སེམས་ནང་གི་རྒྱང་འབོད་ཕྲ་མོ།
སེམས་ནང་གི་རྒྱང་འབོད་ཕྲ་མོ།
བསོད་ནམས་འོད་འབར། རྨ་ལྷོ།
ན་ནིང་ང་ནི་འཁྱམ་པོ་ལྡོམ་པོ་ཡིན།།
ད་ལོར་ང་ནི་གཞན་གྱིས་བཀུར་བའི་གནས།།
མཐོ་དམན་ལ་སོགས་ཐེར་ཟུག་བྲལ་བའི་གཞི།།
ངོ་སོ་ཡོད་དུས་གཞན་ལ་ཕན་བདེ་བསྐྲུན།།
ག་ས་ག་ལ་མི་ཆོས་བླ་མའི་རྫུན།།
ཆོས་ལ་མཁས་མཁན་རྙེད་པའི་རྙི་ལ་ཚུད།།
ཆོས་ལ་དད་མཁན་ངོ་སོའི་དབང་དུ་ཚུད།།
ཐ་མལ་དུས་ལ་བསྟན་པའི་ཉག་ཐག་ཕྲ།།
ཡ་གའི་དཔོན་པོ་བདེ་བའི་ཕྱོགས་སུ་འདུར།།
མ་གའི་གཡོག་པོ་བདེ་བའི་ཕྱོགས་སུ་རྒྱུག།
དེང་གི་རྡུལ་ཕྲན་དར་བའི་འགྲན་རྩོད་ཁྲོད།།
སེམས་ཀྱི་སྙོམས་སྒྲིག་བསྟན་པ་ཁོ་ནར་ངེས།།
འཛམ་གླིང་རིག་གཞུང་བྱེ་བ་ཕྲག་བརྒྱའི་ཁྲོད༌།།
སེམས་ཀྱི་སྡུག་བསྔལ་དྲུངས་ནས་འབྱིན་མཛད་མཁན།།
སངས་རྒྱས་བསྟན་པ་རིན་ཆེན་ཁོ་ན་ལས།།
མེད་ཞེས་འཛམ་གླིང་མཁས་མང་དག་གིས་གླེང༌།།
ཆ་ཙམ་རྟོགས་ཀྱང་ང་རྒྱལ་ཁུར་ལྕི་བ།།
དེང་གི་སྙིགས་མའི་དུས་ཀྱི་སློབ་དཔོན་རེད།།
དེ་ཡིས་བསྐྱངས་པའི་སྐལ་ལྡན་ཚོགས་རྣམས་ནི། །
སྐལ་མེད་རེད་ཅེས་དཔོན་གསས་བླ་མས་གསུངས།།
སྡེ་བ་ཁ་ཤས་འགོང་ཕུགས་ཤོ་ལ་ཞེན།།
མི་ཚེའི་རིན་ཐང་དལ་འབྱོར་ངེས་མ་ཟིན།།
བླ་མའི་གདམ་ངག་ཐོས་ཀྱང་ཕན་མ་ཐོགས།།
འདི་དག་མཐོང་ཚེ་སྤྱན་ཆབ་ཤ་ར་ར།།
དུ་བ་འཐེན་ན་སྲོག་ལ་མི་ཕན་ཞེས།།
ནང་དོན་རིག་པའི་ཐོག་ནས་དགག་མཛད་པ།།
དེང་གི་ཚན་རྩལ་ལྷ་མོས་ཁས་ལེན་ཡང༌།།
སྤྱི་མཐུན་བསོད་ནམས་ཇེ་བྲི་ཡང་བྲི་རེད།།
ཨ་རག་འཐུང་ན་ནག་ཉེས་ཚབས་ཆེན་བཟོ། །
ཆང་འཐུང་ར་བཤས་གཏམ་རྒྱུད་གསོན་པོ་དེས།།
མོད་པོ་ཞིག་ནི་བདེན་ཁ་ཆོད་ན་ཡང༌།།
རྐང་གཉིས་མི་རྣམས་ད་དུང་གཉིད་དུ་ཡུར།།
སློབ་གསོར་དོ་ཁུར་མི་བྱེད་ཨ་མའི་བུ།།
ལ་མོར་རེ་རེ་བརྒལ་ན་མོད་པོ་རེད།།
དྲན་པའི་གཞུ་མོ་ལ་ནི་བཀུགས་པའི་ཚེ།།
སྙིང་ཤ་ལེབ་མོ་འཐག་པའི་མཚོན་ཆ་རེད།།
བཙུན་པ་ཕལ་ཆེར་ཚོང་དང་ནོར་ལ་ཞེན།།
སྟོན་པའི་ན་བཟའ་དངུལ་ལོའི་བར་ནས་ཟད།།
དཀའ་ཐུབ་ཐམས་ཅད་གྲོང་གི་སྲང་ནས་མཛད།།
འདི་ནི་གཞན་མིན་སྙིགས་མའི་རང་མཚང་རེད།།
ཨ་མ་ཕལ་ཆེར་མནའ་མས་ཕྱིར་སྤྱུགས་བྱས།།
ཨ་ཕ་ཕལ་ཆེར་རྫོང་གི་སྒོ་ཁྱི་བྱས།།
ལས་དང་རྒྱུ་འབྲས་བརྩི་བའི་མི་རིགས་འདི།།
ད་ལྟ་ཕལ་ཆེར་སྨྱོ་ཆུ་བླུད་པ་འདྲ།།
རྒན་ལ་མི་བཀུར་མི་བརྩི་བྱམས་མི་ཤེས།།
དེང་རབས་བོད་ཀྱི་སློབ་གསོའི་ཕམ་ཁ་རེད།།
མ་ལབ་ན་ཡང་ཕྱི་རུ་བཤམས་པའི་རྒྱུ།།
རྒྱུ་ངན་འབྲས་ངན་སྲིད་པའི་ཆོས་ཉིད་རེད།།
ནང་བ་སངས་རྒྱས་ཟེར་བའི་ཐ་སྙད་དེ།།
སྐྱབས་འགྲོ་རྒྱུད་ལྡན་སྟེང་གི་མི་འཇོག་དོན།།
བོད་ཀྱི་མི་གྲངས་སུམ་ཆའི་གཉིས་ལ་ནི།།
ནང་བ་མིན་པས་ཡིད་སེམས་སྐྱོ་བོ་བྱུང༌།།
ཡི་གེའི་བྱེད་པོ་སུ་ཡིན་རྩོད་པ་ལ།།
འཁྱོང་ཡོད་འཁྱོང་མེད་གཉིས་ཀྱིས་ལབ་རེ་རྒྱག།
གྲུབ་མཐའི་ཆགས་སྡང་མེད་པར་གཏོང་བ་ལ།།
མི་རྣམས་ཕལ་ཆེར་ལྐུགས་པའི་ལུས་བླངས་འདྲ།།
སྔགས་པ་ཕལ་ཆེར་མངོན་མཁྱེན་ཐོགས་པ་མེད།།
འདི་དང་ཕྱི་མའི་ལམ་ཡང་སྟོན་ཁུལ་བྱེད།།
སྲུང་མ་མཐུ་ལྡན་ཡེ་ཤེས་སྤྱན་ཅན་དེས།།
སྔ་མོ་ཉིད་ནས་དེ་ཡི་རང་མཚང་བརྟོལ།།
ཁ་སང་དེ་རིང་བོད་མི་ཕལ་མོ་ཆེས།།
རྟ་དང་ནོར་སོགས་གཡང་གི་སྒོ་ཕྱུགས་དག།
མཁོ་གལ་ཆེ་བ་རང་གིས་མི་ཤེས་པར།།
རྨིག་རྗེས་མེད་པར་གཏོང་བར་དགའ་ཞེན་ཆེ།།
འབྲོག་པོ་རྣམས་ནི་ཨ་གསར་ཆེ་བ་དང༌།།
རོང་བ་རྣམས་ནི་ཨུ་ཚིགས་ཆེ་བ་ཡི།།
ཨ་གསར་ཨུ་ཚུགས་གཉིས་ཀྱི་བར་གསེང་ན།།
གོ་རྟོགས་རྗེས་སུ་ལུས་པའི་ཚུལ་དེ་སྐྱོ།།
ཕྱི་ཡི་བསྟན་པ་རྩ་གསུམ་ཁང་བཟང་བཞིན།།
དར་ཞིང་རྒྱས་པས་དམངས་ལ་ཕན་བདེ་བསྐྲུན།།
འོན་ཀྱང་ལུང་དང་རྟོགས་པའི་བསྟན་པ་དེ།།
རེ་ཞིག་རྒུད་པར་འགྲོ་བའི་ཚུལ་དེ་སྟོས།།
ཉེས་བྱས་བསམ་ནས་སྡིག་སྤོང་དགེ་སྒྲུབ་བྱེད།།
རྒྱུ་ཟོག་བཙོང་ནས་རླངས་འཁོར་གསར་རྙིང་ཉོས།།
དེ་ཡིས་བསད་པའི་སྲིན་འབུ་གྲངས་མེད་པ།།
སྡིག་པ་མེད་ཅེས་བླ་མས་ག་ལ་གསུངས།།
དགོན་སློབ་གཉིས་ན་མཆིས་པའི་ཤེས་ལྡན་པ།།
ཚིག་ཕྱིར་འབྲངས་ནས་དོན་ལ་མི་དྲིལ་བས༌།།
སེམས་ཀྱི་སྐྱབས་བྱ་མཐར་ཐུག་ཀུན་བཟང་སྐུ།།
རིང་བའི་རྒྱུ་ཞེས་བན་བོན་ཀུན་ན་གསལ།།
ཁམས་ཕྱོགས་འབོམ་ར་ས་ན་ལྡོམ་པོ་མང༌།།
རྐོང་བོ་ར་མང་ཡུལ་ན་ནགས་རྐུན་མང༌།།
མངའ་རིས་ཁྱུང་ལུང་ས་ན་ཚོང་རྐུན་མང༌།།
རང་རེའི་ཡུལ་ཁམས་ལྷ་སྲིན་ཧུར་བས་དཀྲུགས།།
ཡབ་དང་ཡུམ་ནི་འོད་གསལ་ལྷ་རྒྱུད་ཡིན།།
བུ་དང་ཚ་རྣམས་དེ་ཡི་གདུང་རྒྱུད་ཡིན།།
ལབ་རེ་རྒྱབ་ན་ང་ཚོ་དེ་འདྲ་ཡིན།།
མཚང་རེ་དྲུས་ན་ཡབ་མེས་ཞབས་འདྲེན་ཡིན།།
ཀ་ངོ་ཡིག་ངོ་མི་ཆོད་ཨ་མའི་བུ།།
ན་ནིང་དགུན་འབུ་བཟང་བོའི་བཀའ་དྲིན་ལ།།
ད་ལོར་རྟ་མཆོག་རྟགས་ཅན་བསྐོར་བ་ལས།།
དམངས་ཀྱི་དོན་ལ་ལག་རྗེས་ཨེ་ཞོག་ལྟོས།།
བོད་ལ་ལོ་ངོ་ཁྲི་ཡི་ལོ་རྒྱུས་ཡོད༌།།
འཛམ་གླིང་ཞིབ་འཇུག་པ་ཡིས་མཐོང་ཆེན་བྱེད།།
བོད་ན་ད་རུང་ཆིག་སྟོང་སུམ་བརྒྱ་ཞེས།།
སྨྲ་བ་རྣམས་ནི་རང་གཞན་ངལ་བའི་རྒྱུ།།
རང་གཞན་ཀུན་གྱི་གྲུབ་མཐར་སྨད་མི་བྱ།།
ཁྱད་པར་སྨད་དུ་མི་རུང་བླ་མེད་ཐེག།
དེ་ནི་རྗེས་འབྲངས་བེ་དཀར་སེམས་དཔའ་བཞིན།།
གཞན་ལ་སྨད་པས་རང་ཉིད་འདྲེ་རུ་གྱུར།།
ཀུན་གྱིས་འདོད་པའི་ཟང་ཟིང་ངས་ཀྱང་འདོད།།
ཀུན་ལ་གང་དགའ་བདག་ཀྱང་དེ་འདྲ་ཡིན།།
ནམ་འཆི་ཆ་མེད་བློ་ལ་ཤར་བའི་ན།།
ཚེ་འདིའི་མདུད་ཐག་ངམ་ངམ་ཤུགས་ཀྱིས་ཆོད།།
ཞེས་བསོད་ནམས་འོད་འབར་གྱིས་རང་ཤག་ནས་ཤར་མར་བྲིས་པ་དགེའོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com