ཚེ་བརྟན་རྒྱལ་པོས་དམངས་སྲོལ་དང་སྦྱར་བའི་རྩོམ་ཡིག་འགའ།

རྩོམ་པ་པོ།:ཚེ་བརྟན་རྒྱལ་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-01-01 10:41:00 ཀློག་གྲངས།:

དངོས་མིང་། ཚེ་བརྟན་རྒྱལ་པོ།
སྙུག་མིང་། སྐྱིད་སྟོད་པ་ཚེ་རྒྱལ་ལམ་གངས་སྦལ།
ཕ་ཡུལ།  ལྷ་ས་འཕན་པོ།

རྩ་བ་དོར་བའི་ཡལ་ག་རུལ་པོའི་རུལ་དྲི།

        དགེ་བའི་བཤེས་གཉེན་ཆེན་མོ་ལྷག་པ་ཆོས་འཕེལ་མཆོག་ནས“རྙིང་པ་ཐམས་ཅད་སྐྱོན་གྱི་གཞི་མ་དང་གསར་བ་ཐམས་ཅད་དགེ་ཡི་གཞི་མ་ཡིན་པའི་མི་ཁྱབ”ཅེས་པའི་ཁྱབ་བརྡ་གནད་འཁེལ་དེས། ང་ཚོར་གནད་ལུགས་ཤིག་གསལ་བཤད་བྱས་ཡོད་པ་ནི། མི་རིགས་ཤིག་གི་བསམ་བློའི་འཁྱེར་སྟངས་དང་འཚོ་བའི་གོམས་གཤིས་དེ་བཞིན་འཚོ་གནས་ཀྱི་ཐབས། དམངས་སྲོལ་རིག་གནས་མང་པོ་ཞིག་ལོ་ངོ་མང་པོ་འདས་པའི་རྒྱུ་མཚན་རུལ་བོ་དེར་བརྟེན་ནས་སྐྱོན་གྱི་གཞི་མར་ངོས་བཟུང་བ་ནི་རི་བོང་ཅལ་འདྲོགས་སམ་ཡང་ན་དེ་དག་རྙིང་པ་ཡིན་པའི་དུངས་ཞེན་དབང་གིས་བྱིན་རླབས་དང་རིན་ཐང་ཅན་དུ་འཛིན་པ་དེའང་བག་འཁུམ་ཡིན་པ་བསྟན། ལྷག་དོན་འགྱུར་ལྡོག་ཇི་ལྟ་བུ་ཞིག་ཡིན་རུང་ཚང་མ་གང་དེའི་སྲོལ་རྒྱུན་གོམས་སྲོལ་གྱི་ཉིང་ཁུ་བཞུར་བ་ལས་བྱུང་བ་ཞིག་ཡིན་པ་ལས་མགོ་རྔ་མེད་པ་ཞིག་ལར་ནས་ཡིན་མི་འདོད།
        དེ་ན་ཁོ་བོས་རང་རེའི་ཕ་མེས་ཀྱི་གཏོད་པའི་རིན་ཐང་ཅན་གྱི་གོམས་སྲོལ་དག་ལ་ངོས་འཛིན་ཁ་གསལ་དང་ཤེས་རྟོག་་གཏིང་ཟབ། ངེས་ཤེས་སྲ་བརྟན་ཞིག་ཡོང་རྒྱུའི་འདུན་པ་དྲགས་པོས་རྩ་བ་དོར་ནས་རུལ་འགྲོ་བའི་རང་རིགས་ཀྱི་དེང་དུས་གོམས་སྲོལ“ལྕམ་ལགས་ཀྱི་འགྲོ་སྟངས་མི་ཤེས་པར། བུ་མོ་ང་རའི་འགྲོ་སྟངས་ཤོར་གྱིན་པ་འགའ”གླེང་ཁུལ་བྱས་ན། 

དཔལ་ལྷའི་དུས་ཆེན་དང་སྒོར་མོ།

        དཔལ་ལྷའི་དུས་ཆེན་ནི་གཙོ་བོ་ལྷ་མོ་སྤུན་གསུམ་གྱི་ལོ་རྒྱུས་བརྗོད་པ་བརྒྱུད་ནས་ཕྱི་རབས་པ་རྣམས་ལ་དྲིན་ལེན་ཕ་མར་བཅལ་དགོས་པ་གལ་ཆེན་དང་དྲིན་ལན་ལོ་འཇལ་ཚོར་རྒྱུ་འབྲས་ཀྱི་གནར་གཅོད་མྱོང་དགོས་ལུགས་སོགས། མི་རིགས་ཤིག་གི་སློབ་གསོ་གཏོང་བའི་ཐབས་ལམ་དང་ཁྱད་ཆོས་དེ་བཞིན་དངོས་མཐོང་ལག་ཟིན་གྱི་ནུས་པ་དང་། བོད་མི་རིགས་ཀྱི་ཕོ་མོའི་བརྩེ་དུང་ལ་འཛིན་པའི་དཀྱིལ་ཡངས་ཅན་གྱི་བསམ་བློའི་གོ་རྟོགས་མཚོན་པའི་དུས་ཆེན་ཞིག་ཡིན་པ་རེད། འོན་ཏེ་འཕེལ་རྒྱས་ཀྱི་ཁ་གཡང་སྒྲོག་པའི་དེང་གི་དུས་དེར་དཔལ་ལྷ་མོ་རིམ་བཞིན་དངུལ་ལྷ་མོར་བརྩི་དང་དཔལ་ལྷའི་དུས་ཆེན་རིམ་བཞིན་ལྟོགས་ལྷའི་དུས་ཆེན་ལ་འགྱུར་འགྲོ་བ་ནི་ལྷ་སའི་བར་སྐོར་དང་དེ་བཞིན་ར་མོ་ཆེའི་སྲང་ལམ། ཐ་ན་རང་ཉིད་གནས་སའི་སློབ་རྭ་དེ་ནས་ཀྱང་ཧ་ཅང་གསལ་ཐག་ཆོད་པ་ཞིག་ཡོང་གིན་ཡོད།
        ངས་གོ་ཐོས་ཙམ་མིན་པའི་གནས་ཚུལ་ཞིག་བཤད་ན། ད་ལོའི་དཔལ་ལྷའི་དུས་ཆེན་ཉིན་ནི་ང་རང་མཐོ་འབྲིང་ཞིག་ནང་དངོས་སྦྱོང་བྱེད་པའི་དུས་ཚོད་ནང་འཁེལ་འདུག  དེའི་ཉིན་གུང་དགོང་དྲོའི་ཚོགས་དང་པོ་ནི་ང་རང་གིས་འཁྲིད་རྒྱུའི་འཆར་གཞི་རེད། དྲིལ་བརྡ་གཏང་མ་ཐག་ང་རང་སློབ་ཁང་དུ་འཛུལ་བས་སྐབས་སློབ་ཕྲུག་བུ་མོ་ཚོས་བཤད་པའི་གཏམ་གྱི་ཐོག་མ་ནི་དངུལ་སྟེར་དང་ཞེས་པ་ཡིན་དུས། དང་ཐོག་ངས་ཁོང་ཚོར་དངུལ་སྟེར་དགོས་པའི་རྒྱུ་མཚན་གང་རེད་ཞེས་དྲིས་པས་སློབ་ཕྲུག་ལ་ལས་དཔལ་ལྷའི་དུས་ཆེན་རེད་ཟེར། དེ་རྗེས། ངས་དཔལ་ལྷའི་དུས་ཆེན་ལ་དངུལ་སྟེར་དགོས་པའི་རྒྱུ་མཚན་གང་རེད་ཅེས་དྲི་སྐབས། སློབ་ཕྲུག་ཚང་མ་དབྱིན་ཡིག་ཐོག་ནས་རྩོམ་ཡིག་བྲི་བ་ལྟར། ཕན་ཚུན་བལྟ་ཙམ་བལྟ་ཙམ་ངང་སྙུ་གུ་ཟ་ཙམ་ཟ་ཙམ་བྱས་ནས་བསྡད་སོང་། དེ་ལས་ང་ཚོས་ཤེས་པ་ནི་ལོ་༡༢་ལྷག་བོད་རང་དུ་སློབ་སྦྱོང་བྱེད་མྱོང་བའི་སྡེ་དེས་ཀྱང་དཔལ་ལྷའི་དུས་ཆེན་དེ་གཙོ་བོ་སྒོར་མོ་ཁོ་ནར་བརྩི་བ་དང་། ཐ་ན་དཔལ་ལྷ་མོའི་དྱད་བཞིན་དེ་དམར་ལྷང་ལྷང་གི་ཤོག་སྒོར་ཞིག་ཏུ་ངོས་འཛིན་གྱིན་འདུག  དེ་ནི་མི་རིགས་ཤིག་གི་རེ་བ་རུ་འཛིན་པའི་གཞོན་སྐྱེས་མང་པོས། རང་རིགས་ཀྱི་དུས་ཆེན་ལ་འཛིན་པའི་ངོ་བོ་དམར་རྗེན་དེ་རེད་འདུག  མདོར་ན། དཔལ་ལྷ་མོའི་དུས་ཆེན་ནི་སྒོར་མོ་ལས་བསམ་རྒྱུ་མེད་པའི་བུད་མེད་ཞབས་འདྲེན་ཚོའི་ཆེད་དུ་གཏན་འབེབས་གནང་བ་ཞིག་ནམ་ཡང་ཡིན་མི་སྲིད།།

ཆུ་འབྲུག་ལོའི་ཟླ་༡༠པའི་ཚེས་༡༥ཉིན་ལྷ་ས་མཐོ་འབྲིང་གསུམ་པའི་ནང་དུ་སྦྱར།

ལྔ་མཆོད་དང་ནང་མ་ཁང་།

         “དགའ་ལྡན་ལྔ་མཆོད”རྩ་ལམ་ནང་བོད་ཁྲག་རྒྱུགས་པའི་སྐྱོ་བོ་ཞིག་ཡིན་ཕྱིན། ལོ་རེའི་བོད་ཟླ༡༠པའི་ཚེས༢༥དགོང་མོ་ནི་ཕངས་སེམས་དང་སྐྱོ་གདུང་གིས་མནར་བའི་དུས་ཚེགས་ཤིག་རེད། རྒྱུ་མཚན་ནི་དེའི་དགོང་མོ། མཚན་བརྗོད་པར་དཀའ་བའི། དྲིན་གཞལ་བར་མི་ནུས་པའི་གངས་ཅན་ཤིང་རྟའི་སྲོག་གཏོད། དགེ་ལུགས་གྲུབ་མཐའི་མཛད་པོ། ཙོང་ཁའི་སྙན་ངག་མཁན་པོ། བོད་མིའི་བསམ་བློའི་མགོན་སྐྱབས་སྐྱེས་མཆོག་ཙོང་ཁ་བ་ཆེན་པོ་གངས་ཅན་ཡུལ་ནས་གཏན་བྲལ་བྱུང་བའི་དགོང་མོ་ཞིག་རེད། མཛད་རྗེས་གསེར་ཡིག་ཏུ་བཀོད་འོས་པའི་ཁོང་། ང་ཚོ་དང་བྲལ་བ་ནི་ང་ཚོའི་མི་རིགས་ཀྱི་གྱོང་གུན་རེད་ལ། འཛམ་གླིང་གི་གྱོང་གུན་རེད།  འོན་ཏེ་ཏག་ཏག་དེའི་ཉིན་མོ་ནི། དེ་རིང་དུས་དྲན་ནས་དུས་ཆེན་དུ་འགྱུར་འགྲོ་བ་དེ་རེད། ཆུ་འབྲུག་ལོའི་དགའ་ལྡན་ལྔ་མཆོད་དགོང་མོ། ངས་དྲ་ཁང་ཞིག་ནས་སྙན་ངག་ཐུང་ངུ་ཞིག་བྲིས་ཏེ་སྐྱེས་མཆོག་ཁོང་ལ་མྱ་ངན་ཞུ་བའི་མཚམས་དེར་ཁ་པར་གྱི་དྲིལ་བརྡས་ངའི་སེམས་པ་དེ་དཀྲོག་སོང་། ངས་ཁ་པར་འཇུས་ནས་ལེན་སྐབས། དེ་ནི་ངའི་གྲོགས་པོས་གཏང་བ་རེད་འདུག  གྲོགས་པོས་བཤད་པར།  དོ་དགོང་ཆུ་ཚོད༡༠པར་དུས་གསར་ནང་མའི་ནང་འཛོམས་དགོས་ཟེར། ངས་ལན་དུ་དོ་དགོང་ང་ལ་དུས་ཚོད་མེད་ཅེས་བཤད་སྐབས་གྲོགས་པོས་ཚུར་ལན་དུ། ག་རེ། དོ་དགོང་ལས་དུས་ཚོད་མེད་པ་རེད་པས། ལྔ་མཆོད་རེད་དྰ། ང་ཚོ་འཛོམས་ནས་ངེས་པར་དུ་སྐྱིད་པོ་བྱེད་ནས་འཐུང་དགོས་རེད་ཅེས་བཤད་མ་ཐག  ཁ་པར་བཞག་སོང་།གྲོགས་པོས་གཏང་བས་ཁ་པར་དེར་ང་དང་ང་ཚོས་ངེས་པར་དུ་མནོ་བསམ་ཞིག་བཏང་ན།   ང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་མི་ཕལ་མོ་ཆེ་ནི་ངའི་གྲོགས་པོའི་ངོས་འཛིན་ལྟར།  ནང་མ་ཁང་དུ་སྐྱིད་པོ་བྱེད་པའི་དུས་ཆེན་ཞིག་དང་དགའ་རོགས་ཕན་ཚུན་འཛོམས་འདུས་བྱེད་པའི་དགོང་མོ་ཞིག་གཏན་འབེབས་བྱས་ཟིན་པ་རེད།།
        མཚམས་དེར། གཙུག་ལག་ཁང་གི་མཆོད་མེའི་འོད་ལས་ང་ཚོས་མཐོང་ཐུབ་པ་ནི་གཞོན་ནུ་ཕོ་མོའི་མཆུ་སྒྲོས་ཐུག་རེས་བྱེད་པའི་སྣང་བརྙན་དང་། ནང་མ་ཁང་གི་སྒྲོག་རྩེའི་སྟེང་ནས་གངས་ཅན་མཁས་པའི་གཙུག་རྒྱན་ལྦུ་ཆང་དང་ལྷན་དུ་གཤང་གཅིར་གྱུར་བ་དེ་ཡིན་དུས། རླབས་ཆེན་གྱི་བསམ་བློའི་ཉིང་ཁུ་ཞིག་དེ་ལྟར་འགྱུར་ལྡོག་ཁྲོད་ནས་འཇིགས་འགྲོ་བ་དང་། རླབས་ཆེན་མེས་པོའི་ཤུལ་འཛིན་པ་ཞིག་དེ་ལྟར་འགྱུར་ལྡོག་ཁྲོད་ནས་རྨོངས་འགྲོ་ཡི་འདུག  མ་གཞི།  སྔོན་ཆད་འོད་སྟོང་འབར་བའི་སྔོན་ཆད་ཀྱི་ལྟའི་ཚབ་བྱེད་མི་ཐུབ།འོན་ཏེ། སྔོན་ཆད་འོད་སྟོང་འབར་མྱོང་བའི་མཛད་འཕྲིན་དེས་ད་ལྟའི་སྤྱི་ཚོགས་ལ་སྣེ་ཁྲིད་ཀྱི་ནུས་པ་ཞིག་ཡོད་ངེས་པས།  ང་ཚོས་སྔོན་ཆད་ཀྱི་རླབས་ཆེན་སྐྱེས་བུར་ཡི་རངས་དང་དེས་གཏོད་པའི་རླབས་ཆེན་གྱི་བསམ་བློའི་ཉིང་ཁུར་སློབ་སྦྱོང་བྱེད་དགོས་པ་ལས། ཡི་རངས་དང་སློབ་སྦྱོང་བྱེད་རྒྱུ་ལྟ་ཅི། ཐ་ན། རྗེས་དྲན་ཞུ་བའི་ཉིན་མོ་དེའང་བདེ་སྐྱིད་ཅིག་ཏུ་འཛིན་པ་དང་།གོ་མེད་ཚོར་མེད་ཀྱི་བྱ་བ་ཞིག་ཏུ་བེད་སྤྱོད་པ་ནི། ཀླ་ཀློའི་བྱེད་སྟངས་ཤིག་ལས་མ་འདས་སོ།།

ཆུ་འབྲུག་ལོའི་ཟླ༡༠པའི་ཚེས༢༥དགོང་མོ་དྲ་ཁང་ཞིག་ཏུ་སྦྦྱར།

བོད་ཀྱི་ལོ་སར་དང་ལྷ་སའི་སྦི་རག

        དགེ་བའི་བཤེས་གཉེན་དུད་བླ་བུ་ཆུང་གིས་སྐྱུར་རྩི་དང་འདྲེས་པའི་རྣམ་ཤེས་ཅེས་པའི་རྩོམ་ཡིག་ཅིག་སྤེལ་ནས་ད་བར་མི་ལོ་བཅུ་ཕྲག་གཉིས་ཙམ་སོང་ཟིན། འོན་ཏེ། རྣམ་ཤེས་དེས་ད་ལྟའང་སྐྱུར་རྩི་དང་བྲལ་མི་ཕོད་པ། བྲལ་འདོད་མེད་པ།  བྲལ་རྩིས་མེད་པ་ནི་བོད་ཀྱི་ལོ་སར་ཟིན་གྲབས་ཡོད་དུས། ལྷ་ས་སྦི་རག་ཀུང་སེའི་སྒོ་འགྲམ་དུ་འཚང་ཁས་སྒྲིག་པའི་མོ་ཊའི་གྲལ་བསྟར་རིང་མོ་དེས་ང་ཚོར་གསལ་བཤད་བྱེད་ཐུབ་ངེས་རེད།
       ངས་རྟག་ཏུ་འདི་འདྲ་ཞིག་སྐད་བསངས་ཐོན་པོས་གྱེར་འདོད་པ་ནི།
        བོད་ཀྱི་ལོ་སར་བཏང་སོང་།།
        ཀླད་པ་སྟོང་པ་བཟོས་སོང་།།
        སྦི་རག་ཀུང་སེའི་ཡོང་བབས།།
        སྦི་འར་ཀས་སེ་འདྲ་བྱུང་།།
        གནམ་ལོ་སར་པར་སྐྱུར་རྩིས་བསུ་བ་ཞུ་བ་སྲོལ་རྒྱུན་དུ་ཡོད་མོད། དེ་ནི་རྟེན་འབྲེལ་མཚོན་བྱེད་ཙམ་རེད། འོན་ཏེ། དེང་དུས་ཀྱི་ང་ཚོའི་ལོ་སར་དེ་བོད་རིགས་ལ་རྒྱུས་མངའ་མེད་པའི་མི་ཞིག་གིས་ ལྷ་ས་སྦི་རག་ཀུས་སེའི་སྦི་རག་ཁྱབ་བརྡལ་ཉིན་མོར་ངོས་བཟུང་རྒྱུ་གཏན་འཁེལ་རེད། རྒྱུ་མཚན་ནི། ང་ཚོའི་ལོ་སར་དེ་སྦི་རག་དང་འདྲེས་ཤིང་སྦི་རག་དེས་ང་ཚོའི་ལོ་སར་རྦད་དེ་ཚོས་ཡོད།།
       ལོ་སར་མ་རེད་ལས་སར་རེད།།
       ལས་སར་མ་རེད་ནད་སར་རེད།།
        འདིར་བརྗོད་པའི་ནད་སར་ལ་གོ་རྒྱུ་གཉིས་ཡོད། དང་པོ་ནི་ལྷ་སའི་སྦི་རག་གིས་བཟོས་པའི་སྤུན་ཟླའི་ནང་དམེ་ཡ་ང་བ་དེ་རེད། དཔེར་ན།  རྒྱུན་དུ་གུས་ཞབས་ཀྱིས་ཕྱུག་པའི་བཀྲ་ཤིས་ལགས་ལོ་སར་ཚེས་གསུམ་དགོང་མོར་ར་བཟི་བའི་རྐྱེན་གྱིས་མི་བསད་དེ། ད་ལྟ་བཙོན་དུ་ཡོད། ཤེས་ཡོན་གྱིས་ཁོ་ལག་རྒྱས་པའི་ནོར་བུའང་ར་བཟི་བའི་རྐྱེན་གྱིས་འགྲིམ་འགྲུལ་གནས་ཚུལ་ལྷག་ཏེ། ལྷ་སའི་སྦི་རག་དང་ལྷན་དུ་ལྔ་ལམ་དུ་ཕྱིན་པ་རེད།  དེ་དང་དེ་སོགས་པའི་གནས་ཚུལ་མང་པོ་ང་ཚོའི་ཉེ་འགྲམ་དུ་ལྷག་གིན་ཡོད།
        གོ་རྒྱུ་གཉིས་པ་ནི། ལྷ་སའི་སྦི་རག་ལ་འཛིན་པའི་འདུ་ཤེས་གླེན་རྟགས་ཚ་པོ་དེས།  ང་ཚོ་ད་ལྟའང་འཕེལ་རྒྱས་དང་རྒྱང་ཐག་ཆོད་ཅིང་ནམ་ཡང་མི་ཚེ་ཆང་རག་མཉམ་དུ་བསྐྱལ་ན་བདེ་སྐྱིད་ཡིན་པའི་ལྟ་ཚུལ་ཞིག་གྲུབ་པའི་ནད་སར་ཆེན་པོ་དེ་རེད།  དེ་དུས་ངས་ངུ་མ་དགོད་ཀྱིས་བརྡ་ཁྱབ་ཅིག་དྲན་ཡོང་གིས། བརྡ་ཁྱབ་དེ་ད་ལྟའང་བརྙན་འཕྲིན་ལས་བསྟན་གྱིན་པའི་སྒབ་རེད། ལྷ་སའི་སྦི་རག   གངས་ལྗོངས་ཀྱིས་སྤོབས་པ།   ངས་ཀྱང་བརྡ་ཁྱབ་ཅིག་བཟོ་འདོད་པ་ནི། ལྷ་སའི་སྦི་རག  གངས་ལྗོངས་ཀྱི་ཞབས་འདྲེན།
ཡང་ན།  ལྷ་སའི་སྦི་རག   གངས་ལྗོངས་འཕེལ་རྒྱས་ཀྱི་དུག་རྩ།

༡༠༡༡ལོའི་ཟླ་༡པོའི་ཚེས་༥ཉིན་ཕ་ཡུལ་དུ་སྦྱར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།