སྐྱས་སྤོར་བའི་གཏམ་རྒྱུད་སོགས་ལྷ་མགོན་གྱི་ལྷུག་རྩོམ་འགའ་འོས་སྦྱོར།

རྩོམ་པ་པོ།:ལྷ་མགོན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-27 11:34:00 ཀློག་གྲངས།:

སྐྱས་སྤོར་བའི་གཏམ་རྒྱུད།

        དཔྱིད་ཀའི་དྲི་བཞོན་སྣུམ་པོས་རྩྭ་ཐང་ལ་མཛེས་སྡུག་གསར་བ་བསྐྲུན། ནོར་འཛིན་མའི་འཕག་འཚག་རྒོད་པོས་འཇིག་རྟེན་ཧྲིལ་བོར་གཡོ་འགུལ་བྱུང་། དུས་གཏན་དུ་ལྷིང་འཇགས་ཀྱི་ལུང་ཁུག་ཅིག་ན། སློག་ཧྲུལ་གྱི་ལྷན་པ་ལྟར་གྲུ་ཚུགས་ས་མེད་འགུལ་མེད་དུ་ལུས་པའི་རུ་སྡེ་ཁྲ་མོ། གློ་བུར་བའི་སྟ་གོན་ཞིག་གིས་ལམ་ལ་ཆས།

ཁ 

        འུར་ཟིང་ཧ་འདུ་འཛིའི་ཁྲོད་ནས་ན་གཞོན་ཕོ་མོ་ཚོ་ལམ་ཕྲན་གྱ་གྱུའི་མའི་ཐག་སྣེར་འཇུས་ཏེ། ཁལ་མ་ནུར་བོ་ཞོག་དང་ལུག་ཁྱུ་སྒོར་སྒོར་གྱི་བཞུར་སྒྲ་བཀླགས། ཉི་མ་རི་སྐེད་ལ་འགོས། སྤངས་ལྗོངས་སོ་མ་དེའི་ཁྱིམ་ནས་བསིལ་རྩྭ་འཇམ་པོ་ཞིག་གི་མངར་ཁ་ཡོད་ལ། མེ་ཏོག་སྣ་ཚོགས་ཤིག་གི་དྲི་བསུང་འཐུལ།  ད་དུང…
        གཡང་དཀར་ལུག་ཁྱུ་མཚན་ལྗོངས་ཀྱི་སྐར་ཚོགས་ཇི་བཞིན། ཁྲ་ལམ་མེར་ཡུལ་ལྗོངས་འདིའི་རུམ་ལ་འཐོར། མཚེར་ས་སོ་སོ་ནས་བརྡོལ་བའི་དུ་བ་སྔོན་པོ་ལ་ལུང་ལ་འཇབ། འདི་ལས་ལྷག་པའི་ཡུལ་གྲུ་གཞན་ཞིག་ལ་གདུང་འབོད་དང་རེ་སྙེག་བྱེད་པའི་གསར་བུ་ཚོས་ད་རུང་རྟ་སྒ་བླངས་མེད།

        སྟོང་ཞིང་ཁུ་སིམ་པའི་མཚེར་ཤུལ་ན། སྐྲ་ཚོགས་ཀྱི་ཁ་བ་དཀར་པོའི་ལོ་ལོན་རེ་འགའི་དཔྲལ་གཉེར་གྱི་ལྟེབ་མར་ཆུ་ཐིགས་རེ་འཛུམ་ཞིང་། ལྐོག་ཏུ་ལྷུང་བའི་མིག་ཀོང་ལས་ཧ་ཅང་ཡིད་ཚིམས་པའི་འོད་ཞགས་ཕྲ་མོ་རེ་འབུས་ཏེ། ཡིག་དྲུག་གི་དབྱངས་རྟ་གྱེར་བཞིན་མཛུབ་རྩེ་ནས་བགྲང་བའི་ཕྲེང་གོག་རེ་རེར། རང་གི་མཚེར་ས་སྲུང་བའི་དམ་བཅའ་སྦྲུམ།
        བེའུ་ཁྲ་བོ་དང་། འབའ་འབའ་ལུ་གུ  ད་དུང་མེ་ཏོག་གི་མགུལ་རྒྱན་སོགས་ལ་སེམས་པ་ཤོར་བའི་བྱིས་པ་པྲ་ཚགས་ཚོས། དབྱར་སར་སོང་བའི་ཕུ་བོ་དང་ཨ་ཅེ་ལ་རེ་སྒུག་བྱས་ཏེ་རྡེའུ་བསྒྲིགས་ཏེ་ཉི་མ་བརྩི་ཞིང་། དབྱར་སའི་ཕྱོགས་ལ་ཤོར་བའི་མིག་ཟུང་ནམ་ཡང་ཕྱིར་སྡུད་ཐུབ་མ་བྱུང་། བར་སྣང་ན་སྐོར་གཡེང་བྱེད་བཞིན་པའི་ཐང་དཀར་གྱིས་ཁོ་ཚོའི་རེ་སྨོན་དང་འདུན་པ་མཁའ་ལ་ཁྱེར།

གྲིབ་མ།

        ཁྱོད་རང་ངའི་འགྲོ་རོགས་ཡིན་པ་བདེན་དུ་ཆུགས་དང་ཉལ་རོགས་ཡིན་ཚུལ་ཅི་ལྟར་ལབ། འོད་སྣང་དང་མཉམ་དུ་ཁྱོད་རང་མདུན་ཏུ་སོང་ནས་ང་ལ་ལམ་སྟོན་མཛད་ཅིང་། རྗེས་སུ་བསྙེགས་ཏེ་གསང་མྱུལ་བྱས། ཚེ་གཅིག་ལུས་གཅིག་འདི་ལ་འགྲོགས་པ་ཆེས་སྔ་ཞིང་འདྲིས་པ་ཆེས་དལ་བ་འུ་གྱ་ཉེསཧ་མིན་པའི་བདེན་ཁ་སུ་ལ་སྟེར།
འོན་ཀྱང་ཟླ་འོད་མེད་པའི་མཚན་མོ་དེར་ཁྱོད་ཀྱིས་འི་རིང་ཐུང་འཇལ་མྱོང་ངམ།
        ངས་མི་ཚེ་ལ་རྒྱང་བཞུད་གཏོང་དུས་ཁྱེད་ཉིད་ཁ་རོག་གེར་ལམ་ལ་ཆས་ཟིན། མི་ཚེའི་ལམ་ཕྱེད་ལ་སླེབས་ཟིན་ཀྱང་ཁྱེད་ཀྱིས་ང་ལ་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་དོན་ཅི་ཡིན། འཇིག་རྟེན་གྱི་མི་ཁར་སྐྲག་པའམ་རླུང་ཁའི་དར་ལྕོག་བཞིན་ཟད་པའི་མི་གཤིས་འདི་ལ་ཡིད་རྟོན་མེད་པ་ཤེས་པ་ལོས་ཡིན། ང་རང་ཁེར་རྐྱང་གིས་འགྲོ་དུས་སྡུག་ཡུས་གླེང་སའི་གྲོགས་ཤིག་ཇི་འདྲའི་མཁོ་ཨང་།
        མལ་ས་ནས་གན་རྐྱལ་དུ་ཉལ་ནས་དེའི་སྐོར་ལ་བསམ་གཞིག་བྱེད་དུས་ང་ངོ་མ་སྐྲག་གི གལ་ཏེ་ཁྱོད་ཀྱང་གདོང་འབག་གྱོན་པའི་མི་ཚོགས་སུ་ཞུགས་ཏེ་ང་ལ་རྡེའུ་ནག་སྤུངས་ཚེངའི་མངོན་ལྐོག་གི་བགྱི་བ་མཐའ་དག་ཕྱི་ནང་གི་གསང་བ་ཡོད་ཚད་སྒོག་ཤུན་བཞིན་བཤུས་འགྲོ། འུ་གཉིས་ད་རུང་མུ་མཐུད་དུ་འགྲོ་དགོས་ཐག་རིང་ཐག་རིང་ལ་འགྲོ་དགོས། མི་ཚེ་འདིར་རྐང་བ་རྡོ་ལ་ཐོགས་པར་འཛེམས་དགོས་ཤིང་གསང་བྲོ་གརལུ་གིས་འཁུར་བར་དོགས་དགོས་པས། ལྷ་ཆེན་གྱིས་ངའི་རོགས་སུ་མངགས་པ་ཁྱོད་ཁོ་ན་ཡིན་ངེས། གསང་བར་དཀར་མེ་མ་བཀར་ལ་བདེན་པ་ར་སྤྲོད་ཀྱང་མ་བྱས་པར"ཆུ་དཀྱིལ་གྱི་ཕ་བོང"བཞིན་རང་ཚུགས་མ་བོར་བ་ཁྱོད་གཅིག་པུ་ཡིན།
གོ་ཁ་དྲོས་སར་འཛོམས་པའི་མ་སྲུ་ཚོའི་འུད་བརྗོད། ཉལ་ས་བདེ་མོར་ཁེན་པའི་རྒོན་པོ་ཚོའི་དཀྱོགས་ཚིག ཐམས་ཅད་འདི་ཁྱོད་ཀྱི་བརྟུལ་ཞུགས་སུ་འགྱུར་འགྲོ་ན། མི་ཡུལ་ན་རྙོག་འཛིང་ཨེ་ཡོད། མི་ལུས་ལ་སྐྱོན་མཚང་ཨེ་ཡོད། མི་ཁ་ན་འཕྱ་དམོད་ཨེ་ཡོད། ད་དུང……

དཀོན་མཆོག་ལ་ཞུ་བ།

        དཀོན་མཆོག་ལགས། ད་ལོ་སློབ་མ་གསར་བ་བསྡུས་བྱུང་། ལོ་ན་བརྒྱད་ཡས་མས་ཀྱི་བྱིས་པ་ཚོ་མེ་ཏོག་བཞིན་བསྡུས་ནས་ང་ལ་སྤྲད་ཡོད། ཁོ་ཚོའི་ཡ་ཆུང་ན་མྱ་ངན་མེད་ལ་ཁ་ཁོག་ན་ཡ་ཡོག་བྲལ། ཁོ་ཚོའི་སྤོབས་པས་རི་རབ་སྒུལ་ནུས་ལ་རིག་པས་མཚོ་མོ་སྐྱོམས་ཐུབ། ཁོ་ཚོས་མཚར་འཛིན་གྱི་བློ་དང་དོགས་སྣང་གི་བསམ་གཞིག་ཁྱེར་ནས་ངའི་མཐའ་རུ་འདུས་བྱུང་། སྐབས་འགར་ཁོ་ཚོས་འཇིག་རྟེན་གྱི་གསང་བ་དོགས་སྣང་གིས་ཁུར་ཅིང་བདེན་གྲུབ་ཀྱི་གནས་ལུགས་རྩེད་མཚར་དུ་བསྒོམས་ཏེ། ལན་མེད་པའི་དྲི་བ་སྣ་ཚོགས་ཀྱིས་ང་རང་ཁུ་སིམ་མེར་བཏང་འགྲོ། ང་ལ་ཨ་མའི་ནུ་ཞོ་ལྟ་བུའི་ཞིམ་མངར་གྱི་ཤེས་རིག་ཅིག་རྒྱགས་ཆས་སུ་སྦྱིན་རྒྱུ་མེད་ལ། ཨ་ཕའི་རེ་བ་ལྟ་བུའི་རྒྱང་རིང་གི་མདུན་ལམ་ཞིག་སྟོན་པའི་མཛུབ་མོའང་བྲལ་བས། ངས་ཁོ་ཚོ་ཅི་ལྟར་བསྐྱངས་ན་འོས།
དཀོན་མཆོག་ལགས། ཁོ་ཚོའི་ཡིད་སེམས་ན་གཉོར་དགོས་པའི་མཚར་འཛིན་གྱི་བློ་རིག་ཡོད། ཁོ་ཚོའི་ལུས་སྟེང་ལ་བསྐྲུན་དགོས་པའི་བརྟན་བརླིང་གི་མི་གཤིས་ཡོད།
        ངའི་ཐལ་ལྕགས་གཅིག་གིས་ནོག་འགྲོ་བའི་དྭངསས་གཙང་གི་མེ་ལོང་ག་ཙམ་ཡོད།
        ངའི་སྡུག་མཛུབ་གཅིག་གིས་འགག་འགྲོ་བའི་དྲང་བདེན་གྱི་གནས་ལུགས་ཅི་ཙམ་མཆིས། དཀོན་མཆོག་ལགས། ཁྱེད་ལ་ཕྱི་མ་འདྲེན་པའི་མཐུ་ཞིག་ཡོད་ན། དུས་གསུམ་མཁྱེན་པའི་ཐུགས་ཤིག་ཡོད་ན། ང་ལ་མེ་ཏོག་གསོ་བའི་སྦྲང་ཆར་ཞིག་གནང་རོགས། ང་ལ་ཁོ་ཚོ་སྐྱོང་བའི་ཐབས་ལམ་ཞིག་སྩོལ་རོགས།

ཡང་བསྐྱར་དཔེ་ཁུག་དྲན་པ།

        སློབ་གྲྭ་དང་གྱེས་པའི་ལོ་ངོ་བཅུ་ནི་དཔེ་ཁུག་བོར་བའི་ལོ་ངོ་བཅུ་ཡིན། དཔེ་ཁུག་བོར་བའི་ལོ་ངོ་བཅུ་ནི་དཔེ་ཆ་དོར་བའི་ལོ་ངོ་བཅུ་ཡིན། དཔེ་ཆ་དོར་བའི་ལོ་ངོ་བཅུ་ནི་བོར་སྟོར་མང་བའི་ལོ་ངོ་བཅུ་ཡང་ཡིན། ལོ་ངོ་བཅུ་བོ་འདིའི་ནང་། ངའི་ཕུགས་བསམ་བོར། ངའི་སྙིང་སྟོབས་བོར། ངའི་བསམ་བློ་བོར། ངའི་མི་གཞི་ བོར། ཐམས་ཅད་བོར་བའི་ཐ་མར་རང་ཉིད་ཀྱང་འབོར་ལ་ཉེ།
        ཕ་མས་གནང་བའི་ལུས་པོ་འདི། མི་ལུས་ཡིན་པ་ཤེས་བཞིན་དུ། འདི་ལྟར་མར་ངོའི་ཟླ་བ་བཞིན། རང་གི་གྲུབ་ཆ་ཚང་མ་མི་ལོ་བཅུ་ཡི་འགྲུལ་བཞུད་ལས་ཚར། ང་ནི་རྒྱང་རིང་ནས་ལ་འཕངས་བའི་མདའ་མོ་ཞིག་ཡིན་ན། དལ་ཅག་གེར་ཕྱིར་རང་གི་སྒོ་ཐེམ་ལ་ལྷུང་འདུག མདའ་རྩེ་ན་ཁྲག་ཐིགས་མེད་ལམདའ་སྐེད་ན་སྒྲོ་སྤུའང་མེད།
ངས་ཅི་ཡང་མེད་པའི་རང་ཉིད་ལ་གཙང་གཤེར་ཞིག་བྱེད་དུས། ཡང་བསྐྱར་དཔེ་ཁུག་དྲན་བྱུང་།

བསམ་འཆར།

        སྨྲ་ལྕེ་སྒོར་སྒོར་ཞིག་མུར་རྨུར་འགུལ་རྗེས་འོད་ཆེམ་ཆེམ་གྱི་མུ་ཏིག་རྡོག་གཅིག་ག་ལེར་མུད་སོང་། བརླན་བཤེར་གྱི་མཆི་མ་དེ་དང་ལྷན་ཏུ་སྐྱེས་བུ་ཞིག་གི་དྲང་བདེན་གྱི་གནས་ལུགས་རང་སེམས་གྱི་བཙན་རྫོང་ནས་ལུས།
མིག་ཟུང་དྭངསས་མོ་ཞིག་ལྷེམ་ལྷེམ་འགུལ་གྱིན་འདར་ལྕུག་ལྕུག་གི་ལག་པ་ཞིག་ག་ལེར་བསྒྲེངས་བྱུང་། ཚིགས་མེད་ཀྱི་ལག་པ་སྐམ་པོ་དེས་སྐྱེས་བུ་ཞིག་གི་ལས་དབང་དམངས་གཙོས་ཐག་གཅོད་བྱས་ཟིན། བསམ་འཆར་བསྡུ་ལེན་གྱི་ཚོགས་འདུ་བདེ་བླག་ངང་གྲོལ་དུས། ཕྱི་རོལ་ན་བསམ་འཆར་ཁུར་བའི་རླུང་ཡན་འུར་འུར་ལྡང་།

རྔ་མ་གླེང་བ།

        རྔ་མ། ཁྱོད་ཀྱིས་མི་ཡི་གདོང་ལ་ཐལ་བ་གཙུབ་ཐུབ་ན་ཁྱི་ཡི་ཚོགས་ལ་སུན་སྣང་བཟོ་ཨེ་སྲིད། ཁྱོད་ནི་ཁྱི་ཚོགས་སུ་འགྲོ་དུས་གཡུག་ཆོག་ན་མིའི་ཚོགས་སུ་འགྲོ་དུས་སྦས་ཀྱང་ཆོག་གམ། ཁྱོད་ཀྱི་རྔ་མས་སྐོར་ཞིག་ལ་འགྲམ་ལྕག་གཞུས་ཆོག་ན། རྔ་མ་སྐོར་ཞིག་ལ་ཞབས་དོག་ཀྱང་བསྒྲུབ་ཆོག་གམ།
        གཡུགས་ཆོག་ཆོག་གི་རྔ་མ་ལགས། ཁྱོད་ནི་ཆེ་དྲགས་ན་གཡུགས་མི་ཐུབ་པའི་ཁུར་བོ་ཞིག་དང་ཆུང་དྲགས་ན་གཡུགས་མི་ཆོག་པའི་ལྟས་ངན་ཞིག་ཏུ་འགྱུར་ཨེ་སྲིད། ཁྱོད་མེད་ན་རྔ་ལོ་ཟེར་ནས་ངོ་ཚ་ཞིག་དང་ཡོད་ན་རྔ་རིང་ཟེར་བའི་མཚང་མིང་ཞིག་ཡོད་སྲིད་དམ།
        ངས་འདི་ལྟར་རྔ་མའི་སྐོར་ལ་བསམ་བློ་གཏོང་དུས། མི་ལ་རྔ་མ་དགོས་པའི་ལུང་བསྟན་དེ་ནམ་བབས་མ་ངེས་ཀྱང་རྔ་མ་སྐྱེས་ཟིན་པའི་རྒྱལ་སྲས་སྐོར་ཞིག་གིས་ཕོ་བླང་གི་ཡང་སྟེང་ན་རྔ་མ་གཡུག་གཡུག་གིས་ང་ཚོ་ལ་འཕྱ་དམོད་བྱེད་ཀྱིན་འདུག
        མི་ལ་རྔ་མ་མེད་ན་ཁྱི། ཁྱི་ལ་རྔ་མ་མེད་ན་འདྲེ། ཟེར་བའི་ཁ་དཔེ་ཞིག་ཡོད་མོད། ད་སྐབས་མི་ལ་རྔ་མ་མེད་ན་འདྲེ་ཟེར་བའི་ཁ་དཔེ་ཞིག་ཀྱང་ཡོད་ཆོག་ཨང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།