སང་ཉིན།
“ཁྱོད་ཆང་ཁང་གང་ནང་ན་ཡོད། ང་ཁྱོད་ལེན་དུ་ཡོང་།”ཕ་རོལ་པོ་ནས་དེ་ལྟར་ཟེར།
ཁོའི་གདོང་ལ་སུན་སྣང་གི་ཉམས་ཤིག་མངོན་བཞིན་ཁྲོག་སྒྲ་དང་བཅས་ཁ་པར་གྱི་ཁ་གཏན་སོང་། དེ་ནས་ང་ཚོས་མུ་མཐུད་དུ་དམ་བེ་རེ་རེའི་ཁ་གཅོད་བླངས་ནས་མུ་མཐུད་དུ་ཞབས་དག་བྱས།
དེ་ནས་ཡུན་རིང་མ་སོང་བར་ཁོས“ཧིན” ཅེས་སྣ་ཕུད་ཅིག་བཏང་ནས་ན་རེ“ང་ད་ལྟ་ཆེས་སྐྲག་ས་ནི་ཀླད་སྟོང་ཕྲག་ལ་འཁུར། ཅ་ནེ་རུམ་ལ་བཟུང་ཞེས་པའི་དཔེ་ལྟར་རིག་གནས་ཀྱིས་སྟོང་ན་མྱི་ཁ་འཁོར་ངེས་པའི་གཏམ་དེ་གདོད་ནས་མ་ཡིན་པར། ཆེས་འཇིགས་ས་ནི་བདུད་ཀྱི་མཚོན་ཆ་རྣོན་པོ་བཞིན་མི་གསོན་པོ་ཡིན་ཡང་དུར་དུ་འདེབས་པའི་བརྩེ་དུང་རེད……”
དེ་ལྟར་གཏམ་ཞིག་གི་གླེང་བསླང་ནས་ཁོའི་ཀྱག་ཀྱག་གི་ལས་དབང་ཞིག་གླེང་རྩིས་བྱེད་སྐབས། སྐྱེས་མ་ཞིག་གིས་ཆང་ཁང་གི་ནང་སྒོ་འབྱེད་ནས་ནང་དུ་ཐོན་བྱུང་།
“བསོད་ནམས། འགྲོ ” ཟེར་ནས་ཁོའི་ལག་མགོར་འཇུས་ཏེ་འཐེན་རྩིས་བྱེད་སྐབས། ཁོས་གསིག་འཐེན་ཞིག་བྱས་པའི་མུར། “ཁྱོད་ཀྱིས་མགོ་མི་ཆུད་སར་ལུས་མ་བཙང་ན་མི་ཆོག་གམ། ”དེ་ལྟར་ཟེར་ཞོར་ལག་པ་གཉིས་མདུན་ཅོག་གྲུ་བཞི་དེར་འཁེན་ནས་ཡར་ལངས་མོད། བཟི་དྲགས་པས་མདའ་ཡིས་བསྣུན་པའི་བྱ་རྒོད་བཞིན་ཕྱིར་འབོལ་ཁྲིའི་སྟེང་ལ་ལྷབས་སེར་ལོག་སོང་།
སྐྱེས་མ་དེ་ནི་མ་གཞི་སྔོན་ཏག་ཏག་དེར་ཁོ་ལ་ཁ་པར་གཏོང་མཁན་གྱི་བདེ་སྐྱིད་མཚོ་མོ་ཟེར་བ་དེ་ཡིན་འདུག སྐྱེས་གཟུགས་མདའ་སྨྱུག་ལྟར་དྲང་ཞིང་གདོང་མདོག་ཅུང་ཟད་སྨུག་པོ་ཞིག་རེད། ཁོ་མོའི་མགོ་སྐྲ་དེ་ལན་བུ་བྱས་ནས་བསླེས་མེད་པར་ལྟག་རྒྱབ་ཏུ་ཤད་ཡོད་ཅིང་། ཁོག་སྟོད་དུ་ནང་གོས་དཀར་པོ་ཞིག་གི་སྟེང་དུ་ནུབ་ལྭ་ཁ་དོག་ནག་པོ་ཅན་ཞིག་གྱོན་འདུག གློག་འོད་ཕོག་སྟངས་ཀྱིས་ཁོ་མོའི་ངོ་གདོང་ལ་གྲོང་ཁྱེར་གྱི་སྨན་ཤར་ཚོ་དང་འདྲ་བར་སྒེག་ཆས་ཅུང་ཟད་བྱུགས་འདུག་པ་གསལ་ལ་མི་གསལ་བར་མཐོང་ཐུབ་སྟེ། སྨིན་མ་གཉིས་ལའང་ཡ་ཡོ་དང་མཐོ་དམའ་གང་མང་མ་ཤོར་པར་ཕྲ་དགོས་སར་ཕྲ་བར་འཆོས་པ་དང་། སྟུག་དགོས་སར་སྟུག་པོར་བྲིས་པ་དེ་ནི། ལྷ་བཟོ་པ་སུ་ཞིག་གིས་ཐང་ཀའི་ངོས་སུ་ཞིབ་ཆ་དོད་པ་དང་དབྱེར་མེད་དུ་སྣང་། སྨིན་མའི་འོག་ཏུ་རྫི་ཚབ假睫毛སྤྲས་ཡོད་པས་གཟི་མ་དེ་ཡང་ཅུང་ཟད་རིང་ཞིང་ནག་ཀྱང་ནག མིག་སྐྱིབས་ཀྱི་སྟེང་དུ་དངུལ་མདོག་གི་མིག་སྦྱར་སྐྱི་མོ眼贴膜ཕྲན་བུ་རེ་སྦྱར་འདུག་པ་དེས་ཁོ་མོའི་མིག་ཟུང་སྔར་ལས་སྒོར་ཞིང་ཆ་ག་ཡོད་པ་ཞིག་ཏུ་འཆོས་ཡོད་པ་གདོན་མི་ཟའོ།། མཆུ་འདབ་ཅུང་ཟད་དམར་བས་མཆུ་རྩི唇膏ཡང་བྱུགས་ཨེ་ཡོད་དམ་སྙམ་མོད། གློག་འོད་སྣ་ཚོགས་ཀྱི་ངོགས་ནས་གསལ་བོར་རིག་མ་ཐུབ། ང་ཚོ་ཆང་ཁང་ལས་ཕྱིར་འབུད་དུས་གློག་སྒྲོན་གསལ་བོ་དེའི་ངོགས་ནས་ད་གཟོད་མཐོང་ཐུབ་སྟེ། ཁོ་མོས་ཁོག་སྨད་དུ་ཁ་དོག་ནག་པོ་ཅན་གྱི་སྨད་གཡོག裙子ཐུང་ཐུང་ཞིག་གྱོན་འདུག་ཅིང་། དེའི་འོག་ཏུ་ཤ་མདོག་དང་མཉམ་པའི་འབོབ་རིང长筒袜ཞིག་གྱོན་ཡོད་ལ། རྟིང་མཐོའི་གོ་ལྷམ高跟鞋ནག་པོ་ཞིག་ཀྱང་གྱོན་འདུག་པས། ཕར་བལྟས་ཚོད་ཀྱིས་བོད་སྐད་ཚིག་གཅིག་ཀྱང་ཅི་འཁྱོངས་སྙམ་མོད། ཡིན་ན་ཡང་ཁོ་མོས་ཨམ་སྐད་དང་ཁམས་སྐད། དབུས་སྐད་སོགས་ཆུ་བཞུར་བ་ལྟར་བཤད་ཐུབ་པ་ལས། ད་གཟོད་ཁོ་མོ་ནི་བོད་མོ་ཞིག་ཡིན་པ་ར་སྤྲོད་བྱེད་ཐུབ། གལ་སྲིད་ཁོ་མོ་ལ་ཆ་རྒྱུས་མེད་པའི་མི་ཞིག་གིས། ཁོ་མོས་བཤད་པའི་ཡུལ་སྐད་ཙམ་ལ་བརྟེན་ནས་མདོ་དབུས་ཁམས་གསུམ་ལས་ས་ཆ་གང་ཞིག་གི་མི་ཡིན་པ་ཐག་གཅོད་བྱེད་འདོད་ཚེ། དེ་ནི་རང་ཉིད་ངལ་བའི་རྒྱུ་ཁོ་ན་རུ་མི་འགྱུར་པར་ཐེ་ཚོམ་མེད།
གོ་ཐོས་སུ་ཁོ་མོའི་ཕ་ཡུལ་ནི་ཡུན་ནན་ཞིང་ཆེན་གྱི་ཡིན་ཞིང་། སློབ་གྲྭ་འདིའི་སྒྱུ་རྩལ་སློབ་གླིང་གི་སློབ་མ་ཡིན་པར་མ་ཟད། གྲོང་ཁྱེར་འདི་ན་ཀུང་ཟི་ཞིག་ཀྱང་གཉེར་གྱིན་ཡོད་སྐད། ཁོ་མོ་ཚོང་ལས་ཀྱི་དབང་གིས་ནང་ལོགས་གྲོང་ཁྱེར་གཙོས་བོད་ཁུལ་གྱི་ས་ཆ་གང་མང་ལ་བསྐྱོད་མྱོང་བས་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་གང་ཡིན་རུང་ཐོགས་པ་སྤུ་ཙམ་ཡང་མི་འདུག ཉེ་བའི་ལོ་འདི་འགར་ཁོ་ཡང་གཞི་བདག་གི་འཁོར་དུ་སྐྱེས་པ་ལྟར་ཁོ་མོ་དང་འགྲོགས་ནས་ས་ཆ་གང་མང་དུ་ཕྱིན་མྱོང་ལ། དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ཁོ་གཉིས་ལའང་ཆུ་དང་ཉ་མོ་བཞིན་སྐད་ཅིག་ཙམ་ལ་ཡང་འབྲལ་མི་ཕོད་པ་ལྟ་བུའི་བརྩེ་བ་ཆགས་པ་སྨོས་ཅི་དགོས། ཡིན་ན་ཡང་དོན་དག་དེའི་དབང་གིས་ཁོས་ཀྱང་བདེ་སྐྱིད་མཚོ་མོར་ཆུ་མ་ཡོང་གོང་གི་རགས་བརྒྱབ་སྟེ་བར་ཐག་བཀྱེད་ཅི་ཐབས་བྱས་ན་ཡང་། ཁོ་མོས་བསམ་གཟས་ནས་ཁོའི་བརྩེ་བའི་ལྕགས་ཀྱུ་འགུག་ཅི་ཐབས་བྱེད་ཀྱིན་ཡོད་པ་འདྲ་སྟེ། ནམ་རྒྱུན་ཁོ་ལ་ཁ་པར་བཏང་ནས་ཁོ་མོའི་སར་འབོད་ཅིང་མཉམ་དུ་ཆང་འཐུང་སྟེ་ཁ་ནས་ཅི་ལོན་ལ་ཡང་ཐེངས་གཅིག་ཙམ་མ་ཡིན་པར་ཉམས་སད་བྱས་མྱོང་སྟེ།
“བསོད་བྷེ། ཁྱོད་རང་ང་ལ་མི་དགའ་འམ། རྒྱུ་མཚན་ཅིའི་ཕྱིར། ཁྱོད་ཀྱིས་ང་ལ་གཉེན་སྒྲིག་བྱེད་མི་འདོད་དམ…… ”དེ་ལྟར་བསྐྱར་ཟློས་ཀྱིས་དྲིས་འོང་ཚེ། ཁོས་ལན་རེར་མ་གོ་ཁུལ་བྱེད་པ་དང་ཡང་མཚམས་རེར་“ཡོད་ཚད་སྲོལ་རྒྱུན་གྱིས་ཐག་བཅད་ཚར་བ་རེད། ”ཅེས་ལག་པ་སྟོང་བ་གཉིས་ཁོ་མོའི་མིག་མདུན་དུ་བསྲིངས་ཏེ་ཐབས་ཟད་པའི་ཉམས་ཀྱང་སྟོན།
ཁོ་མོས་དེ་ལྟར་བསོད་བྷེ་ལ་ཇ་འདྲེན་ཆང་འདྲེན་དང་། ཁ་ཡག་ངོ་འཛུམ་གྱི་ཐབས་གང་མང་སྤྱད་ཀྱང་རི་རྒྱབ་ཏུ་རྡོ་འཕངས་ལྟར་ཁོ་མོའི་འདོད་ཐོག་ཏུ་འབབ་པའི་དྲིས་ལན་ཞིག་གཏན་ནས་མ་ལོན་པས། ཁོ་མོའི་གཤིས་ཀ་ཡང་རིམ་བཞིན་ཇེ་སྡུག་དང་ཇེ་རྩུབ་ཏུ་འགྲོ་བཞིན་ཡོད་དེ། ཁ་སང་ཕྱི་དྲོར་ཁོས་མཐར་ཕྱིན་དཔྱད་རྩོམ་ཁྱེར་ནས་དགེ་རྒན་གྱི་གཞུང་ལས་ཁང་དུ་འགྲོ་བའི་ལམ་བར་དུ། ལས་བསམ་སར་མི་འགྲོ་བསགས་སར་འགྲོ་ཞེས་པའི་དཔེ་བཞིན། ལམ་འགྲམ་གྱི་རླངས་འཁོར་དམར་པོ་ཉ་འདྲ་བ་དེའི་ནང་ནས་ཁོ་མོས་གདོང་གི་ཉི་སྒྲིབ་མིག་ཤེལ་ཕུད་ཞོར་ཐད་ཀར་ཚུར་འོང་སྟེ་ཁོའི་མདུན་བཀག་བྱུང་།
“བསོད་ནམས། ཁྱོད་ལ་རྒྱུ་འབྲས་ཨེ་ཡོད། ཁྱོད་ཀྱིས་ང་ལ་མགོ་སྐོར་གཏོང་འདོད་པ་ཨེ་ཡིན། སྟོང་བསམ་མ་དྲན ……” ཁོའི་གདོང་ལ་མཛུབ་མོ་བཙུགས་ནས་སྣ་གཉེར་ཞིང་སོ་འཁྱིག་བཞིན་དེ་ལྟར་ཟེར།
ཡིན་ན་ཡང་ཁོ་ནི་དམག་དཔོན་གྱིས་བཀའ་བཀྱོན་ཕོག་པའི་དམག་མི་ཞིག་གིས་རང་སྐྱོན་ཁས་ལེན་བྱེད་པ་ཞིག་དང་འདྲ་བར་ཨ་ལན་ཙམ་ཡང་མི་སྟེར་པར་མགོ་བོ་དང་ཁར་སྨད་ནས་བསྡད་འདུག ལམ་འགྲམ་ན་འཚང་ཁ་ཤིག་ཤིག་བགྲོད་པའི་མི་རྣམས་ཀྱིས་ཁོང་གཉིས་ལ་ལྟ་ཙམ་བྱེད་ཞོར། སླར་ཡང་མགོ་བོ་ཐད་དུ་གཡུག་བཞིན་བུད་འགྲོ །
“ངས་ང་རང་གི་ལང་ཚོ་གླེང་གིན་མེད། ད་ལྟ་གནམ་གྱིས་མི་ཐེག་པའི་སྡུག་ཡུས་ཤིག་ཡོད་པ་ནི་ངའི་གསུས་པའི་ཁོག་གི་བྱིས་པ་འདི་རེད། བྱིས་པ་འདི་རེད……” མགོ་བོ་ཐད་དུ་གཡུག་ཙམ་བྱེད་ཞོར་རེ་ཐག་ཆད་པའི་མིག་ཟུང་ལས་མཆི་མ་འགའ་བསྟུད་མར་མཁུར་ཚོས་ནས་མར་འགྲིལ་བ་དང་མཐུད། ཁོའི་གདོང་ལ་བཙུགས་པའི་མཛུབ་མོ་ཡང་རིམ་བཞིན་ཕྱིར་ལ་བསྐུམས་པ་དང་། ལག་པ་གཡོན་པའི་ནང་དུ་བཟུང་ཡོད་པའི་ཉི་སྒྲིབ་མིག་ཤེལ་དེ་ཡང་ཐག་སྒྲ་དང་བཅས་སར་ལྷུང་སོང་།
སྐད་ཆ་དེ་ཐོས་མ་ཐག་ཁོ་ལ་གློག་གིས་བརྒྱབ་པ་ལྟར། འཇིགས་སྐྲག་དང་འཚབ་སྣང་མཉམ་སྐྱེས་ཀྱི་ཙག་ཤད་ཅིག་མགོ་སྤྱི་བོ་རྒྱུད་ནས་རྐང་མཐིལ་དྲུག་རྒྱུད་ལ་ཚ་ཤུར་ཤུར་གྱིས་བརྒྱུགས་སོང་།
“ཨ། ཁྱི་སྐྱག ཁྱོད་ཀྱིས་ཤོད་ཡ། ཁྱོད་ལྐུགས་སོང་བ་ཨེ་རེད……” ཁོ་མོར་དུག་སྦྲུལ་ལ་ཚེར་ལྕག་ཐེབས་པ་ལྟར་ཞེ་སྡང་དྲག་པོ་སྐྱེས་སོང་བ་ལོས་ཡིན། ཁོའི་ཐོང་ཁར་འཇུས་ཏེ་སྤྲུག་སྤྲུག་ལན་མང་བྱས་སོང་མོད། འོན་ཀྱང་ཁོ་ནི་ཞི་ལའི་སྡེར་བར་དུ་གཙུད་པའི་བྱི་བ་བཞིན་འགུལ་ཙམ་ཡང་མི་བྱེད་པར་སྒོང་སྒོང་ཞིག་བྱས་ནས་སྡོད་པ་ལས་ཅི་ཡང་མི་སྨྲ། སྤྱིར་དགྲ་ལན་པོ་མེད་པ་སྡར་མ་དང་། གཏམ་ལན་པོ་མེད་ན་ལྐུགས་པ་ཟེར་སྲོལ་ཡོད་མོད། ཡིན་ན་ཡང་། ཁོས་བུད་མེད་ཅིག་ལ་ཕྱིར་རྒོལ་བྱེད་མ་ཐུབ་པ་ག་ལ་ཡིན་ཏེ། དེ་ལས་ལྡོག་ནས‘ལས་རྒྱུ་འབྲས་’དང་‘བྱམས་སྙིང་རྗེ’་ཞེས་པའི་བསམ་བློ་ཁྱད་པར་བ་དེས་ཁོའི་གཉའ་ལྟག་འཇུར་མིག་ལ་དྲངས་པ་ལྟར་བཅར་གྱིས་མནན་པ་མིན་ནམ་སྙམ། སྐབས་དེར་ཁོས་གློ་བུར་དུ་རྩྭ་ཐང་གི་ཀུན་དགའ་སྒྲོལ་མ་དྲན་བྱུང་།
“བདེ་སྐྱིད་མཚོ་མོ —མ་གཞི་ཁྱོད་རང་ནོར་འདུག —མ་རེད —ཚང་མ་ངས་བསགས་པའི་ཉེས་པ་རེད”དེ་ལྟར་ཟེར་ཞོར་ཁོའི་གདོང་ལ་སྐྱོ་བའི་མདངས་ཤིག་མངོན་ཞིང་མན་ཚར་ལ་བྱིལ་བྱིལ་བྱེད་པའི་མྱུར་ཚད་ཀྱང་རིམ་བཞིན་ཇེ་དལ་དུ་འགྲོ་བཞིན་འདུག
བཞི།
ས་ཡོངས་སུ་རུབ་ཟིན་པའི་དུས་འདིར། ཁོ་རང་གཞི་ནས་ཐོག་ཁང་གི་ཉི་ཁྱམས་དང་བྲལ་ནས་མལ་ཁང་ཐོག་ཁང་གི་ཕྱི་སྒོར་བུད། དེ་ནི་ཁོ་རང་ཕྱིར་དྲན་གྱི་ཀློང་ནས་ཕྱིར་བུད་པ་དང་ཡང་འདྲ། ཡིན་ན་ཡང་ཁོ་རང་དེ་གར་འགྲེང་སྡོད་དུས་རྩྭ་ཐང་དུ་བསྡད་ཡོད་པའི་སྣང་བ་ཞིག་སྟེར། ཁོས་ལག་པ་གཉིས་མིག་མདུན་དུ་བསྲིངས་ཏེ་“དེ་རིང་ང་ལ་ཚ་འཁྲུལ་བྱུང་གིན་ཡོད་པ་འདྲ། ” དེ་ལྟར་ཁེར་ལབ་ཅིག་བྱས་པ་དང་འབྲེལ་ནས་གྲོང་རྡལ་ཆུང་ཆུང་དེའི་ཕྱོགས་སུ་ཆས།
ལམ་བར་དུ་ཁོའི་སེམས་པ་སྔར་བཞིན་རྩྭ་ཐང་དུ་འབྲེལ་འདུག་སྟེ—
སྐྱ་རེངས་སྐྱ་མདའ་འཐེན་དུས། ཁོས་བོད་ལྭ་དབོ་ལུག་ཏུ་གྱོན་ནས་སྦྲ་སྒོར་བུད་ན། ཞོགས་རླུང་བསིལ་མོ་ཞིག་གིས་ཁོའི་མགོ་སྐྲ་ཉག་མ་རེ་རེའང་དལ་གྱིས་སྒུལ་ཙམ་སྒུལ་ཙམ་བྱེད། ཤར་ཕྱོགས་ཀྱི་རི་བོ་མཐོན་པོ་དེ་དག་གི་རི་རྐེད་དུ་ལྷ་དར་ཡུག་ཅིག་གཡས་དཀྲི་གཡོན་དཀྲི་བྱས་ཡོད་པ་དང་མཚུངས་པའི་སྨུག་པ་སེང་སེང་ངེ་ཞིག་འཐིབ་འདུག་ལ། ཕར་ཕྱོགས་ཀྱི་ན་སྤང་དེ་ན་གྱ་གྱུས་བཞུར་བའི་ན་ཆུ་དྭངས་མོ་དེ་ཡང་རིག་སྨོན་གྱི་ཆུ་གཞུང་དང་འདྲེས་ཀྱིན་མཆིས། ན་སྤང་དེ་ནས་དྲང་ཐད་དུ་ཕར་ཕྱོགས་སུ་བལྟས་ན་ཀུན་དགའ་སྒྲོལ་མ་ཚང་མཐོང་ཐུབ། ཁོས་སྦྲ་སྒོ་ནས་ཁ་ཨི་ཁུང་འདྲ་བ་ཞིག་གདངས་ཏེ་གླལ་སྒྱིང་ཞིག་བྱས་པ་དང་མཐུད། གར་ཡོང་མི་ཤེས་པའི་བསེར་རླུང་ཞིག་གིས་ཁོ་ལ་གྲང་འདར་ཞིག་བསླངས་བྱུང་།
ཁོ་ཚང་གི་སྦྲ་སྒོ་དང་ཐག་མི་རིང་བའི་ས་ན་བཏགས་ཡོད་པའི་སྒོ་ཁྱི་དང་དཀར་གྱིས་ཁོ་རང་མཐོང་མ་ཐག་ཡར་ལངས་ཏེ་རྔ་མ་བརྩེངས་ནས་དཀྱེལ་སྒྱིང་ཞིག་བྱས་པ་དང་། ཁོའི་ཕྱོགས་སུ་ལྟ་བཞིན་རྐང་ལག་གི་སྡེར་མོས་ས་ངོས་ལ་འདྲད་ཙམ་འདྲད་ཙམ་བྱེད། སྤྱིར་ བཏགས་ཁྱི་རིགས་ཀྱིས་དེ་ལྟར་སྡེར་མོས་ས་ལ་འདྲད་པར་བྱེད་པ་ནི། ཕ་རོལ་པོ་ལ་སྡང་སེམས་དྲག་པོ་སྐྱེས་དུས་ད་གཟོད་དེ་ལྟར་བྱེད་པ་ཞིག་ཡིན་མོད། ཡིན་ན་ཡང་ཁོ་ཚང་གི་སྒོ་ཁྱི་དང་དཀར་གྱིས་དེ་ལས་ལྡོག་སྟེ། ཁོ་ལ་གཅེས་ལང་བྱེད་པ་ལས་མ་འདས། དེ་ནས་ལུས་པོ་སྤྲུག་སྤྲུག་ཅིག་བྱས་ཏེ་ཁོའི་ཕྱོགས་སུ་ངུ་ཟུག་འདོན་གྱིན་ཀེག་གིས་ལྡིང་སྟེ་ཤུགས་ཀྱིས་བཤངས་པ་དེས། “སྤུན་ཟླ། ཁྱོད་ཀྱིས་ངའི་མགོ་ལ་བཙན་དབང་གིས་བསྐོན་ཡོད་པའི་འདོགས་ཐག་འདི་ཁྲོལ་དང་། ང་ཡང་ཁྱོད་དང་འདྲ་བར་རེག་བྱ་འཇམ་པའི་ཞོགས་པ་འདིར། རྩྭ་ཐང་དུ་རང་མོས་ཀྱིས་འདུར་རྒྱུག་ཅིག་དང་འགྲེ་ལོག་ཅིག་བྱས་ཏེ། དྭངས་ཤིང་གཙང་བའི་མཁའ་དབུགས་བསིལ་མོ་འདི་ཅིས་ཀྱང་རྔུབ་འདོད་ཆེ” ཞེས་ཞུ་བ་བྱེད་པ་དང་གཉིས་སུ་མ་མཆིས། དེ་ནས་ཡུན་རིང་མ་སོང་བར་ཕྱགས་མ་ཤིག་དང་མཚུངས་པའི་རྔ་མ་དེ་སྒྱིད་ཁུག་ནས་ཕར་གཡུག་ཚུར་གཡུག་བྱེད་ཀྱིན་སྟོང་ཕག་གིས་བརྩིགས་པའི་‘ཁང་བ་ཆུང་ཆུང’ ༼དོན་གྱིས་སྟོང་ཕག་ལྔ་དྲུག་ལྷག་བརྩིགས་པ་ལས་ཀླད་ཁེབས་གང་ཡང་མེད་པའི་རྭ་བ་ཆུང་ངུ་ཞིག་ཡིན།༽ དེའི་ནང་དུ་འཛུལ་ནས་སྦྲུལ་ནག་འཁྱིལ་བ་ལྟར་ཉལ་རྩིས་བྱས་མོད། ཡིན་ན་ཡང་དེ་ལས་ཕྱིར་བུད་དེ་སྐོར་རྒྱག་ཅིག་བྱས་རྗེས་གཞི་ནས་‘ཁང་བ་ཆུང་ཆུང’་དེའི་སྒོ་འགྲམ་དུ་ལག་པ་གཉིས་མདུན་དུ་བསྲིངས་ཤིང་། དེའི་སྟེང་ལ་མགོ་བོ་བསྔས་ནས་མིག་ཟུང་རིག་རིག་གིས་ཁོའི་བཟོ་ལྟ་དང་རྣམ་འགྱུར་ལ་ཅེར་ནས་སྡོད། དེ་ནི་ “སྤུན་ཟླ། ཁྱོད་ཀྱིས་ཀྱང་ང་ལ་ཁ་ཡ་བྱེད་འདོད་མེད་ན། ངས་ནམ་ཡང་ཨུ་ཚུགས་གཏན་ནས་བྱེད་མི་འདོད ”ཅེས་འཁང་ར་བྱེད་པ་དང་འདྲ་ལ། འཁང་ར་འདྲེས་མ་དེའི་ཤུགས་ལས་སླར་ཡང་རེ་བ་མངོན་ཆུང་ཞིག་ཞུ་འདོད་ཡོད་པ་ལྟར་མིག་གིས་ཁོ་རང་རྒྱང་ནས་འཚོ་བར་བྱེད་པ་སོགས་ཀྱང་སེམས་སུ་འཆར་འོང་། ད་ལྟ་རང་ཉིད་ཀྱི་ལས་དབང་ནི་སྒོ་ཁྱི་དང་དཀར་གྱི་ལས་དབང་དང་འདྲ་བར་སེམས་ཏེ། དེ་དུས་སྒོ་ཁྱི་དང་དཀར་གྱིས་ཁོ་ལ་ཅེར་ཞིང་། ཁོས་ཀུན་དགའ་སྒྲོལ་མར་རྒྱང་ལྟ་བྱེད་པ་དང་ཅིས་མི་མཚུངས་ཨང་། ནམ་རྒྱུན་ཁོ་རང་སྦྲ་སྒོར་བུད་ནས་ཀུན་དགའ་སྒྲོལ་མའི་ཕྱོགས་སུ་རྒྱང་ལྟ་བྱེད་རྒྱུ་ནི་གོམས་གཤིས་ཤིག་ཡིན། ཁོས་ལྷད་མེད་ཀྱི་གོམས་གཤིས་དེ་གཏན་ནས་བསྒྱུར་མི་འདོད། ཡིན་ན་ཡང་། ཁོ་རང་ཕ་ཡུལ་དང་བྲལ་བའི་རིང་འདིར་གོམས་གཤིས་དེར་འགྱུར་ལྡོག་བྱུང་འདུག་གམ། “འགྱུར་ལྡོག་ཅི་ལ་བྱུང་མེད། —མིན། —ནམ་ཡང་འགྱུར་ལྡོག་བྱུང་མི་སྲིད། ” རིམ་བཞིན་ཁོའི་ངོ་གདོང་གཟབ་ནན་དུ་གྱུར་ནས་མན་ཚར་ལ་བྱིལ་ཙམ་བྱིལ་ཙམ་བྱེད།
བསིལ་རླུང་གིས་བསྐྱོད་པའི་ལན་བུ་དེ་དག་གིས་ཁོ་མོའི་རོ་སྟོད་ཁེབས་པར་བྱེད་ལ། སྐད་ཆ་བཤད་པའི་འགྲོས་དང་བསྟུན་ནས་འགུལ་ཙམ་འགུལ་ཙམ་བྱེད་པའི་སྨིན་དཀྱུས་ལ་སྨྱུ་གུས་མཚོན་པར་མི་ནུས་པའི་འགུག་ཤུགས་ཤིག་རང་བཞིན་གྱིས་བསྐུངས་འདུག འཇོ་སྒེག་ལ་དགའ་བའི་དེང་རབས་ཀྱི་བུ་མོ་ཚོ་དང་འདྲ་བར་སྒེག་ཆས་བྱུགས་པར་མི་སྤྲོ་ཞིང་། རང་བཞིན་གྱིས་མཛེས་པའི་གདོང་ནི་མེ་ཏོག་པདྨ་ལྟར་ཡིད་དུ་འོང་ལ། འབྱེད་འཛུམ་རྒོད་པའི་ཁྲ་ཆུང་མིག་ཟུང་ཡང་མེ་ཏོག་པདྨའི་སྟེང་དུ་འཁོར་ཞིང་ལྡིང་བའི་གཡུ་སྦྲང་ཆ་གཅིག་དང་ཡང་མཚུངས། སྒེག་པའི་ཉམས་ཀྱིས་བསྐྱོད་པའི་འགྲོས་དང་བསྟུན་ཏེ་ཚི་ལེན་གློ་དམར་དེའི་འོག་ནས་སུ་ཞིག་ལ་འགྲམ་ཆུ་བསླང་བར་བྱེད་པའི་སྨྱོས་བུམ་དེ་ཡང་འཕྱོ་ཙམ་འཕྱོ་ཙམ་བྱེད་ལ། སྐབས་རེར་ཀྱིང་བསེར་གྱིས་བཤིག་པའི་ཐོད་སྐྲ་དེ་དག་གིས་ཁོ་མོའི་གདོང་ཕྱེད་བསྒྲིབས་པར་བྱེད་དུས། མཉེན་ལྕུག་ལྡན་པའི་ལག་པས་དེ་དག་རྣ་རྩར་འདེད་ཙམ་བྱེད་པའི་གོ་རིམ་ཁྲོད་ནས་མེ་ཏོག་གི་འདབ་མ་བཞད་པ་ལྟ་བུར་མངོན་ཡོང་བའི་འཛུམ་མདངས་དེ་ངོ་མ་སྙིང་དུ་སྡུག་པ་ཞིག་ཡིན། དེ་ནི་ཁོ་ལ་རྩྭ་ཐང་ནས་ངང་སྒུག་བྱས་ཡོད་པའི་ཀུན་དགའ་སྒྲོལ་མ་རེད། ཁོས་གདོང་གི་སྨིན་མ་སྟུག་པོ་དེ་གཉིས་ཐོད་གཏུག་ལ་ཁད་ཅིག་བྱས་ཏེ་འདི་ལྟར་བསམ་བློ་གཏོང་དུས། བལྟས་ཚོད་ཀྱིས་ཁོའི་སྨིན་མ་ནི་སྔར་ལས་ཇེ་གནག་ནས་རིམ་བཞིན་ཇེ་སྟུག་ཏུ་འགྲོ་བའི་བག་ཆགས་ཀྱང་སྟེར།
ཁོང་གཉིས་རྩྭ་ཐང་དུ་གན་རྐྱལ་དུ་སྡོད་དུས། “བསོད་བྷེ། ཁྱོད་རང་སློབ་གྲྭར་སོང་ཤུལ་དུ། ངས་ནམ་རྒྱུན་སྤྲིན་དཀར་གྱི་ཚོམ་བུ་ལ་རྒྱང་ལྟ་བྱས་ཏེ་ཁྱོད་ལ་ངང་སྒུག་བྱས་པ་ཡིན། ” ལྷད་མེད་ཀྱི་མིག་ཆུ་དྭངས་མོ་ཞིག་མུར་གོང་བརྒྱུད་ནས་རྣ་བའི་བུ་གར་ཟགས་ཡོང་། དེ་ནི་ལོ་མའི་སྟེང་དུ་འཛུམ་པའི་ཟིལ་ཐིགས་དང་འདྲ་བས་སྒུལ་ཙམ་བྱས་ཚེ་ལྷུང་ཨེ་འགྲོ་སྙམ། ཁོ་མོ་སླར་ཡང་འཛུམ་ཙམ་བྱས་ནས་“ ད་ལོ་ངོ་བཞི་མ་གཏོགས་མི་འདུག ……” མགོ་བོ་ཁོའི་ལག་པའི་གྲུ་ཁུགས་སུ་བསྙེས་ནས་ཡང་བསྐྱར་གཏམ་རྒྱུད་ཅིག་གི་འགོ་བརྩམ་འགྲོ་བ་དེ་དང་། ཡང་ན།
“བསོད་བྷེ། ང་རང་ཁྱོད་ཀྱི་གཏན་གྲོགས་ཉན་ཤ་སྟག་ཡིན་ན། ངས་ཁྱོད་ལ་ནམ་ཡང་སྒུག་དགོས་ཀྱང་འགྱོད་པ་མེད། ”ཟེར།
“ཁྱོད་ལ་ང་ལ་སྒུག་རྒྱུའི་དབང་ཆ་ཨེ་ཡོད་དམ། གལ་ཏེ་ཡོད་ན”ཀུན་དགའ་སྒྲོལ་མའི་དཔྲལ་བའི་སྟེང་ནས་འོ་ཞིག་བྱས་རྗེས་མུ་མཐུད་དུ་བཤད་རྒྱུར“མ་འོངས་པར་ངས་འུ་གཉིས་ལ་བདེ་སྐྱིད་ཀྱི་ཁྱིམ་གཞིས་ཤིག་ཅིས་ཀྱང་བསྐྲུན་ཆོག……”
“ངོ་མ་ཨེ།”
“……” དེ་ལྟར་སྦྲའི་ཁ་ཚུབ་ལས་གསེག་འཕྲོ་བྱས་ཏེ་འཕོས་འོང་པའི་ཟླ་བའི་འོད་ཐིག་དེའི་ངོགས་ནས་ཁོང་གཉིས་ཀྱིས་ཚིག་རྔ་མནའ་ཡིས་བསྒགས་ཡོད་པ་དེ་དག་དྲན་པའི་མོད་ལ། ཁོས་ཀུན་དགའ་སྒྲོལ་མར་འོས་མེད་བྱས་སོང་སྙམ་སྟེ་ཁུ་ཚུར་གྱིས་རང་ཉིད་ཀྱི་བྲང་ཁ་ལ་ཤུགས་ཀྱིས་རྡུང་དགོས་བྱུང་། སྐབས་དེར་ཕ་གིའི་གྲོང་རྡལ་ཆུང་ཆུང་དེའི་ཕྱོགས་ནས་གདངས་འགྲོས་མི་མཉམ་ལ་གཞས་ཚིག་ཀྱང་མེད་པའི་རོལ་དབྱངས་མང་པོ་མཉམ་དུ་གྲག་ཡོང་། ཁོས་མཚན་མོའི་ཟླ་འོད་མག་མོག་ལ་ལྟ་བཞིན་གྲོང་རྡལ་ཆུང་ཆུང་དེའི་ཕྱོགས་སུ་ཆས་ཀྱིན་གདའ། ཁོས་སྔོན་ཆད་ “ཁྱོད་ལ་ང་ལ་སྒུག་རྒྱུའི་དབང་ཆ་ཨེ་ཡོད་དམ།” ཞེས་ཀུན་དགའ་སྒྲོལ་མར་དྲིས་མྱོང་བ་བཞིན་དོ་དགོང་སླར་ཡང་རང་ཉིད་ཀྱིས་འདི་ལྟར་དྲི་བ་འདི་རང་ཉིད་ལ་འདྲི་དགོས་པའི་ཚད་དུ་སླེབས། “ད་ལྟ་ང་ལ་དབང་ཆ་མེད་པ་འདྲ—མ་རེད—ང་ལ་རང་དབང་ལོས་ཡོད”དེ་ལྟར་ཁོའི་གདོང་ལ་ཡིད་ཆེས་ཀྱི་ཉམས་ཤིག་བསྡུས་ཏེ་མན་ཚར་ལ་བྱིལ་བྱིལ་བྱེད་ཞོར་དེ་སྐད་ཟེར། ཕྱིར་དྲན་དེ་དང་འགྲོགས་ནས་ཁོ་རང་ཇ་ཆང་ལྷ་མོའི་ཆང་ཁང་གི་སྒོ་ཁར་ཅི་ལྟར་ཐོན་པ་ཡང་མ་ཚོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com