གཡང་འབུམ་ཚེ་རིང་གིས་སྦྱར་བའི་ལྷུག་རྩོམ་དང་སྙན་ངག་ཚན་པ།
ཕ་ཡུལ་གྱི་འགྱུར་ལྡོག
གཡང་འབུམ་ཚེ་རིང་།
སེ་ཆེན་རྫི་རིའི་པང་དུ་ཆགས་ཤིང་། གཟིགས་ཆེན་རྫ་རིའི་མཐུ་འོག་ན་མཛེས་པའི་སྤང་ལྗོངས་གཡང་གི་ར་བ། འགྲོ་བའི་སྣང་ངོར་དཔལ་དུ་འགྲན་ཞིང་མདོ་རིག་རྟ་ཕོའི་འཚེར་སྐད་དང་གནག་ཕྱུགས་ནོར་གྱི་ངུར་སྒྲ་དང་འགྲོག་པའི་ཕ་ཡུལ་གསེར་གཞུང་རིང་མོ་ཡང་ད་ལྟ་གྲང་རེག་བཙན་པོའི་མདའ་ཁ་ལས་ཐར་དེ་སྣ་བརྒྱའི་མེ་ཏོག་སྙིམ་པ་རུ་བསྣམས་པ་དཔྱིད་དཔལ་བུ་མོའི་འཛུམ་ཞལ་མཐོང་མ་ཐག དགའ་བའི་སྤྱན་ཆུ་འདོར་ཞིང་དགོད་པའི་མེ་ཏོག་གཏོར་ནས་ཡངས་པོའི་སྤང་ཐང་ཆེན་མོ་ལས་སྔར་མེད་ཀྱི་གསོན་ཤུགས་ཤིག་ཀྱང་སྦྱིན་པ་ཨེ་མ་ཧོ།
ང་རང་སྒོར་བུད་ནས་ལྟ་དུས་གསེར་མདོག་གི་དྲོད་འཇམ་ཉི་མར་མཛུམ་མདང་གི་འདབ་བརྒྱ་ལྷུག་པོར་གྲོལ་ཅིང་ཞལ་གྱི་གོར་མོའི་སྤྱན་འོད་ཀེམ་ཀེམ་གཡོ་ཞོར་ནོར་འཛིན་དགའ་མའི་སྣང་བར་འཛུལ་ལེ་སྙམ་པ་ཞིག་དང་འགྲོ་དྲུག་སེམས་ཀྱི་ཁུ་ལོར་འཕུར་རྩལ་གཤོག་པའི་འཁོར་ལོ་སྤྲོད་ཀྱིན་སྤོབས་པའི་དབྱངས་ཀྱི་རྟ་ཕོ་བགོ་ཞིང་སྤྲོ་བའི་མདངས་ཀྱི་མཛའ་གཞས་རྫ་ཆུ་བསིལ་མའི་འགྲོས་དང་བསྟུན་ནས་ལུས་ཕྲའི་ཅོ་ཀའི་དྲུག་འགྱུར་དང་ཡང་ལྡོང་ལ་བསམ་མི་ཆད། སྟོད་ཀྱི་གངས་རིའི་སྡེ་ནས་རི་དྭགས་མང་པོའི་ཞབས་སེན་འགོད་པར་མཛད་ཅིང་མང་པོ་ཞིག་དུང་གི་རྨུ་ཐག་ལ་འཇུས་ཏེ་བྱང་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་ཕེབས་ལ་ལྟོས་དང་།འདིས་འགྲོ་བའི་སྣང་ངོར་སྤྲོ་བ་འབུམ་གྱིས་མྱོས་པའི་དགའ་བདེ་སྣང་མེད་སྦྱིན་ཞིང་བག་མེད་གཏོར་བ་དང་ཡག་དག་མཚུངས་ལ། བར་གྱི་སྤང་ལྗོངས་སྟེང་ན་དཀར་ནག་ཕྱུགས་ཟོག་ཁྱུ་རྣམས་འདུ་འབྲེལ་ཁོམ་ལོང་མེད་པར་འཁྲ་རྩལ་གར་གྱི་ཆ་ལ་གཡང་གི་བདེ་བ་རྩོད་ཅིང་། སྨད་ཕྱོགས་གསོམ་པའི་ཚལ་ན་སྟག་གཟིག་རི་དྭགས་རྒྱུ་ལ་སྣ་ཚོགས་འབྲུ་ཡིས་བཀང་ནས་ལྷོ་ཕྱོགས་མོན་པའི་ཡུལ་གྱི་སྐྱེད་མོས་ཚལ་ལ་ཟླ་བོར་འཁུམས་པར་བྱེད། རང་ཡུལ་སྐྱིད་པོའི་སྡེ་ན་རྒན་པ་དགེ་ལ་བྲེལ་ཅིང་དར་མ་རྣམས་ལས་སུ་འཇུག་ལ། གཞོན་པ་ཚོས་དགུན་ཁའི་སྐྱིད་སྡུག་གི་དབྱེ་བ་ལབ་ཏུ་བརྡོལ་ཞིང་། བྱིས་པ་དག་རིག་པའི་འཕྲུལ་གྱི་ལྡེ་མིག་འཚོལ་བར་ཆས་བཞིན་འདུག་པས། འདི་ནི་ཁོམ་ལོང་གི་སྙིམ་པ་སྟོང་བར་མ་ལུས་པ་དབྱར་གྱི་ལང་ཚོའི་དཔལ་ཡོན་རྒྱས་སའི་གནས་མཆོག་ཞིག་ཏུའང་ངོས་བཟུང་ཆོག་ཆོག་རེད་སྙམ་པའི་ཚོར་བ་ཞིག་དབང་མེད་དུ་སྐྱེས་བ་མཐོ་རིས་ཡུལ་སྙེམས།
ཡིད་སེམས་སྤྲོ་བས་མྱོས་ཤིང་ལུས་སེམས་དགའ་བདེས་ཁྱབ་པའི་དུས་དེར། ཨ་ཕས་ང་དང་རྒྱང་རིང་བའི་ས་ནས་འཕྲུལ་རྟ་ཞིག་ཞོན་ཏེ་སྦྲང་མ་ཟེའུ་འབྲུར་སྤྲོ་བ་ཇི་བཞིན་ག་ལེར་ཐོན་བྱུང་། ཁོས་བཤད་རྒྱུར་ཁྱོད་ལ་སློབ་བསྡུའི་བརྡ་སྦྱོར་འབྱོར་ཡོད་པས་ད་ལྟ་མྱུར་བ་མྱུར་དུ་གྲ་སྒྲིག་བྱོས་དང་རྫོང་མི་རིགས་སློབ་འབྲིང་གཉིས་པར་སློབ་གྲྭར་འགྲོ་དགོས་ཟེར། ངས་གྲ་སྒྲིག་བྱས་རྗེས་འཕྲུལ་རྟ་ཞོན་ཏེ་རྫོང་ཐོག་ལ་ཆས་པ་ཡིན།
ཨ་ཁ་ཁ། ཇི་འདྲའི་མཛེས་ཤིང་མཛེས་ལ་ཡིད་དུ་འོང་། གནས་འདི་རུ་ཁང་བ་དང་ཁང་བ་བརྩེགས་ཤིང་ཁང་བརྩེགས་དང་ཁང་བརྩེགས་སྒྲིག་ནས་རིའི་རྒྱལ་བོ་རི་རབ་འདེགས་པའི་ཀ་བ་གནས་འདི་རུ་བསླངས་བ་དང་ཀུན་ནས་མཚུངས། ཞིབ་ལྟ་ཐེངས་དང་པོ་བྱེད་དུས་ཁང་བའི་ཁ་ཏོག་མི་འདྲ་ལ། ཁང་བརྩེགས་ཀྱི་མཐོ་དམའ་ཡང་མི་སྙོམས་པར་མ་ཟད། མཐོན་པོ་དང་དམའ་མོ། ཟུར་གསུམ་དང་གླེང་བཞི། འདུ་ཁང་དབྱིབས་ལ་སོགས་པ་སྣ་ཚོགས་པར་མཆིས་པས་ལྷའི་དབང་བོའི་ཐང་བཟང་་ནི་འདི་མིན་ནམ་གང་ཡིན་སྙམ་པའི་ཚོར་བ་ཞིག་གིས་བློ་རྒྱུ་མའི་མཚམས་དང་ཡ་ཆུང་ཁོག་པའི་སྟོད་ན་ཟུག་རེག་སློང་གིན་འདུག ཞིབ་བལྟ་ཐེངས་གཉིས་པ་བྱེད་དུས་རླངས་འཁོར་ཆེ་མ་ཆུང་གསུམ་གྱིས་མུ་མིན་གྱི་ཕྲེང་བར་བརྒྱུས་ཤིང་འདུས་བགྲོད་ཀྱི་ལས་ལ་ཁོམ་ལོང་གི་དལ་བ་མེད་པར་ལྟོས་ལྟོས་ལྟོས་སོགས་ཀྱི་སྒྲ་སྣ་ཚོགས་ཀྱིས་རྣ་བ་ཡང་འགད་ལ་ཁད་ཅིག་བྱས།
ས་རུབ་དུས་དཀར་སེར་ལྗང་དམར་གྱི་གློག་སྒྲོན་སྣ་ཚོགས་ཀྱིས་ཀུན་ནས་བརྒྱན་ཞིང་རྨང་ནས་སྤུད་པས་ཉ་གང་ཟླ་བའི་ལྟེ་བ་རུ་འཛུལ་བ་ལྟ་བུའི་ཉམས་སྣང་ཤིག་དབང་མེད་དུ་སྐྱེས་པ་མ་ཟད། ད་དུང་བྱང་ཤམ་བྷ་ལའི་ཚལ་དུ་དངོས་སུ་སླེབས་པ་དང་ཡང་གཉིས་མ་མཆིས་པས་ན། ཁོ་བོ་ཡང་ཧ་ལས་ཤིང་ཧངས་སངས་ནས་གནས་དེ་རུ་ཡུད་ཙམ་ཞིག་ལུས་ཏེ་མིག་ཅེར་ནས་མི་འདུག་ཀ་མེད་དུ་གྱུར།།
ཨེ་སུན་ཐལ།
འཇིག་རྟེན་འཁོར་བ་སྐྱིད་རུང་རང་གཅིག་པུ།།
མ་ཡུམ་སློབ་གྲྭར་འགྲོ་དུས་རང་གཅིག་པུ།།
འགྲོ་འདུག་གང་སར་བྱུང་ཡང་རང་གཅིག་པུ།།
རང་ཉིད་གཅིག་པུ་ཡིན་དུས་ཨེ་སུན་ཐལ།།
ཆང་འཐུང་བཟི་བོའི་ཉོག་གཏམ་ཨ་ལ་ལ།།
ཁྲོམ་གྱི་ཁྱིམ་ཞགས་དྲི་ངན་ཐི་ལི་ལི།།
ཕོ་མོའི་བརྩེ་བ་མི་རྟག་ཨ་ཁ་ཁ།།
འཇིག་རྟེན་འཁོར་བའི་སྡེ་ནས་ཨེ་སུན་ཐལ།།
དགུན་གྱི་གྲང་ངར་བུ་ཡུག་ཨ་ཤ་ཤ།།
དཔྱིད་ཀྱི་རླུང་ནག་འཚུབ་མ་འུ་རུ་རུ།།
དབྱར་གྱི་ཉི་མས་གདུང་ན་ཨ་ཚ་ཚ།།
དུས་ཚོད་འདི་ལྟའི་ཁྲོད་ནས་ཨེ་སུན་ཐལ།།
མི་ངན་ཁ་ཡི་གཏམ་ངན་ཨ་ཁ་ཁ།།
མི་རིགས་མཐུན་སྒྲིལ་གཏོར་བ་ཐོ་ལོ་ལོ།།
མི་གཤིས་རྒྱུ་སྤུས་མེད་པ་ཨེ་མ་ཧོ།།
མི་ངན་འདི་དག་ཁྲོད་ནས་ཨེ་སུན་ཐལ།།
དོན་སྙིང་ལྡན་པའི་མིི་ཚེ།
དྲང་བདེན་བསུ། ལས་འབྲས་བརྩི། མི་སེམས་དགེ་བས་ཕྱུག ངེས་ཤེས་དཔལ་དུ་བསྐྲུན། ང་ཚོ་ནི་རྒྱ་མཚོའི་ནང་ནས་ཁབ་རྙེད་པ་ལྟར་མི་ལུས་རིན་པོ་ཆེ་ཐོབ་པའི་བོད་མི་ཞིག་གི་ཆས་སུ་ཞུགས་མཁན་ཏག་ཏག་ཡིན་པའི་ཆ་ནས་འདི་ཕྱིའི་སྐྱེ་བར་བསམ་བློ་རེ་གཏོང་ཞོར་དང་མི་ལུས་ཐོབ་པར་དགའ་བ་རེ་སྐྱེས་ཞོར་མི་ཚེའི་བགྲོད་ལམ་ཡང་དག་ཅིག་གདམས་ཀ་བྱེད་རྒྱུ་ནི་མི་ཚེ་དོན་སྙིང་ལྡན་པར་བརྩོན་པའི་རྩ་བ་ཡིན་ལ་འབྲས་རྣམ་ཡང་དག་པར་སྨིན་པའི་ས་བོན་ཡང་ཡིན་པས། ད་ལྟའི་ལུས་འདི་ཅི་ཡིན་པ། སྐྱེ་བ་སྔ་མའི་ལུས་ལ་དྲིས། སྐྱེ་བ་ཕྱི་མར་ཅི་བྱ་བ། ད་ལྟའི་དུས་ཀྱི་ལས་ལ་ལྟོས།ཞེས་པ་བཞིན་སྐྱེ་བ་སྔ་ཕྱིའི་ལས་འབྲས་ལ་བསམ་བློ་རེ་གཏོང་ཞོར། དྲང་བདེན། ལུགས་མཐུན། ཞི་སེམས། འཛུམ་མདངས་ཀྱིས་བདག་འཛིན་དང་གཡོ་སྒྱུ་ཁྲེལ་གསུམ་གྱི་ལས་ལ་ཉེས་པ་ཅི་ལྡན་ཤེས་པར་བྱས་ཏེ་འདི་ཕྱིའི་ལུས་ཀྱི་འབྲས་ལ་དཔལ་ཀྱི་གཟི་འོད་འབར་བར་བརྩོན་ན་རང་གི་མ་འོངས་པའི་སྤྲོ་སྐྱིད་དང་ལ་རྒྱའི་དོན་སྙིང་ཡང་ཡིན་པས། དཔེར་ན། གཟན་ཤམ་ལུས་ལ་གྱོན་ཞིང་ཀོ་དམ་བསྟན་པའི་དམ་ཆོས་བརྩེ་ཆས་སུ་འདྲུད་ལ། ཟིང་ཟིང་རྒྱ་གཞུང་ཁྲོམ་ར་ལྷག་མེད་འགྲིམ་པའི་བསྟན་དགྲ་ལྟ་བུ་དང་སྒོར་མོ་སྲོག་ལ་བརྗེ་བའི་གཉན་པོ་ལྟ་བུ། ཁ་ཡག་ཁོག་རྩུབ་ཀྱི་ངོ་དགའ་ཡིས་ཡུལ་མི་གཉེན་བཤེས་རྦབ་རྡོར་འདྲུད་མཁན་ལྟ་བུ། རྩ་བའི་བླ་མར་ཚུལ་ཆས་ཀྱི་དད་པས(གཡོ་སྒྱུས་བླ་མའི་སྒོར་མོ་བསླུ་བ་སོགས)དམའ་སར་འབེབས་པའི་གཡོ་སེམས་ངན་པོ་ལྟ་བུ་སོགས་ནི་དགེ་བའི་ལས་ལ་སྡིགས་པའི་དུག་གིས་སྦགས་པས་མི་ཚེ་དོན་འཁྱོལ་བ་ཞིག་བྱ་རྒྱུར་ཤུགས་རྐྱེན་ངན་པའི་གོ་ཆ་བཀླུབས་པའི་ཕྱིར་ན་དེ་དག་སྤངས་དེ་མདུན་ལ་ཧུར་ཀྱིས་བསྐྱོད་པར་བྱའོ།།
རང་ཅག་བོད་མིའི་ཁ་དཔེར་མི་སེམས་དྭགས་དགོས། མི་ལག་གཙང་དགོས། ཞེས་པ་ལྟར་ལུས་སེམས་ཀྱི་མི་དགེ་བའི་ལས་ལ་མི་འཇུག་པར་འདི་ཕྱིའི་མི་ཚེ་ཀུན་གྱིས་ལད་ཡུལ་དུ་བྱ་བར་ལྷུར་ལེན་བྱེད་པ་ལས་གཞན་གྱི་ངག་སྒྲོས་ཐན་ཐུན་ཙམ་གྱི་རྩེ་ན་ལྷབ་ལྷུབ་བསྐྱོད་བཞིན་པའི་དར་ལྕོག་ལྟ་བུ་མི་བྱེད་པར་རང་གིས་རང་ལ་བདེན་པའི་ལམ་ཞིག་འཚོལ་ན་ནམ་ཞིག་རྒྱལ་ཁའི་ཡལ་འདབ་རང་ཐོག་ནས་ལྷུག་པོར་རྒྱས་སྲིད། རང་གི་མགོན་ནི་རང་ཡིན་ཞིང་།། རང་གི་སྐྱབས་ནི་རང་ཉིད་ཡིན།།ཞེས་པ་དམིགས་ཀྱིས་བཟུང་ནས་རང་གི་མདུན་ལམ་ལ་འོད་ལྟོང་ལྡན་པའི་དཔལ་ཡོན་བསྐྲུན་རྒྱུ་ནི་རྩ་བའི་བླངས་བྱ་དང་མི་ཚེ་དོན་སྙིང་ལྡན་པར་བྱེད་པའི་དགོས་པའི་ཚུལ་ལའོ།།
དྲང་བདེན་བསུ། ལས་འབྲས་བརྩི། མི་སེམས་དགེ་བས་ཕྱུག ངེས་ཤེས་དཔལ་དུ་བསྐྲུན། ང་ཚོས་སྙིང་རྗེའི་བདག་པོ་དང་རྒྱུ་འབྲས་གཙོས་སུ་འཛིན་པའི་བོད་པ་ཞིག་གི་ལུས་རྙེད་པར་དགའ་བའི་འཛུམ་དང་དགོད་པའི་མདངས་དང་བཅས་འཇིག་རྟེན་འདིར་མི་ལུས་ཐོབ་་པའི་དུས་དེ་ནས་བཟུང་གནས་ལུགས་དང་མཐུན་པར་མ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་བ་དང་། མ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་འགྱུར་བ་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་བསམ་པའི་མེ་ལོང་ངོས་ཀྱི་འདུ་ཤེས་མཆོག་གྱུར་ཏུ་བཟུང་ནས། ཕ་རོལ་བའི་བྱ་སྤྱོད་གང་ཡིན་ལ་སྡང་མིག་མི་བགྲད་ཅིང་བདག་འཛིན་གྱི་སེམས་སྙིགས་མ་ཐག་རིང་ལ་ཡལ་བར་དོར་ནས་རང་ལས་གཞན་གཅེས་ཀྱི་འདུ་ཤེས་དང་ལྡན་ན་ད་གཟོད་མི་ཚེའི་ཅི་བྱའི་དོན་ལ་འབྲས་བུ་ལེགས་པོ་སྨིན་པ་དང་། རང་ཉིད་ཀྱི་བསམ་དོན་ལ་ཡང་དོན་སྙིང་མི་དམན་པ་ཞིག་ཐོན་ཡོད་པ་འདྲ་འོ།།
སྐུ་ཞབས་རང་གྲོལ་ལགས་ནས་ཕ་མེས་སྤྲད་པའི་མགོ་བོ་ཐོན་པོ་དེ་གཞན་གྱི་རྐང་འོག་ཏུ་མི་འཇོག་པ་དང་། རང་རེའི་ཁ་བ་ཅན་གྱི་ལ་རྒྱའི་དཔུང་བ་དེ་གཞན་གྱི་མགོ་ཐོག་ཏུ་བསྒྲེངས་ནུས་ན་མི་རིགས་ཀྱི་ལ་རྒྱ་དང་རང་ཉིད་ཀྱི་གཟི་བརྗིད་ཀྱང་རེད་ཅེས་གསུངས་ཡོད་ལ། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་མི་རིགས་ཤིག་ཉམས་དམས་སུ་གཏོང་དགོས་ན་ཐོག་མར་མི་རིགས་དེའི་སྐད་དང་ཡི་གེ་རྩ་མེད་དུ་གཏོང་དགོས་ཞེས་དང་། བློ་མཐུན་སི་ཏ་ལིན་མཆོག་གིས་ཀྱང་མི་རིགས་ཤིག་སྔོན་ཐོན་མི་རིགས་ཀྱི་གྲས་སུ་ཚུད་དགོས་ན་ཐོག་མར་མི་རིགས་དེའི་སྐད་དང་ཡི་གེ་གཙོ་བོར་འཛིན་དགོས།ཞེས་སོགས་མང་བས། མི་རིགས་ཤིག་ལ་ཞབས་ཞུ་བསྒྲུབ་ནའང་མི་རང་ཉིད་ཀྱི་མི་ཚེ་དོན་སྙིང་ལྡན་པ་ཞིག་བྱེད་རྒྱུ་ནི་བཤད་མ་དགོས་པ་ཞིག་རེད་ལ། རྒན་བཀྲ་བྷོ་ལགས་ཀྱིས་ཀྱང་བྱ་བ་ཆུང་ངུ་ནས་འགོ་རྩོམ། མི་རང་ཉིད་ནས་འགོ་རྩོམ། དུས་ད་ལྟ་ནས་འགོ་རྩོམ།ཞེས་གསུང་ཡོད་པས་རང་གིས་རང་གི་ལས་བྱ་ཙག་ཙིག་རེ་འགྲུབ་པར་བྱས་ན་ད་གཟོད་རང་སེམས་ནས་བསྒྲུབ་འདོད་པའི་ལས་ཀ་གང་རུང་དེ་ཞོར་གྱིས་འགྲུབ་ཡོད་ལ། ང་ཚོས་ཕ་མེས་ཡང་མེས་ཀྱི་བླ་བཙོངས་བའི་དོན་མཐུན་འགའ་རེ་མི་བྱེད་པར་མི་རིགས་འདི་ལ་ཕན་རེ་གཉིས་ཙམ་འདོགས་ནུས་ནའང་སྔར་ཡོད་ཀྱི་སྲོལ་བཟང་ལ་ཞེན་པ་མི་སྐྱེས་བར་ཉམས་པར་རྒྱུན་འཛིན་དང་མ་འོངས་པའི་ལམ་སྣེར་ལག་ཟུང་རིང་བར་བསྲིངས་ཏེ་ཡོད་ཚད་རྙིང་ཞེན། རྨོངས་དད། རྗེས་ལུས། བག་འཁུམས་སུ་མི་འཛིན་པར་ནུས་ཤུགས་ཡོད་རྒུས་རང་ནུས་ཅི་ལྕོགས་བཏོན་ན་དགེ་མོད། འོན་ཀྱང་མི་རིགས་མི་རིགས་སུ་མི་བརྩི་ཞིང་། ལ་རྒྱ་ལ་རྒྱ་རུ་མི་འཛིན་ལ། ཕ་སྐད་ཕ་སྐད་དུ་མི་རྟོགས་པར་རང་ཉིད་རང་ཉིད་དུ་ངེས་ཤེས་མ་རྙེད་དེ། ཡོད་ཚད་ཡོད་ཚད་ཀྱི་རྗེས་ལུས་སུ་འདོད་ན་མི་ལུས་རིན་ཆེན་འདི་ཐོབ་ཀྱང་དོན་མེད་དུ་ཟད་པས། མི་ཚེ་དོན་སྙིང་ལྡན་པ་ཞིག་ཏུ་འང་འཁྱོངས་དཀའ་བར་འགྱུར། དེའི་ཕྱིར། མི་རིགས་ཤིག་གནས་མིན་དེ་མི་སྒེར་ལ་རག་ལས་ཤིང་། མི་སྒེར་ལེགས་པོ་ཞིག་འཁྱོངས་མིན་དེ་རང་སྟེང་ན་ཤ་ཁྲག་བཞིན་རྒྱུ་བའི་སྐད་དང་ཡི་གེར་འབྲེལ་ཡོད། མ་ཟད་སྐད་དང་ཡི་གེ་སྦྱོང་མིན་དེ་རང་སེམས་ལ་རག་ལས་པས། མི་ལུས་ནི་སེམས་ཀྱི་གླ་བ་ཡིན་རྐྱེན་ཐོག་མར་རང་སེམས་འདུལ་རྒྱུ་གཙོ་རུ་འཛིན་པར་བྱའོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com