཚང་ཨེ་ཡོད།
ཁྱེད་ཀྱི་ཚར་དཀར་གྱི་གོང་བའི་ཁ་ན།
ང་ལ་སྙིང་གཏམ་ཨེ་ཡོད།
ཁྱེད་ཀྱི་བྲང་གཞུང་གི་མྱོས་བུམ་བར་ན།
ང་ལ་འོ་ཇ་ཨེ་ཡོད། སྙིང་ཉེ།
ངས་ཁྱེད་ཀྱི་སླད་དུ།
རང་གི་འདོད་མོས་ཡོད་ཚད་སྡུག་ཡུས་ཀྱི་ས་བོན་ལ་བཏབ་ཡོད།
རླུང་རྟ་དེབ་དང་པོར་བཀོད།

རང་གཞན་སྡུར་བའི་ངུ་ཤུམ།

གཞན་གྱིས་ཟླ་བའི་གོ་ལར་རང་ས་བཙན་བཟུང་འཁོར་ལོ་བསྒྱུར་བའི་དབང་ལ་བསྐུར༎
རང་གིས་རང་ཁྱིམ་གྲུ་བཞི་བསྲུང་བར་ཁག་ཏེ་ཁྱི་རྒན་རྒྱ་བོ་དཔུང་ལ་བརྟེན༎
གཞན་གྱིས་ས་འོག་གཏེར་ཁ་ཕྱི་རུ་བསྔོགས་ནས་སྐྱེ་དགུའི་འདོད་པ་དཔལ་དུ་གཏམས༎
རང་གིས་རྒྱུ་ནོར་ལོངས་སྤྱོད་གཏེར་དུ་སྦས་ནས་སྐྱེ་བ་ཕྱི་མར་ནོམ་དུ་བསགས༎
གཞན་གྱིས་རང་བྱུང་སྣོད་བཅུད་རི་མོར་བཀོད་དེ་སྐྱེ་བོའི་མིག་གི་བདུད་རྩིར་སྒྲུབ།།
རང་གིས་གསར་སྐྱེས་མེ་ཏོག་རྐང་བས་བརྫིས་ཏེ་རྩྭ་ཐང་ཡངས་བོའི་མཛེས་སྡུག་བརླག།
གཞན་གྱིས་བློ་རོག་རྣོནཔོས་བརྡར་ཤ་བཅད་ནས་ཚན་ཚན་རིག་པའི་ལས་ལ་བརྩོན༎
རང་གིས་རྐང་ལག་ཟུང་གི་ངལ་བ་ཁུར་ཏེ་རྟ་ནོར་ལུག་གི་རྨིག་རྗེས་སྙེག།
གཞན་གྱིས་དབྱངས་གསལ་སོ་བཞིའི་མགོ་རྐང་བསླབ་ཏེ་བཀྲ་ཤིས་ལ་སོགས་མིང་དུ་བཏགས༎
རང་གིས་བཅུ་ཕྲག་རིག་པའི་མ་ལག་དོར་ནས་སྐད་རིགས་འདྲེས་མའི་ཐ་སྙད་སྦྱོང་༎
གཞན་གྱིས་ཤ་བ་རྒོ་བ་ཐབས་ཀྱིས་གསོས་ཏེ་ཁོར་ཡུག་མཛེས་པའི་རྒྱུ་རུ་བསྒྲིགས།།
རང་གིས་རི་སྐྱེས་བུ་མོ་མེ་མདས་དཀྲོགས་ནས་རྒྱང་རིང་རི་བོའི་རྒྱབ་ལ་སྤྱུགས༎
གཞན་གྱིས་གཅེས་པའི་བུ་མོ་སློབ་གྲྭར་མངགས་ཏེ་ནོར་བུ་ལེན་པའི་དུས་བཟང་གནང་༎
རང་གིས་བཅོ་ལྔའི་བུ་མོ་གནས་ལ་བརྫངས་ཏེ་རང་དབང་འཚོ་བའི་སྒོ་མོ་བརྒྱབ༎
གཞན་ལ་ཐབས་ཤེས་ཟུང་ལ་ཁ་ལོ་སྒྱུར་བའི་འཁྲུལ་མེད་རྟོགས་པའི་མངོན་ཤེས་ཤིག།
རང་ལ་རྨོངས་པའི་འོབས་སུ་ཤུགས་ཀྱིས་འཐེན་པའི་མ་རུང་དགྲ་ཡི་འཆིང་ཐག་ཅིག།
རང་གཞན་བར་ཐག་རྟ་ཕོའི་བང་གིས་ཉིན་བརྒྱར་བསྐྱོད་ཀྱང་ཟིན་པའི་བསྐལ་བ་ཡོད་མིན་པས༎
རང་སེམས་སྐྱོ་ཞེས་ཐབས་སྡུག་ངང་ལ་འདུག་བཟོད་བདུད་ཀྱིས་བརླམས་པ་ཅིའི་ཕྱིར་མིན༎

ཁ་ལ་གཞས།

ཁ་ལ་གཞས། ན་ཆུང་མའི་རང་དབང་གི་དྲན་པ་ཡིན།
ཁ་ལ་གཞས། ཆེས་གཙང་བའི་རྩྭ་ཐང་གི་གསང་འཕྲིན་ཡིན།
ཁ་ལ་གཞས། གནས་འགྲོ་མའི་གཤིས་ཀ་བཞིན་སྙི་བའི་སེམས་པ་ཡིན།
ཁ་ལ་གཞས་ནི་བརྩེ་དུང་གི་ཟབ་ཚད་འཇལ་བའི་བདེན་དཔང་ཡིན།
སྟོང་འཇགས་ཀྱི་རི་ལུང་ལ་འཁྱིལ་བའི་དབྱངས་རྟ་གཉོམ་པོ།
སུ་ཞིག་གི་སེམས་ངལ་ཁུར་ཏེ་རྒྱང་ལ་གཤར།
སྤྲིན་དཀར་དང་ལུག་ཁྱུའི་བསྣོལ་མཚམས་སུ།
དྭངས་གཙང་གིས་བཞུར་ཅིང་སྐོ་སྣང་གིས་འཕུར།
ཁ་ལ་གཞས།……………

དགོད་ཡ། བགད་ཚར་ན་ད་རུང་དགོད།

དགོད་ཡ། ཡ་ཆུང་ན་སྐྱིད་ཅིག་མེད་ན།
ངོ་གདོང་ན་འཛུམ་ཞིག་ཨེ་ཡོད།
ང་ཚོ། བགད་ནས་འདས་འི་ལོ་ཟླ་ཡོད་ལ།
ངུས་ནས་དངངས་པའི་སྡུག་བསྔལ་ཡོད།
ང་ཚོ། བགད་ཆོག་པའི་ལོ་རྒྱུས་སྔོན་ན་ཡོད།
དགོད་འདོད་པའི་བདེན་ལུགས་རྒྱབ་ན་ཡོད།
འགྲན་རྩོད་ཀྱི་དབལ་ཁ་ཚ་ས་ནས།
རྒྱལ་ཕམ་གྱི་དབྱེ་བ་འབྱེད་ས་ནས།
སྔོན་མ་ཚོའི་རྗེས་ལ་བལྟས་ཏེ་དགོད།
རྗེས་མ་ཚོའི་རབ་ཁ་གཅོད་བཞིན་དགོད།
ང་ཚོ་ཉིན་སྲིབ་བར་ན་རྩེ་ར་ཡོད།
དབྱར་དགུན་མཚམས་ན་གསོལ་སྟོན་ཡོད།
རྒན་གཞོན་བར་ན་ལག་འཇུ་ཡོད།
དགོད་ཡ། བགད་ཚར་ན་ད་རུང་དགོད།
མི་ཚོགས་ཀྱི་འདུ་འཛི་འཐུག་ས་ན།
དབྱར་གསུམ་གྱི་ཉི་མ་དྲོ་ས་ན།
རྒྱབ་གཟུགས་ལ་མཆི་མ་གཏོར་བཞིན་དགོད།
ངོ་གདོང་ལ་མཐེ་བོང་སྒྲེང་ནས་དགོད།
དགོད་ཡ། བགད་ཚར་ན་ད་རུང་དགོད།
ང་ཚོས་སྤོབས་པ་རུམ་ནས་དགོད།
ངོ་ཚ་སྐྱུར་ནས་དགོད།
ཕམ་ཁ་གསང་ནས་དགོད།
ང་ཚོ་ལ་དགོད་དགོས་པའི་ལུང་བསྟན་གནམ་ནས་བབས་ཡོད།

ཁྱོད་ཀྱི་ངང་ཚུལ།

ཁྱོད་ཀྱི་སྐད་ངག་རྫ་ཆུ་བསིལ་མས་བཀྲུས་ཡོད་ངེས།
ལྷུང་ལྷུང་གི་འབབ་སྒྲ་དེ་ཐོས་ཐུབ།
ཁྱོད་ཀྱི་རང་གཤིས་སྦྲང་དཀར་རྩམ་པས་གསོས་ཡོད་ངེས།
འབྲུ་མར་གྱི་སྣུམ་ཤ་དེས་ཁྱབ་ཡོད།
ཁྱོད་ཀྱི་འཛུམ་བག་གནག་སྣུམ་ལན་བུས་བཀབ་ཡོད་ངེས།
ཁྲ་ཆུང་གི་ཟུར་མིག་དེས་མངོན་ཡོང་།
ཁྱོད་ཀྱི་སྨྲ་བརྗོད་མཐིང་སྨུག་སྦྲ་ལསབསླབ་ཡོད་ངེས།
མ་ཡུམ་གྱི་དགོད་སྒྲ་དེ་འགག་མེད།
བབ་ཆག་གི་ཁྱོད་ཀྱིས། ལྷད་མེད་ཀྱི་ཁྱོད་ཀྱིས།
ང་ལ་རྩྭ་ཐང་གི་གྲུ་ག་ཞིག་ག་ལེར་བསྟན་བྱུང་།
རང་ཚུགས་གསེར་ལོ་བཞིན་འཐོར་བའི་དུས་ཚིགས་འདིར།
ལྷག་རླུང་གིས་ཁྱོད་ཀྱི་་ལོ་ཡང་ཡང་ཤད་མྱོང་ཨང་།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།