སློབ་བུ་གཡང་འབུམ་ཚེ་རིང་གིས་སྒྲོན་མེ་སློབ་གསོ་དབུལ་སྐྱོབ་ཚོགས་པར་བྲིས་པའི་བཀའ་དྲིན་ཞུ་ཡིག

རྩོམ་པ་པོ།:གཡང་འབུམ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-05 10:05:00 ཀློག་གྲངས།:

བཀའ་དྲིན་ཞུ་ཡིག

མཛའ་བརྩེའི་ཕྱི་ཐག་རིང་ཞིང་བརྩེ་བའི་ཐུགས་དགོངས་ཟབ་པའི་སྒྲོན་མེ་སློབ་གསོ་དབུལ་སྐྱོབ་ཚོགས་པར་ཆེད་དུ་བཀའ་དྲིན་ཞུ་དོན།
        ཐོག་མར་ལོ་འདི་འགའི་རིང་ཁྱེད་ཚོགས་པས་སྤྱན་ཟུང་གི་མདའ་མོ་རྒྱང་དུ་འཕངས་ཤིང་ཕྱག་ཟུང་གི་གསེར་དར་རིང་དུ་བརྐྱངས་ནས་ངའི་ཕུ་བོ་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་དང་བྱམས་བརྩེའི་ཐུགས་ཁུར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་དགོས་ཀྱི་ཡོད།

        ད་ལོར་སློབ་བུ་ངས་སློབ་ཆེན་དངོས་གཞི་སློབ་མ་ཞིག་གི་རྐང་འཛིན་ཐུབ་པ་ཙམ་བྱུང་བར་ཡང་རང་ཉིད་དགའ་སྤྲོ་ཆེན་པོ་སྐྱེས་ཀྱི་ཡོད་ལ།  ལྷག་པར་དུ་ཁྱེད་ཚོགས་པའི་ཉེ་རིང་ཆགས་ལྡང་གཉིས་དང་བྲལ་བའི་བྱམས་དང་བརྩེ་བའི་ཐུ་འོག་ནས་དགའ་ལྷང་ལྷང་དང་དྲོད་འཇམ་འཇམ་གྱིས་མཚར་ལོངས་བྱུང་དགོས་པའི་འཕྲིན་བཟང་དེ་ངའི་ཐོས་འཛིན་ལམ་དུ་གྲགས་ཉིན་ནས་ཕྲན་གྱི་སེམས་པ་སྤྲོ་བས་ལྟོས་ཤིང་དགའ་དུང་གི་དར་དཀར་རིང་མོ་ཁྱེད་ཚོགས་པའི་ཕྱོགས་སུ་བསྲིངས་ཏེ་བཀའ་དྲིན་ཆེ་ཞུ་དགོས་ཀྱི་ཡོད།  

        ང་རང་ཉིད་སྤྱིར་ན་ཤེས་རྨོངས་ཀྱི་མུན་ཁྲོད་འགྲིམ་པ་ཞིག་དང་སེམས་ནག་གི་དུག་རླངས་འཕྱུར་བ་ཞིག  གཞན་ཕན་གྱི་བསམ་བློས་དབེན་པ་ཞིག་དང་རྣམ་གཡེང་གི་རླུང་གིས་ཁྱེར་བ་ཞིག་ཡིན་པའི་སྟབས་ཀྱིས་ད་བར་དུ“ཆུ་ཐིགས་བསགས་པའི་རྒྱ་མཚོ་དང་ཆུ་ཕྲན་འདུས་པའི་གཙང་བོ”ལྟར་དུ་ཤེས་རིག་གི་རྟ་ཕོར་བཅིབས་མ་ཐུབ་ལ་ཡ་མཚན་གྱི་ཡོན་ཏན་དེ་བས་ཀྱང་འཕེལ་མ་ཐུབ་པ་ཞིག་ཡིན་ཕྱིར། ཁྱེད་ཚོགས་པའི་འཛུམ་ཟེར་འོད་ཀྱིས་གཏམ་པ་གསེར་གྱི་ཉི་གཞོན་ཡིན་པ། ལྷག་བསམ་དཀར་པོས་སྦྱིན་པ་ནུ་ཞོ་མངར་མོ་ཡིན་པ། ཕྱག་ཟུང་གསེར་གྱིས་བསྐྲུན་པ་རིན་ཆེན་ནོར་བུ་ཡིན་པ་ངའི་སེམས་བསམ་པའི་གཏིང་དང་བློ་རྒྱུ་མའི་མཚམས་ནས་འབྲུ་དྲུག་གི་ལོ་ཏོག་ཇི་བཞིན་ག་ལེར་སྨིན་འོང་ལ།  གསར་སྐྱེས་ཀྱི་མྱུ་གུའི་ས་བོན་འབུས་པ་ལྟར་ཕྲན་ཆུང་གི་གཙུག་ནས་ནོར་བུ་འོད་དུ་སྦྱིན་པས།  དུས་དེ་རིང་ནས་བཟུང་སྟེ་ཨ་ཆགས་ཆགས་དགུའི་དཔེ་དང་བསིལ་རླུང་འཇམ་པོའི་འགྲོས་དང་ལྷན།  རང་གི་རེ་སྙེགས་ཀྱི་ཉི་ཟེར་དང་མི་རིགས་ཤིག་ལ་བཅིངས་བའི་དུང་བ་རིག་པའི་སྐྱེད་ཚལ་གྱི་ལྡིང་ཀར་བསྒྱུར་ཏེ་འདས་དོན་ལ་སྤང་བླངས་དང་མ་འོངས་པར་རེ་བས་འབོད་ཞོར་སུ་ཞིག་གི་དོན་དང་སུ་ཞིག་གི་ཆེད་དུ།  ཅི་ཞིག་གི་སླད་དང་ཅིག་ཞིག་གི་དཔལ་དུ་བརྩོན་པ་ཆུ་བོའི་རྒྱུན་ལ་འགྲན་རྒྱུ་དྭངས་གཙང་ལྷད་མེད་ཀྱི་བསམ་པའི་མེ་ལོང་ངོས་སུ་རེ་བ་ནན་མོ་ཞིག་དང་ཡིད་ཆེས་བརྟན་པོ་ཞིག་གིས་རྨང་ནས་བསྐྲུན་ཡོང་། 

              མ་རིག་ལམ་གྱི་མུན་པ་སེལ་བའི་སྒྲོན་མེས་ས་སྟེང་ཀུན་ཁྱབ་མ།།

              མ་གྱུར་སེམས་ཅན་སློབ་གསོ་སྙིང་གི་དབུས་ནས་དམུལ་དམུལ་འཛུམ་མཁས་མ།།

              མ་གྱུར་འགྲོ་ལ་ཕན་པའི་དབུལ་སྐྱོབ་བདུད་རྩིའི་ཐིགས་པ་རྒྱུན་འཇོ་མ།། 

              མ་རིག་ཅི་ཆ་སྣང་ལ་སྦྱིན་མཁན་ཚོགས་པ་ཞིག་གི་རྗེ་བཙུན་མ།།

        མཐར་ཁྱེད་ཚོགས་པའི་ཅི་བསམ་དཔལ་དུ་ཤར་བ་མུ་ཁྱུད་གངས་ཀྱི་རི་བོ་བཞིན་ལྷུན་གྱིས་གྲུབ་ཅིང་ཡུན་གྱིས་གངས་རི་ར་བས་བསྐོར་བའི་ཡུལ་གྲུ་འདི་རུ་མཚན་དང་གྲགས་པས་ཀུན་ནས་ཁྱབ་ལ། ཁྱེད་ཚོགས་པའི་ཚོགས་མི་རེ་རེའི་ཁ་ལས་རླུང་རྟ་རྟ་རྒོད་རྒྱུག་རྒྱུག་དང་བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་བརླབས་ཏུ་གསོལ།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་བུ་གཡང་འབུམ་ཚེ་རིང་གིས།

2013ལོའི་ཟླ1པོའི་ཚེས18ཉིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།