རྩྭ་ཐང་གི་རྨི་ལམ།
ཁོའི་མིག་ཟུང་རི་མོའི་གཟུགས་བཞིན་དུ་གྱུར་ཏེ་དེའི་ཕྱོགས་སུ་ཅེར་ནས་སྡོད་སྐབས་ཁྱུང་སྐྱིད་མཚོས་ཚོར་སྟེ་ཁོང་དགོད་བྱེད་བཞིན་ཡོད། སྐལ་ལྡན་གྱིས་ཀྱང་བདེ་ལེགས་ཧད་ནས་འདུག་པ་ལ་བསམ་གཟས་ནས“བློས་མི་ཐོངས་སམ”
“……”
ཡང་བསྐྱར་“བློས་མི་ཐོངས་སམ”
“……”
སྐལ་ལྡན་གྱིས་བདེ་ལེགས་ཀྱི་ཕྲག་པར་ལག་པས་རྡེབ་ཙམ་བྱས་པ་ན་བདེ་ལེགས་གཞི་ནས་ལྷབ་སེར་གྱུར་བ་དང་རྣ་རྒྱབ་ཏུ་“བློས་མི་ཐོངས་སམ”་ཞེས་སྐད་ཆ་དེ་བསྟུད་མར་གྲགས་འོང་བས་ཁོའི་ངོ་མདངས་དེ་མུར་དམར་པོ་དམར་རྐྱང་ཞིག་གྱུར་སོང་། ཚུལ་དེས་ལྷག་པར་དུ་སྐལ་ལྡན་དང་ཁྱུང་སྐྱིད་མཚོ་གཉིས་སྔར་བཞིན་བགད་ནས་ཁ་མི་ཟུམ་པར་གྱུར་ཅིང་། སྒྲོལ་མ་སྐྱབས་ཀྱིས་ཅི་ཡིན་མ་ཤེས་མོད་ལྷུག་ལྷུག་ཏུ་བགད་བྱུང་བས། བདེ་ལེགས་ལའང་རང་དབང་མེད་པར་དགོད་ཁ་ཤོར་སོང་། ཁྱུང་སྐྱིད་མཚོ་བགད་ནས་མིག་ཆུ་ཐོན་བྱུང་། ད་ལྟ་ཁོ་མོས་ལག་པས་མིག་ཆུ་འབྱིད་བཞིན་ཡོད་པས། ཁ་ནང་གི་སེར་ཐིག་ལྷུང་ཡོད་པའི་མདུན་སོ་ཡང་གསལ་བོར་མཐོང་འོང་། རྩྭ་ཐང་གི་དགོད་སྒྲ་དེ་ཅི་འདྲའི་སྙན་མོ་ཞིག་རེད་ཨང་།
“……”
“བདེ་ལེགས ངེད་ཚང་གི་ནོར་འགའ་ནགས་ཕྱུགས་ལུང་བར་ཤོར་ཐལ། ང་འགྲོ་རྒྱུ་ཡིན། ”ཁྱུང་སྐྱིད་མཚོས་ཐོག་ཐུ་སྤྲུག་ཙམ་སྤྲུག་ཙམ་བྱས་རྗེས་འུར་ཆ་ཁྱེར་ནས་བུད་སོང་།
“ཨེ། རེམ་མ་སོང”བདེ་ལེགས་གཉིད་ལས་སད་པ་ལྟར་མིག་གིས་ནོར་དེ་དག་གི་ཕྱོགས་སུ་ལྟ་ཞོར་དེ་ལྟར་ཟེར།
“འོ་ཡ།”
སྐབས་དེར་ཀི་སྒྲ་རིང་མོ་ཞིག་ནགས་ཕྱུག་ལུང་བའི་མདོ་ཁ་ནས་ལུང་ཆུང་རེ་རེའི་བྲག་ཅར་འཁོར་ཏེ་བསྟུད་མར་གྲགས་ཡོང་།
“ཁྱི་སྡེ་གན……”སྐལ་ལྡན་གྱིས་ངར་ངར་རྫིག་རྫིག་གིས་གདོང་ལ་ཁྲོ་མདུད་ཅིག་བརྒྱབ་བྱུང་།
ཁྱུང་སྐྱིད་མཚོས་རྫུབས་མཐུག་པའི་ནགས་གསེང་གི་ཁེར་ལམ་བརྒྱུད་ནས་ད་ནི་ཕལ་ཆེར་ནོར་དེ་དག་གི་རྗེས་ཆོད་ལ་ཉེ། སྐལ་ལྡན་ཚང་གི་ནོར་འགའ་ཡང་ཉག་ཁ་དེ་ནས་གཤར་བཞིན་འདུག
“ང་ཡང་འགྲོ”སྐལ་ལྡན་གྱིས་མིག་ཁར་ལྷུང་ཡོད་པའི་སྐྲ་དེ་དག་མཛུབ་མོ་ལྔ་བོས་ལྟག་པར་ཤད་ཙམ་བྱས་རྗེས་ཁྱུང་སྐྱིད་མཚོའི་རྗེས་སུ་བལྟས་ནས་བསྡད།
“ཕལ་ཆེར་འགྲོ་མི་དགོས་པ་འདྲ། གལ་ཏེ་འགྲོ་དགོས་ཚེ་ངས་ཀྱང་ཁྱོད་ལ་འགྲོ་རོགས་བྱེད། ”བདེ་ལེགས་ཡར་ལངས་ཞོར་རི་རྐེད་ཀྱི་ལུག་ཁྱུ་ལ་ལྟ་ཙམ་བྱས་རྗེས་ཕ་གའི་ཉག་ཁ་དེར་བལྟས་ནས་དེ་ལྟར་ཟེར།
སྒྲོལ་མ་སྐྱབས་ཀྱིས་ནགས་གསེང་ནས་བཏུས་ཡོང་བའི་སྐྱུ་རུ་ལེབ་མོ་བལྡད་མགོ་བརྩམས། སྣ་ཁུང་ལས་བཞུར་འོང་པའི་སྣབས་དེས་སུ་ཞིག་ལ་འཁང་ར་བྱེད་པ་བཞིན་ལན་རེར་སྣ་མདོར་མངོན་ཡོང་། ཁོས་སུན་སྣང་དང་བཅས་ཁུང་འཇིབ་ལན་འགར་བྱས་པ་ན། སེར་ལ་ཕྲ་བའི་སྣབས་དེ་ཡང་འཕྲལ་མ་ཉིད་དུ་མི་མཐོང་བར་གྱུར་ཀྱང་། སྣབས་ལུག་ཤུལ་དེ་ད་དུང་གསལ་བོར་མཐོང་ཐུབ།
“……”
ཁྱུང་སྐྱིད་མཚོས་ནོར་དེ་དག་སྡོང་རྒན་ལུང་བའི་ཉག་ཁ་ནས་ལྕུམ་སྐྱེས་ལུང་བའི་ནང་དུ་ཕབ་རྗེས་གདོང་ཀ་དེ་ན་སྙིང་ཉེ་གང་ཞིག་་ལ་སྒུག་པ་ནང་བཞིན་ཙོག་པུར་བསྡད་འདུག
སྐབས་དེར་བདེ་ལེགས་དང་སྐལ་ལྡན། སྒྲོལ་མ་སྐྱབས་གསུམ་པོས་ཀྱང་ཁ་བརྡ་ཅི་ཞིག་བྱེད་བཞིན་ལབ་ཙེའི་ཐོང་འོག་བརྒྱུད་ནས་ལྕུམ་སྐྱེས་ལུང་བའི་གདོང་ཁ་བསྙེག་ནས་ཡོང་བཞིན་གདའ།
དེ་ལྟར་དུས་ཚོད་ནི་མཁའ་ལམ་གཤགས་པའི་སྐར་མདའ་ཞིག་གི་བགྲོད་སྟངས་དང་མཚུངས་པར་དམར་ཞིང་སྒོར་བའི་ཉི་འོད་ལ་ཞེན་ཆགས་གང་ཡང་མེད་པར་ནུབ་ཕྱོགས་ཀྱི་རི་བོ་དེའི་ཕྲག་རྒྱབ་ལ་བསྙེས་ནས་མལ་དུ་གཟིམ་སོང་།
ས་སྲོད་དེར། སྤྲིན་དཀར་སྲབ་མོ་ཞིག་ཀྱང་སུ་ཞིག་གིས་མངགས་པའི་ཕོ་ཉ་ནང་བཞིན་རྒྱང་རིང་གི་ཨ་མྱེས་བྲག་དཀར་གྱི་དབུ་རྩེ་བརྒྱུད་ནས་ཨ་མ་སྨུག་རི་མ་དང་དགེའུ་ལྷ་མོ་སྤུན་གསུམ་གྱི་ཕྱོགས་སུ་བཞུད་ཙམ་བཞུད་ཙམ་བྱེད་ལ། ས་སྲོད་ཀྱི་གྲིབ་ཆེན་ནག་པོས་འཇིག་རྟེན་གྱི་ཁམས་འདི་དབུགས་འཐིམ་མེར་བཏང་བའི་སྐབས་དེར། ཕྱོགས་བཞི་མཚམས་བརྒྱད་ནས་སྤྲིན་ནག་ལང་ལོང་འཐིབ་པ་དང་། གློག་དམར་ཤིག་ཤིག་འཁྱུག་པར་བྱེད་ལ། འབྲུག་སྒྲ་ལྡིར་ལྡིར་མཆེད་པས། འདྲོགས་ཞད་ཆེ་བའི་འབྲི་གཡག་སོགས་རྡང་ཐོག་ནས་བཤངས་ཅི་ཐུབ་བྱེད། རིམ་བཞིན་སྨག་ཇེ་སྟུག་ཏུ་ཕྱིན་པས་ལུག་གི་འབའ་སྒྲ་ཡང་བར་མེད་དུ་སྒྲོག་བཞིན་ཕྱོགས་ཡར་མར་ལ་ཞོགས་པར་བྱེད། ཡུད་ཙམ་ཞིག་གི་རྗེས་སུ་དྲག་ཆར་ཟོ་བ་ལས་ཆུ་འཕོ་བ་ལྟ་བུར་ཤོ་ཤོ་རུ་བབས་པས་དེ་མ་ཉིད་དུ་ལུང་བ་རེ་རེ་ནས་ཤྭ་འོད་བརྡོལ་སྟེ། གྲོག་མོའི་ནང་དུ་ཆུ་ལོག་གིས་མེར་ནས་འུར་འུར་བྱང་བྱང་དུ་བཞུར་གྱིན་ཡོད་པ་རྣ་ལམ་དུ་བསྡུ་ཐུབ། སྦྲ་ལ་ཐིགས་ཆུ་བརྡོལ་བས་ཐབ་ཀའི་ཡར་སྒྱིད་དང་གོ་འདབས་ཚང་མ་ཡང་བརླན་པར་བྱས་སོང་།
ཕྱི་ཉིན་ནམ་གསལ་དུས། མགོ་ཐོག་གི་མཁའ་དབྱིངས་ནི་འཇིག་རྟེན་ཁམས་ཀྱི་བྱ་དངོས་ཡོད་དོ་ཅོག་གི་གཟུགས་བརྙན་ནང་དུ་ཤོང་བའམ་བསྡུ་བར་ནུས་པའི་གཡུ་ཡི་མེ་ལོང་ཆེན་པོ་ཞིག་ཐུར་དུ་དཔྱངས་ཡོད་པ་ལྟར་གཡའ་དག་ལ། མར་གཤམ་གྱི་ན་སྤང་དེ་ན་ན་ཆུ་ཀ་རེ་ཀོར་རེར་འཁྱིལ་ཡོད་པ་དེ་དག་ཀྱང་མཆོད་ཁྲིའི་སྟེང་ཏིང་ཕོར་གྱི་ནང་དུ་མཆོད་ཆུ་བཤམས་ཡོད་པ་དང་མཚུངས་བར་རི་མགོ་ནས་ཐུར་ཏུ་བལྟས་ཚེ་ཡིད་དུ་འོང་ཞིང་སྙིང་དུ་སྡུག་པ་ཞིག་རེད། ཡང་ན་དེ་ནི་མཐོ་སྒང་གི་བྲག་ཅ་ལ་འཁོར་བའི་སྲོལ་རྒྱུན་གྱི་གཏམ་རྒྱུད་དེ་ལ་ཞི་བདེའི་འབོད་སྐུལ་གཏོང་བ་དང་ཡང་མཚུངས་པར་སེམས།
ཉི་འོད་ཀྱིས་དྲོད་ཁོལ་གྱི་བྲང་ཁོག་ཡངས་པོར་ཕྱེ་ནས་འཇིག་རྟེན་གྱི་སྐྱེ་འགྲོ་ཐམས་ཅད་བྱམས་ཀྱིས་སྙོར་བར་སྟ་གོན་བགྱིད་བྱུང་། རྩྭ་ཐང་གི་རྣམ་པ་སྔར་བཞིན་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། ལྷག་པར་དུ་ནགས་རྫུབས་ཀྱི་ཡལ་ག་དང་རྩྭ་ཕྲན་གྱི་རྩེ་མོ་རེ་རེ་ན་འཁྲེང་ཞེན་གྱིས་འཛུམ་པའི་ཟིལ་བ་ཁྲོམ་མེ་བ་དེ་དག ཉི་འོད་ཀྱི་འོག་ཏུ་སྨྲ་མི་ཤེས་པའི་བཀྲག་མདངས་ཤིག་གིས་ཁེངས་འདུག འབུ་ཆ་ག་བ་དེ་དག་ཅག་ཅག་གི་མགྲིན་སྒྲ་དང་བསྡེབས་ནས་ལན་རེར་མེ་ཏོག་གི་སྟེང་དུ་འབབ་ལ། སྐབས་རེར་རྩྭ་ཕྲན་གྱི་གསེབ་ལ་འབབ་པར་བྱེད། ཡང་ན་མཚམས་རེར་སུ་རུའི་སྟེང་ལ་བབས་ནས་ཟིལ་ཐིགས་ཁྲ་མོ་དེ་དག་དལ་གྱིས་སྒུལ་ཙམ་སྒུལ་ཙམ་བྱས་པ་ན། དེ་དག་ཀྱང་བརྟེན་ཡུལ་མེད་པ་ལྟར་རྩྭ་གསེབ་ལ་དལ་གྱིས་འཐོར་འགྲོ་ལ། རྩྭ་གསེབ་ལ་ཡན་པའི་འབུ་དང་བུང་བ་རྣམས་ཀྱང་སྐད་ཅིག་ཉིད་ལ་དཀྲོག་སྟེ་ཟ་ཟིའི་གླུ་སྒྲ་ཡངས་པའི་རྩྭ་ཐང་ལ་ཁྱབ་འགྲོ།
དུས་ཚོད་ཀྱི་ཐག་སྒྲ་བསྟུད་མར་གྲགས་ཐེངས་ཤིག་གིས་ཕལ་ཆེར་ཉིན་གུང་ཡོལ་སོང་།
ནགས་རྒྱ་རྫོང་ལྷ་ཁང་ནང་གི །
བྱ་གསུང་སྙན་ཅན་པོར་ཤོད་ལ།།
ནགས་རྒྱ་རྫོང་ཁ་ཞེང་ཆེ་གི །
བྱ་འུ་གཉིས་ཐུག་རག་ཅིག་ལ།།
ངའི་ནགས་མགོ་ཉི་མས་མི་སྐམ།།
ངའི་ནགས་སིལ་གཞན་ལ་མི་གཏོར།།
ཁྱོད་གཡུ་བྱ་ཁུ་བྱུག་སྔོན་མོས།།
ནགས་ང་རང་ཡིད་ནས་མ་བརྗེད།།
སྡེ་གསེར་གཞུང་དར་ལུང་དཀྱིལ་གྱི།།
རོགས་ལྷ་སྐུ་འདྲ་བོར་ཤོད་ལ།།
སྡེ་ཆེན་པོ་ཁ་ཞེང་ཆེ་གི །
རོགས་འུ་གཉིས་ཐུག་རག་ཅིག་ལ།།
རོགས་ཁ་མཐུན་གཞན་ནས་མི་བཙལ།།
ཁ་ཚིག་གསུམ་གཞན་ལ་མི་བཤད།།
ཁྱོད་ཞེ་མཐུན་ཆུང་འདྲིས་ཞི་ལིས།།
མ་ང་རང་ཡིད་ནས་མ་བརྗེད།། གླུ་སྐད་དེ་ཅུང་ཐག་མི་རིང་བའི་ས་དེ་ནས་ལུང་ཆུང་རེ་རེའི་བྲག་ཅར་འཁོར་སྟེ་གྲགས་འོང་། ད་ནི་བྱང་ཤར་གྱི་ཚམས་སུ་སྤྲིན་པ་དཀར་པོ་ཞིག་དལ་གྱིས་རྒྱུ་བཞིན་འདུག སྐབས་དེར་འོལ་སེར་ཅིག་གིས་ཅི་ཞིག་འཚོལ་བ་ལྟར་བདེ་ལེགས་མགོ་ཐོག་ནས་ལྡིང་སྐོར་ལན་འགའ་བྱས་རྗེས་བཀྲ་ཤིས་ལུང་བའི་ཕྱོགས་སུ་འཕུར་སོང་། འོལ་སེར་དེ་དགུང་ལ་ཅི་ཙམ་བསྟད་ན་ས་ལ་འཕོས་པའི་གྲིབ་མ་ཡང་དེ་ཙམ་གྱིས་ཆུང་ལ། གྲིབ་མ་དེ་ཡང་ཐོག་མར་ལྕུམ་སྐྱེས་ལུང་བའི་གདོང་ཁ་ནས་ལྕུམ་སྐྱེས་ལུང་མཐིལ་དུ་འཕོས་པ་དང་། དེ་ནས་ལུང་རྒན་ལུང་བའི་གདོང་ཁར་འཕོས། རིམ་བཞིན་ལབ་ཙེའི་ཐོང་འོག་གི་ནགས་གསེབ་ལ་འཕོས་ཤིང་བརྒྱུད་ནས་རྩེ་འདུས་རིའི་ཕར་རྒྱབ་ཏུ་ཡལ་སོང་།
རེད་ལགས། དབྱར་ཁའི་མཛེས་སྡུག་ཅིག་མིག་ལམ་ནས་དེ་ལྟར་ཡལ་ན་ཡང་། འདས་སོང་གི་གཏམ་རྒྱུད་ཅིག་སེམས་ངོགས་སུ་འདི་ལྟར་འཁོར་ཡོང་སྟེ། ལོ་ཟླ་ནི་འདི་ལྟར་ཆུ་ཁར་གཡེང་བའི་སྟོན་ལོ་བཞིན་ག་ལེར་བཞུད་ན་ཡང་། ལོ་ཟླའི་དཀྱོགས་མཚམས་རེ་ནས་བྱུང་བའི་གཏམ་རྒྱུད་དག་མིག་གི་ལམ་དང་སེམས་པའི་གཏིང་ནས་བརྗེད་ཐབས་བྲལ་ཨང་། དེ་རིང་གི་ནམ་མཁའ་འདི་དང་དེ་རིང་གི་ས་གཞི་འདི་མི་རྣམས་ཀྱི་བློ་རྒྱ་ཡིན་ན་ཅི་མ་རུང་། སྒོས་སུ་འགལ་འདུ་དང་ཟིང་འཁྲུག་མོད་པའི་ལོ་རབས་འདིའི་ཞི་བདེའི་མཚོན་རྟགས་ཤིག་ཡིན་ན་ཅི་མ་རུང་། ས་གཞི་འདི་ང་ཚོ་མི་སྒེར་ཁོ་ན་ལ་དབང་བ་ཞིག་ཀྱང་མ་ཡིན་ཏེ། ཚང་མར་ཐུན་མོང་དུ་དབང་བའི་འཆམ་མཐུན་དང་ཞི་བདེའི་ཁྱིམ་གཞིས་ཤིག་མ་ཡིན་ནམ། གལ་ཏེ་འགལ་འདུ་འདི་འདྲ་ཞིག་མེད་ན། ནམ་མཁའ་འདི་སྔར་བཞིན་སྔོ་ཞིང་བསངས་ལ། ས་གཞི་འདི་སྔར་བཞིན་ཡངས་ཤིང་རྒྱ་ཆེ་ཨང་། འཚོ་བ་འདི་ཡང་…… དེ་ལྟར་སེམས་བཞིན་བརྩེ་དུང་གིས་ཕྱུག་པའི་གླུ་སྐད་སྙན་མོ་ཞིག་འདི་ལྟར་སྔོ་ཞིང་དྭངས་པའི་གནམ་འོག་འདི་ནས་རིམ་བཞིན་མཆེད་བྱུང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com