ཁྱོད་དང་ངའི་ལོ་སར་གྱི་མདུད་པ།

རྩོམ་པ་པོ།:འབའ་ཚེ་སྨྱོན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-17 10:09:00 ཀློག་གྲངས།:

 

དུས་ཚོད་ཀྱི་ཕ་བོང་གང་གི་འཛུམ་མེད་ཀྱི་བཀོད་སྒྲིག་དེས།
ངའི་ལོ་གསར་གྱི་མགྲོན་པོ་རྣལ་མ་འཛུམ་འཛུམ་གྱིས།
ངའི་ལུས་ཕུང་གི་ཕྱི་ནང་ཀུན་ཏུ་རྐང་རྗེས་བཞིན་བསླེབས།
ཁ་པར་གྱི་སྐུད་ལམ་ན་ཕ་མ་དང་ཕུ་ནུའི་བརྩེ་སེམས་ཀྱིས།
ལུང་ཁོག་ཅིག་ཏུ་སྟར་ཀའི་མེ་ཏོག་ལྷུག་ལྷུག་བཞད།
ཨ་རག་ཅིག་གི་བཟི་གཏམ་ལས་རྙིད་ཟིན་པའི་ལྗང་མྱུག་གི་ལོ་རྒྱུས་ལ།
མཚོན་མདངས་ཀྱིས་བཀྲ། བཀྲ་ཤིས་པའི་ཁ་བཏགས་དཀར་པོ་ཡུག་གཅིག
ཁ་བ་བཞིན་དྲན་པའི་དཀར་ཡོལ་གྱི་ངོས་ལ་མར་ལོ་བཞིན་ཆགས།
དྲན་པའི་སྒོ་གླེགས་ཀྱི་མདུད་རྒྱ་ཡང་ལྷུག་ལྷུག་དགོད།
སྤྲིན་པ་ཞིག་གི་སྒལ་གཞུང་དུ་གཉིད་དུ་ཡར་པའི་འཇའ་ཚོན།
ས་གཞི་ཞིག་གི་ཆེ་ཆུང་རིམ་བཞིན།
ཉི་འོད་གང་དེའི་ཁ་དོག་གི་གྲངས་ཀ་མིད་ཀྱིན།
ཁྭ་ཏ་གང་གི་གཤོག་འགྱུར་ལ་མིག་ཟུང་གླན་ཏེ།
རྨི་ལམ་གང་དེའི་བྲང་གཞུང་དུ་རྩྭ་ཐང་གང་གི་བྲིས་གཟུགས་ཀྱིས་འཚོ།
ཡིག་ནོར་གྱིས་ཟོས་པའི་རྣམ་ཤེས་ཚོགས་ལ།
དབྱངས་གསལ་གྱི་དབྱང་རླུང་དམ་བུ་གང་གི་མཆོད་པ་བཤམས་ཏེ།
གཤག་བཅོས་ཐེངས་ཤིག་གི་དུས་ཚོད་ཀྱི་ས་བོན་ས་ཆེན་གང་གི་སྒོ་ཞིང་དུ་སྨིན།
ཨ་རག་གི་ཁ་ན་འཁོར་བའི་སྤྱི་གཙུག་གི་མགུལ་རྒྱན་བརྗིད་པོ།
ཚེ་སྲོག་ཅིག་གི་མིད་པ་རུ་ཆུ་མོ་བཞིན་འཁྱིལ་ཚེ། ཅི་ཞིག་ལ་འཁྱུད་པའི།
ཁྱོད་ཀྱི་རུས་རྐང་གི་ན་ཟུག་ཉག་ཅིག་གི་ང་རྒྱལ་གྱི་ཁ་བ་དཀར་པོ།
གྲང་ཤུར་ཤུར་གྱིས་དྲན་པ་ཞིག་གི་སེམས་སུ་ལྗིད་ལྗིད་ཀྱིས་ལྷུང་།
ཁྱོད་ཀྱི་དུ་རྐང་དང་། ཁྱོད་ཀྱི་རྐང་རྗེས། ཁྱོད་ཀྱི་ཨ་རག
ད་ལྟའི་ངའི་ཁང་མིག་འདིར་ཤུགས་ཀྱིས་འཁོར།
འབུ་སྡོམ་ཞིག་གི་དྲ་རྒྱའང་ངའི་ཕུང་བོ་དང་སྦྲེལ།
དོན་ལྔ་སྣོད་དྲུག་གི་ཁ་སྒོ་ཐམས་ཅད་རྦད་ཀྱིས་བཅད་པ་ནས།
རང་འབབ་ཆུ་ཕྲན་གྱི་ལྟོ་བ་ཆེན་པོ། ད་ལྟའི་དྲན་སེམས་ཀྱི་ཟབ་སར་བསྐུངས།
ལྗང་མྱུག་ཅིག་གི་རྩེ་མོའང་དྲན་པ་ཞིག་གི་དཀྱིལ་གཞུང་དུ་ཤུགས་ཀྱིས་འགུལ་གྱིན་འདུག
 

             2013/2/13ཉིན་སྨྱོན་པས་ལྷོ་རོང་ཡུལ་དུ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།