སོག་མདའི་སྨྱུག་རྩེར་བསྒྱུར་བའི་སྙན་ངག་ཚན་པ་གཉིས།

རྩོམ་པ་པོ།:སོག་མདའ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-01-06 10:32:00 ཀློག་གྲངས།:

རྩམ་པ།
              སོག་མདའ།


ས་འཛིན་ཡངས་པའི་བཅུད་ཀྱི་གཏམས་པའི་ཞིང་ཚིགས་གྲུ་བཞིའི་རྭ་བ་རུ།།
དཔྱིད་ཀྱི་དཔལ་མོ་ལྷ་ལས་བབས་ནས་མི་ཡུལ་གོས་ལྗང་་གྱོན་དུས་སུ།།
སོ་ནམ་ལས་ཀྱི་སྦྱོར་བ་བརྩམས་ནས་ཞིང་ཚིགས་ཡུར་མ་ཡུར་བའི་དུས་།།
ས་བོན་ཡངས་བའི་ཁྱོན་ལ་གཏོར་དུས་སྦྲང་ཆར་བསིལ་མའི་དངོས་གྲུབ་བཞིན།།


ནས་འབྲུ་སྙེ་མའི་མགོ་བོ་དུད་དེ་འབྲེགས་ལ་སྒུག་པའི་བསམ་གཞིགས་ན།།
ལང་ཚོའི་མེ་ཏོག་ཕྲ་ལ་ལྡེམ་པའི་ལྡེམ་མྱུར་ཅན་གྱི་ཞིང་བདག་མའི།།
ཟོར་བའི་སག་སྒྲའི་དབྱངས་རྟའི་ལྷན་དུ་ཡུར་གླུ་ཨ་རྩེད་རྒྱང་ལ་འཕུར།།
སྦྲང་དཀར་རྩམ་པའི་ནས་འབྲུ་སྡུད་པའི་སྟོན་གྱི་ལོ་ལེགས་གཡུར་དུ་ཟ།།


སུམ་ཐབ་སྒྱེད་བུའི་མ་ེལྕེའི་ཁྲོད་ན་འཛུམ་གྱི་ངོ་གདོང་དཀར་དམར་མདངས།།
ལྡེམ་ལ་མྱུར་བའི་འཁྱུགས་འགྲོས་ཁྲོད་ནས་ནས་བསྔོ་ལས་ལ་བྲེལ་ཞིང་མཆིས།།
ཐག་ཐག་སྒྲ་ཡི་བསྡོ་ཚད་ཟིན་པའི་ནས་ཀྱི་ཁ་མདོག་ཁྲ་ལ་ཡག།།
དཀར་ནག་བྱ་རའི་དཀྱིལ་ན་བླུགས་པའི་མེ་ཏོག་ཁྲ་ཚོམས་ཕྱུར་བར་གཏམས།།


གཡོན་གྱི་མར་སྒྱེད་ཐག་ཁྲིའི་རྩ་ནས་རྡོ་ཡི་ལག་འཁོར་བརྟན་སེ་བཞག།།
ཡ་ཁོལ་མ་ཁོལ་མཉམ་ཏུ་སྡེབས་པའི་གཞོན་ནུ་ཕོ་མོ་འཐམས་པ་འདྲ།།
ལག་འཁོར་འཁོར་བའི་ལྡིར་སྒྲ་རིང་མོའི་གཡས་གཡོན་་ཁྱིམ་མཚེས་གོ་ལ་ཁད།།
རྩམ་དྲི་འཐུལ་བའི་དྲི་མ་ཞིམ་པོ་རླུང་བས་དེད་ནས་་རྒྱང་ལ་བཞུད།།


ཞོགས་པའི་སྐྱེ་རངས་འོད་ཀྱི་བཅག་ནས་་ཁྲི་གདུགས་ཉི་མ་རི་རྩེར་བསྐྱོན།།
ཨ་མ་དྲིན་མོའི་ལག་ཟས་ཞིམ་པོ་སྦྲང་དཀར་རྩམ་པ་སྟེང་ལ་བྲེལ།།
སེམས་ཀྱི་བུ་ལོའི་ལག་གཉིས་མཉམ་ཏུ་མ་ལོའི་ལག་ཟས་ལེན་ལ་རྔམ།།
ཐབ་ཁུང་གྲུ་བཞིའི་མེ་ལྕེ་རྩེན་ན་འོ་ཇ་ལྷོག་ལྷོག་འཕྱུར་བཞིན་གདའ།།


འབྲི་མར་སེར་བོ་གསེར་གྱི་མདོག་ལ་རྩམ་པ་དཀར་བོའི་ཁ་བརྒྱན་བཏིང་།།
ཕྱུར་བ་ཞིམ་པའི་ཡང་བརྒྱན་བཏིང་ནས་ཕྱག་གིས་རྗི་བའི་ལས་ལ་རེམ།།
ཕོ་བའི་ཟ་འདོད་ལྷོག་ལྷོག་འགུལ་བཞིན་མགྲིན་པའི་ཕྲེང་ལ་འབོད་བརྡ་བཏང་།།
ད་ནི་ལག་ཟུང་གཅིག་གིས་སྐྱོར་བཞིན་སྦྲང་དཀར་རྩམ་པ་ཟ་ལ་བྲེལ།།

2012ལོའི་ཟླ12པའི་ཚེས9ཉིན་རང་ཤག་ནས་བྲིས།།

 

མི་རབས་གསུམ་པ་ལ་ཕུལ་བ།
          སོག་མདའ།

མི་རབས་གསུམ་པ་ཞེས་པའི་མི་རབས་ཞིག།།
ཀུན་གྱིས་བསྔགས་སུ་འོས་པའི་དཔུང་སྡེ་ཞིག།།
མི་ལོ་མང་པོ་མ་འགོར་བཙུགས་ནི་ཞིག།།
དེ་རིང་ནངས་ཁ་མ་འཐོར་མཁས་དབང་ཚོ།།
 

མཁས་དབང་གང་མང་ཡོད་པའི་ཚོགས་སྡེ་ཞིག།།
རང་འདོད་ཕྱིར་འབུད་ཆོག་པའི་ཐོབ་ཐང་ཞིག།།
མགོ་ནས་འབྲུག་བཞིན་གྲགས་པའི་ཚོགས་སྡེ་དེ།།
དབུགས་བཞིན་ཤུབ་གི་མ་འཇུག་མཁས་དབང་ཚོ།།
 

མཁས་པའི་དཔུང་ཚོགས་ཡིན་ཞེས་གླེང་ནི་ཞིག།།
ཀུན་གྱི་ལམ་སྟོན་ཡིན་ཞེས་སྐྱོར་ནི་ཞིག།།
ནང་ཁུལ་མི་འཆམ་ཐ་ཐོར་འགྲོ་བ་ལ།།
ཕྲག་དོག་འགྲན་སེམས་མ་བྱེད་མཁས་དབང་ཚོ།།
 

དགྲ་བོའི་འཐབ་པའི་གཡུལ་དུས་ལྐུགས་བུ་ཐ།།
ནང་ལ་བསྐོར་དུས་མཁས་ཚུལ་བཞེས་ནི་ཚོ།།
སྐྱོན་མཚང་བྲིས་ནས་དྲ་བ་བཀང་བ་དེ།།
དོན་གྱི་གནས་ལུགས་མི་མཐུན་མཁས་དབང་ཚོ།།
 

སྔ་མའི་ཁོ་ཚོའི་ངར་རབས་བརྒྱན་རབས་གླེང་།།
ཕྱི་མའི་ཁོང་ཚོས་ཐུབ་རབས་བ་རབས་བཤད།།
སྔ་ཕྱི་མ་འཆམ་བར་ན་སྟོང་ཆ་ཞིག།།
སྟོང་ཆ་སྟོང་གི་མ་འཇུག་མཁས་དབང་ཚོ།།
 

མཁས་པ་ཡིན་ན་མཁས་པའི་བྱ་བ་ཡོད།།
ནག་མོ་འགྱོད་འཛིང་མ་བྱེད་མཁས་དབང་རྣམས།།
རིགས་རྒྱུད་གཅིག་པའི་ནང་ཁུལ་མཐུན་པ་དེ།།
དོན་གྱི་རྡོག་རྩ་འདི་རེད་མཁས་དབང་རྣམས།།
 

རྣམ་དཔྱོད་རིག་པའི་རྩལ་གྱི་དཔྱད་བརྗོད་ཀྱི།།
ཕན་ཚུན་དགག་སྒྲུབ་བྱས་ན་མཁས་པ་ཡིན།།
དོན་མེད་ཁྱོད་ཚང་ངེད་ཚང་ཟེར་བ་ཡི།།
ཆོ་མེད་ནང་འགྱོད་མ་གནང་མཁས་པ་ཚོ།།
 

སྔ་ཕྱི་གང་ཡིན་བདག་ལ་ཁྱད་པར་མེད།།
མཁས་དབང་སུ་ཡིན་བདག་ལ་ངོ་སོ་མེད།།
རང་གིས་སེམས་ནས་བཤད་པའི་སྐད་ཆ་འདི།།
རྣམས་པའི་སྙན་ལ་ཕུལ་ཡོད་མཁས་པ་ཚོ།།
 

ནོར་དང་འཁྲུལ་བ་བྱུང་ན་མཐོལ་ལོ་གཤགས།།
འཆུག་དང་གོ་ནོར་ཡོད་ན་བཟོད་པར་ཤོག།
རྣམ་དག་སེམས་ཀྱི་ངོས་ནས་བྲིས་པ་ཡིན།།
ཀུན་ལ་འུ་ཕན་བསམ་པའི་འབོད་པ་ཡིན།།

2013ལོའི་ཟླ1པོའི་ཚེས5ཉིན་བྲིས།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།