གཡང་འབུམ་ཚེ་རིང་གིས་སྦྱར་བའི་ཚིག་རྒྱན་རིག་པའི་དཔེར་བརྗོད་འགའ།

རྩོམ་པ་པོ།:གཡང་འབུམ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-01-01 10:52:00 ཀློག་གྲངས།:

ཚིག་རྒྱན་རིག་པའི་དཔེར་བརྗོད་འགའ།
 

གཟུགས་རྒྱན།

དང་པོ།  བསྡུས་པའི་གཟུགས་ཅན་གྱི་རྒྱན།

ལུས་ཕྲ་ཁྱོད་ཞལ་ཉ་གང་ཟླ་བའི་ངོར།།
སྨིན་མ་ར་ཡིག་གཉིས་པའི་རྡུལ་ཞགས་དང། །
མཁུར་ཚོས་པདྨོའི་འདབ་མ་བཞད་ལྡན་པས།།
ན་ཆུང་སྨྱུག་གསར་བུ་ལོའི་ཡིད་སེམས་བཀུག།།(བོད་པའི་བུ་མོ་ཚོར་བསྟོད་པ།)


གཉིས་པ།  བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན།

དཔྱིད་དཔལ་བུ་མོས་དུང་དུང་འབོད་པའི་མོད།།
ཁ་བའི་མེ་ཏོག་འཛུམ་འཛུམ་འཕུར་བའི་བར།།
རྐང་དྲུག་བུ་མོས་དགོད་སྒྲའི་སྙན་དབྱངས་ཁྲོད།།
དགའ་སྤྲོའི་ཟླ་ཟེར་གངས་རིའི་ལྗོངས་སུ་སྨིན།། (དཔྱིད་དཔལ་ལ་བསྟོད་པ།)


གསུམ་པ།  བསྙོན་དོར་གྱི་གཟུགས་ཅན།

རྩོམ་རིག་གསར་བའི་ཤིང་རྟའི་སྲོལ་འབྱེད་དང་།།
མི་རིགས་ལ་རྒྱའི་སྲོག་ཤིང་འཛིན་མཁས་པོ།།
དེང་རབས་རིག་པའི་འཕྲུལ་ལ་རྒྱུས་མངའ་བའི།།
མཁས་འདི་མི་མིན་ལྷས་བཏང་ཕོ་ཉའོ།། (སྐུ་ཞབས་རང་གྲོལ་ལ་བསྟོད་པ།)

 

དོན་རྒྱན།

གཅིག   བསྐོར་བའི་རྒྱན།

ཐོས་བསམ་སྒོམ་ལ་གཞོལ་བའི་སློབ་བུ་ཚོའི།།
མ་འོངས་གཏད་སར་དམིགས་པའི་འདུན་མ་གཅིག།།
ཉེ་རིང་རེས་མེད་སློབ་དཔོན་པདྨའི་གཉེན།།
རིག་རྒྱུད་སློབ་མར་གནང་བའི་འདུན་མའང་གཅིག།(མ་ཡུམ་སློབ་གྲྭར་བསྟོད་པ།)


གཉིས།   སྤྱིའི་བསྡུས་བརྗོད།

དྲིན་ཆེན་ཕ་མའི་ཞལ་ཏ་དམ་པ་དང་།།
མིང་སྲིང་ཕུ་ནུར་བཤད་རྒྱུ་མང་བའི་ཕྱིར།།
ཐེ་ཚོམ་དུ་གྱུར་བདག་བློ་དགུ་མདུད་ཀྱིས།།
རང་སེམས་སྐྱ་མོ་འཇིགས་པའི་སྣང་བས་བཀྱིགས།།(བསྡུ་བྱ  འཁོར་བ)


གསུམ་པ།   ཕུལ་བྱུང་རྒྱན།

འདས་མ་ད་ཡི་དོན་ལ་ཐོགས་མེད་ཅིང་།།
ཤེས་བྱ་རག་པའི་གནས་ལ་བློ་ཡངས་བའི།།
རང་ཚོའི་དམ་ཆེན་སངས་རྒས་ཤཱཀྱ་ཐུབ་ཀྱི།།
སྤྱི་བོ་རིག་པས་མ་བཀད་ཡ་མཚར་ཆེ།། (སངས་རྒྱས་སྟོན་པར་བསྟོད་པ)


བཞི་བ། རབ་བཏགས་རྒྱན།

ར་མཛེས་རྫ་ཁའི་མེ་ཏོག་ཤེའུ་བསྡུར་གྱིས།།
མཛེས་མདངས་ཁོག་ལ་མ་ཆུགས་སྤྲོ་ཉམས་དང་།།
བུད་མེད་མཛེས་མར་འགྲན་འདོད་སྤོབས་སེམས་ཀྱིས།།
དབྱངས་ཅན་ལྷ་མོའི་ཚེམས་ཕྲེང་གཡར་ཏེ་དགོད།།(དབྱར་དུས་ལ་བསྟོད་པ)


ལྔ་བ།   ཕྲ་མོའི་རྒྱན།

ལུས་ཀྱི་འཁར་བས་རྒུད་པའི་རྒན་པོ་ཞིག།
ཕྱི་མ་སྐྱིད་ལ་བར་དོ་བདེ་བའི་སླད།།
ནོར་བུའི་ཕྲ་རྒྱན་ཕྲེང་བ་མཐེབ་འོག་ན།།
གཏོང་བཞིན་མ་ཎའི་དབྱངས་རྟས་བརྒྱ་བྱིན་བསླངས།།


དྲུག་པ།   ཉམས་ལྡན་རྒྱན་ལས་མི་སྡུག་པའི་ཉམས།།

འཛིན་མ་རུས་པའི་ཆགས་ཡུལ་ན།།
ཁྲག་རྒྱུན་དྲོན་མོའི་འདམ་ཁུ་འཁྱིལ།།
མཚན་མོར་རྒྱུ་བའི་མི་མིན་དག།
ཁྲག་གི་ལྟེབ་ཀར་བརྒལ་བཞིན་འགྲོ།། (སྲིན་པོའི་ཆ་ལུགས། )


བདུན་པ།    བསྙོན་དོར་རྒྱན་ལས་ཡུལ་ལ་བསྙོན་དོར།

འཛམ་གླིང་ལྟེ་བ་གངས་ལྗོངས་དབུས།།
ཟེར་བའི་གཏམ་དེ་རྫུན་ལབ་ཉིད།།
གལ་ཏེ་བདེན་ན་བོད་ཡུལ་ཁམས།།
དར་ཆུ་འཁྱག་པས་ཅིའི་མ་འབྱར།།(བོད་ཡུལ་གནས་མཐོ་བ་བསྟན་པ།)

མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང༢༠༡༢ལོའི་དངོས་ལུགས་འཛིན་གྲྭ  གཡང་འབུམ་ཚེ་རིང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།