དུས་བཞི། ངའི་སྙན་ངག་གི་གྲུབ་ཆ་གསོན་པོ།
རྩོམ་པ་པོ།:དཔའ་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-11-28 09:41:00
ཀློག་གྲངས།:
ཀ
རི་སྐྱེས་མེ་ཏོག་ལ་གསར་བྱུང་གི་ལང་ཚོས་བརྒྱན་བཞིན་ནོར་འཛིན་བུ་མོས་གཉིད་སད་ཀྱི་ཁ་ལག་བཀྲུས་ན། དཔྱིད་ཀ འཁྱག་རོམ་གྱི་ཀློང་ནས་རྙེད་པའི་ཚེ་སྲོག་གི་དྭངས་མ་ཡིན་ལ། ཞིང་བ་རྒན་པོས་འབྱུང་འགྱུར་གྱི་ས་བོན་འདེབས་པའི་དུས་བཞིའི་ཐོག་མའང་ཡིན། ལྷང་ལྷུང་འབབ་པའི་ཆུ་ཕྲན་དྭངས་མོས་བརྩེ་བ་དྲོན་མོ་ཕྱོགས་བཞིར་བསྩལ་ཏེ། སྲོག་ལྡན་ཡིད་ཀྱི་དུངས་བ་སྐྱོང་བཞིན་རྟོགས་སད་ཀྱི་གཞས་ཆུང་སྤང་ཐང་ནས་གྱེར་ན། དཔྱིད་ཀ ངའི་སྙན་ངག་གི་ལང་ཚོ་ཡིན། མེ་ཏོག ངའི་སྙན་ངག་གི་མཆོད་པ་ཡིན།ཁ
སྤྲིན་དཀར་གྱི་འདབ་མ་མཁའ་དབྱིངས་སུ་རྒྱུ་བཞིན་རྫི་བོའི་མཛའ་གཞས་ཕྱོགས་བཞི་རུ་གསལ་དུས། དབྱར་ཁ། ས་གཞིའི་ངོ་གདོང་ལ་སྔོ་ལྗང་གི་ཚོན་མདངས་བྱུགས་པའི་མཚོ་བྱུང་གི་ཕོ་ཉ་ཡིན་ལ། མེ་ཏོག་གི་དཀྱིལ་འཁོར་ན་གཡུ་སྦྲང་གིས་མཛའ་གཞས་སྐྱོར་བའི་མི་ཡུལ་གྱི་མཛེས་སྡུག་ཀྱང་ཡིན། སྦྲ་ནག་གི་འཚེར་ས་རུ་དུ་བའི་འཇའ་རིས་སྤྲིན་དཀར་དང་འདྲེས་བཞིན་རེ་སྙེག་གི་གོམ་ཁ་རྩྭ་ཐང་ནས་ཆས་ན། དབྱར་ཁ། ངའི་སྙན་ངག་གི་གསོན་ཤུགས་ཡིན། རྫི་གླུ ངའི་སྙན་ངག་གི་དབྱངས་རྟ་ཡིན།ག
གསེར་མདོག་གི་སྙེ་མས་མགོ་བོ་དུད་བཞིན་ཞིང་བ་རྒན་པོའི་གདོང་ལ་འཛུམ་མདངས་རེ་རྒྱས་ན། སྟོན་ཀ སོ་ནམ་པ་ཡི་རྨི་ལམ་སྦྲུམ་པའི་རེ་སྒུག་གི་ལོ་ཟླ་ཡིན་ལ། སྔོ་ལྗང་གི་གོས་བཟང་གསེར་མདོག་གི་འབྲས་བུར་བརྗེ་བའི་མི་ཡུལ་གྱི་དགའ་སྟོན་ཡིན། མེ་ཏོག་གི་གསེབ་ན་གཡུ་སྦྲང་གིས་གྱེས་བརྡ་གཏོང་བཞིན་མདུན་སྐྱོད་ཀྱི་བློ་སྤོབས་བོད་པའི་སེམས་ཁམས་སུ་བཀོད་ན། སྟོན་ཀ ངའི་སྙན་ངག་གི་རྣམ་ཤེས་ཡིན།ལོ་ཏོག ངའི་སྙན་ངག་གི་བླ་སྲོག་ཡིན།
ང
འཁྱག་རླུང་ལྡོམ་པོས་རྩི་ཤིང་གི་ལང་ཚོ་འཇོམས་བཞིན་ཆུ་ཕྲན་དྭངས་མོའི་འཁྱར་འཁྱོར་གྱི་གོམ་འགྲོས་གཏོར་ན། དགུན་ཁ། ནོར་འཛིན་བུ་མོས་གོས་དཀར་གྱི་ལྭ་བ་གྱོན་པའི་དུས་བཞིའི་མཐའ་མ་ཡིན་ལ། ཚེ་སྲོག་གསར་བའི་ས་བོན་སྦྲུམ་བའི་གཞན་ཕན་གྱི་ལྷག་བསམ་ཡང་ཡིན། རབ་དཀར་ཁ་བའི་མེ་ཏོག་མཐོན་པོའི་དགུང་ནས་གཏོར་བཞིན་འཕག་འཚག་གི་ངུ་རྒྱངས་གངས་རྩེ་ནས་གསལ་དུས། དགུན་ཁ། ངའི་སྙན་ངག་གི་སྒུག་ཤུགས་ཡིན། ཁ་བ། ངའི་སྙན་ངག་གི་རང་མདངས་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།