ལྡོང་ཡོན་ཏན་རྒྱ་མཚོའི་རྩོམ་རིག་འགའ་བདམས་བཀོད།

རྩོམ་པ་པོ།:ལྡོང་ཡོན་ཏན་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-28 10:01:00 ཀློག་གྲངས།:
                                                 བསམ་གཞིག་རྩེག་མ།
    དྲན་པའི་གཞུ་མོ་ནང་དུ་བཀུག་སྟེ་དོན་གལ་ཆེན་ཞིག་ལ་བསམ་གཞིག་གཏོང་ཚེ་བྲེད་ཤ་སློང་བའི་བསམ་གཞིག་ལྕི་མོ་གཞན་ཞིག་གིས་འཚང་ཁ་རྒྱག་ཡོང་བས་ཁ་དོག་མི་གཅིག་པའི་བསམ་གཞིག་མང་བོའི་རྩེག་རིམ་འོག་ཏུ་གོ་མེད་ཚོར་མེད་ངང་རྒས་འགྲོ་བ་ངའི་བཟློག་མེད་ཀྱི་ལས་དབང་ཡིན་པ་འདྲ།   
ཁ་བྱང་གི་འགྲེལ།
    སྤྱིར་གྲྭ་བ་གྲྭ་རྐྱང་ཟླ་གམ་ཁེར་རྐྱང་ཅན་ཞིག་ལ་མཚོན་ཏེ་བཤད་ན། རབ་ཡིན་ཚེ་ཐོས་བསམ་སྒོམ་གསུམ་རྣལ་མ་ཞིག་དང་། དེ་མི་ནུས་ན་ཁ་ཏོན་དགེ་སྦྱོར་ཐན་ཐུན་རེར་འབད་དེ་ཟང་ཟིང་འཁོར་བའི་བྱ་བཞག་ལ་རྒྱབ་ཀྱིས་ཕྱོགས་ཐུབ་སོང་ན། མཉམ་མེད་ཤཀྱཱའི་རྒྱལ་བོས། དགེ་སློང་རྣམས་ནི་དོན་ཉུང་བ། བྱ་བ་ཉུང་བ་ཞིག་དགོས་པར་གདམས་པའི་བསླུ་མེད་ཚད་གྲུབ་ཀྱི་གསུང་གསེར་ནག་གི་ཞུན་ཐིགས་འདྲ་བོ་དང་ཤིན་ཏུ་མཐུན་ལ་མི་ཚེའི་རྡོག་དོན་ཟབ་མོའང་དེ་ནས་རྙེད་འདུག་མོད། ངའི་ཕ་ས་གཡུ་ཡི་མེ་ལོང་འདྲ་བོ་དང་། ངའི་ཕ་མེས་ཡང་མེས་ཚོས་ཤུལ་བཞག་གི་རིག་གཞུང་ནོར་བུ་འདྲ་བོ། ད་དུང་བསིལ་ལྡན་གངས་རིའི་ལྗོངས་སུ་ཤ་ཁྲག་གདོས་བཅས་ཀྱི་ལུས་རྟེན་རྙེད་ཀྱང་གཡམ་རྒྱུགས་དུག་རླངས་ཀྱི་ནད་ཡམས་ལྕི་མོས་ཟིན་དྲགས་པའི་བོད་ཕྲུག་རྟོག་གེ་བ་ཁོག་ན་སྙིང་ཡོད་ཀྱང་སྙིང་ལ་དྲོད་མེད་པ་འགའ་ཞིག་གི་ཆེད་དུ། ཁྱིམ་གཞིས་དོར་བའི་དགེ་སྦྱོང་ང་ཡང་གནས་ལུགས་དྲང་མོའི་རི་རྩེར་འགྲེང་སྟེ་བསམ་གཞིག་རྩེག་མའི་རླབས་རྒྱུན་འདི་མི་འཕྱུར་རང་འཕྱུར་རེད།
    གངས་དཀར་བོའི་གཟི་མདངས་མཁའ་མཐར་འདྲེས་ཤིང་རང་བྱུང་རི་ཆུ་ནགས་གསུམ་གྱི་རྫོང་དུ་གྲུབ་པའི་ཆུ་བཞི་སྒང་དྲུག་གི་ཡུལ་གྲུ་འདིར། མི་རྗེ་ལྷ་ཡིས་མཛད་མྱོང་བའི་བྱིན་རླབས་དྲོན་པོ་དང་། གླིང་བཞི་རིག་པས་བསྐོར་ཐུབ་པའི་མཁས་གྲུབ་མང་བོའི་ཕྱག་རྗེས་ལ་སླད་མ་འདྲེས་པའི་གཟི་བྱིན་འབར་ཏེ། དམ་ཆོས་འོ་སྤྲི་མངར་མོའི་བཅུད་བཟང་གིས་བཅོས་མིན་གྱི་ངང་རྒྱུད་དུལ་ཞིང་ཟོལ་མེད་ཀྱི་བྱམས་བརྩེ་སྣུམ་པའི་ཁ་འགྲིག་གྲོས་མཐུན་གྱི་ཚོ་ཁག་ཅིག་མི་ལོ་སྟོང་ཕྲག་དུ་མར་གྲགས་དཀར་དང་གཟི་བརྗིད་ཀྱི་ཀློང་ནས། འཛམ་གླིང་གི་གཙུག་རྒྱན་དམ་པར་ཁེངས་དྲེགས་ཀྱིས་འཚོ་མྱོང་བ་ལ་ཆོས་ལྡན་བོད་ཀྱི་ཡུལ་ཁམས་ཞེས་པའི་མིང་གི་སྙན་པ་ཇོ་མོ་གླང་མའི་རི་རྩེ་ནས་ཆས་ཤིང་ཕྱོགས་མེད་དུ་འཕུར། འདས་ཟིན་པའི་ཁ་བ་དཀར་བོའི་རུ་དཔུང་གིས་སུམ་གཉིས་ས་ཡི་དཀྱིལ་འཁོར་དཀར་འཇམ་ཡུག་གཅིག་ཏུ་བཟུང་མྱོང་ལ་གནམ་སྐྱོང་གོང་མའི་ཁྲི་འཕང་སེར་བོར་བཀའ་ཡིས་བསྒོ་མྱོང་། གཞན་ཡང་སྟོད་རྒྱ་གར་གྱི་ཆོས་གཡང་དང་སྨད་རྒྱ་ནག་གི་རྩིས་གཡང་། ཧོར་སོག་འབྲུག་བལ་སོགས་རྒྱལ་ཕྲན་ཡུལ་ཁམས་མི་གཅིག་ཁྲི་མ་འབུམ་ནས་ཆོས་ནོར་རིག་གསུམ་གྱི་གཏེར་ཁ་ཡོངས་རྫོགས་བོད་ལ་དྲངས་ཏེ་འཛམ་གླིང་མི་རིགས་ཁྲོད་སྔོན་ནས་སོང་ཞིང་མགོ་ནས་བསྡད་པའི་ལོ་རྒྱུས་ཀྱང་ཆུ་ངོགས་གཏམ་རྒྱུད་དང་གེ་སར་སྒྲུང་གླུ་ལས་རིང་བ་ཡོད་མོད། མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་བའི་སྙིང་གཏམ་ཐུང་ངུར་ངས་ཀྱང་ཕྱོགས་གཅིག་ནས་བདེན་ལྕོག་ལྕོག་གི་དབུ་ལོ་དལ་གྱིས་ལྡེམ་སྲིད། ང་བསམ་གཞིག་རྣལ་མའི་འཁར་གསིལ་ལ་ཁེན་ཏེ་དེང་དུས་ཀྱི་གླེགས་བམ་དང་ཚགས་པར་ཁ་ཤས་དལ་གྱིས་ཀློག་དུས། གཟུགས་གཞི་སྐམ་རིད་ཀྱི་དཔངས་ཞིན་ཏུ་དམའ་ཞིང་ཕྲ་ལ་སྐྱ་ཐག་ཆོད་པའི་ངོ་གདོང་སྙིང་རྗེ་བོ་ཞིག་ཐོག་མར་མཐོང་བྱུང་། ཁོས་རང་གི་ལྟོ་བ་མ་རྒྱག་པའི་སྡུག་ཡུས་དང་བུ་ཕྲུག་མ་སོས་པའི་ངོ་ཚ་སོགས་ཐམས་ཅད་རང་ཉིད་ལས་འགོ་བརྩམས་པའི་གནད་དོན་མང་བོ་ཞིག་གངས་ལྗོངས་རིག་གཞུང་སྤྱི་དང་ཁྱད་པར་ནང་བསྟན་ཆོས་ལུགས་འཁོར་བཅས་ལ་ཁག་བཀལ་ཏེ་ཡོད་ཚད་ཐལ་དོང་དུ་འཕེན་དགོས་ཞེས་བུ་ཆུང་གཅེས་ལངས་བཞིན་དུ་འཕག་འཚག་རྒྱག་ཅིང་། ཁྱིམ་མཚེས་སམ་རི་སྡེ་གཞན་ཞིག་གི་ལོངས་སྤྱོད་ལ་སྐྱབས་འཚོལ་དགོས་པའི་ཉོག་གཏམ་ལུང་བ་གང་གིས་རྒྱང་འབོད་བྱེད་ཀྱིན་འདུག  གླེགས་བམ་དེའི་ལྟག་རྒྱབ་ན་ཕྱག་མཛུབ་ཆ་གཅིག་རྩ་བ་ནས་ཆད་པའི་སྒྱུ་རྩལ་བ་མོ་ཆས་སྤྲས་པ་ཞིག་དང་དེའི་སྒྱུ་རྩལ་གྱི་རྒྱུག་ཁྱི་ཞིག ཆུང་མས་བསྐྱུར་བའི་མི་རྐྱང་གཟུགས་རིང་ཡ་སོ་ཕྱི་རུ་བརྒྱངས་ཤིང་སྤྱང་ཀུའི་གཤིས་ཀར་དགའ་མཁན་ཞིག སྲོང་བཙན་ཆོས་ལ་དད་པས་ནོར་འཁྲུལ་ཆེ་ཞིང་། གླང་དར་ཆོས་ལ་སྡང་བས་སྐྱབས་མགོན་དུ་སྒྲོག་པའི་མགར་རྩེའི་མི་ཆུང་ཁ་ཕོ་ཅན་ཞིག  བླང་དོར་གྱི་གནས་ལ་དཔྱོད་མི་ཤེས་པའི་གསར་བུ་སྣང་བ་ཅན་འགའ་རེར་ལྐོག་གཡོའི་རྒྱང་འབོད་བྱེད་མཁན་དེ་དུས་རབས་གསར་བའི་བོད་ཀྱི་ལམ་སྟོན་པར་ཁས་འཆེ་བའི་གྲྭ་ལོག་གདོང་ཕྱེད་སྤུ་ཡིས་ཁེབས་པ། ད་དུང་སློབ་གྲྭ་ཆེ་འབྲིང་ག་གེ་མོ་ནས་རྒྱུགས་མ་འཕྲོད་པའམ་འཕྲོད་ཀྱང་འགྲོ་ལམ་མ་རྙེད་པ་སོགས་སྤྱི་མཐུན་ལས་དབང་བཙན་པོས་རིགས་མཐུན་དུ་བསྡུས་ཀྱང་ལས་དབང་མེད་པའི་ཐ་ཚིག་མངོན་ལྐོག་ཅི་རིགས་ནས་སྒྲོག་པའི་ངོ་གདོང་ཉམ་ཐག་པ་མང་བོ་ཞིག་མཐོང་བྱུང་། ལོག་རྟོག་འཐོར་རླུང་བཙན་པོས་མུན་དོང་དུ་འཕངས་པས། ཁྲོན་པ་ཟབ་མོའི་སྦལ་བ་བཞིན་ས་ཆེན་པོའི་དཀྱིལ་འཁོར་ཡང་རང་གི་ཁོར་ཡུག་ཆུང་ཆུང་གི་གྲིབ་མས་སྤྱི་བསྡོམས་བྱེད་པའི་མ་དག་འགྲོ་བ་འདི་ཚོས། ཚད་གྲུབ་ལུང་རིགས་མཚོན་ཆའི་ཟིལ་ཤུགས་མི་བཟོད། ཡང་དག་གནས་ལུགས་ངོ་མའི་རང་ཞལ་མི་མཐོང་། གནའ་དེང་གཞུང་ལུགས་ཀྱི་ཉིང་བཅུད་མ་ལོན་པར་མཐེ་བོང་གནམ་ལ་ཀེར་བའི་མུ་ཏོ་བ་བཞིན་གཞན་གྱི་ཕྱགས་ལུད་ལའང་རིན་བྲལ་ནོར་བུའི་འདུ་ཤེས་འཛིན། བླང་དོར་ཕྲ་མོའི་རྣམ་བཞག་ལ་རྨོངས་ཤིང་ཚོགས་དྲུག་སྨྱོན་པའི་ཟློས་གར་ལང་ལོང་འཁྲབ། ཀྱེ་མ་ཀྱེ་ཧུད། ཕ་རྩམ་ཟན་དཔའ་བོའི་རིགས་རྒྱུད་ཅིག་ལ། བུ་སྐྱག་ཟན་རྡར་མའི་ཁྱུ་ཚོགས་འདི་ཅིའི་ཕྱིར་སྐྱེས།
   ཝེ། རང་སེམས་ལ་སྐོར་བ་རེ་བྱོས་དང་། མ་གཞིར་ཁྱེད་ཚོ་དུས་རབས་གསར་བའི་གླུ་བ་ཡིན་ནམ། རིགས་རྒྱུད་ཅིག་གི་ཚེ་སྲོག་རྒུམ་པའི་འཕུང་འདྲེ་ཡིན། ནོར་འཁྲུལ་དང་གཡམ་རྒྱུགས། ཨ་གསར་དང་ཅལ་འདྲོགས་རྐྱང་རྐྱང་གི་རི་རྩེ་ནས་སྟག་ཤ་རའི་ཀི་སྒྲ་རླུང་ལ་བསྐུར་ཏེ། གཞིས་ཁྱིམ་གྲུ་བཞིའི་ཡོད་ཚད་ལ་སོ་སྒྲ་འཆའ་བཞིན། ཕ་མེས་ཡང་མེས་ཀྱི་ཐོང་ཀར་འཇུས་ཤིང་། ཕ་ནོར་བུ་ནོར་ཀུན་རྡོག་པས་བརྫི་ཕོད་པའི་གསར་བཏོད་དམ་གཏོར་བཤིག་གི་བློ་སྤོབས་དེ་འདྲ་གང་ནས་རྙེད་བྱུང་།
   ཁྱེད་ཚོས། སྐུ་ཚེ་མི་རིགས་སློབ་གསོར་ཕུལ་པའི་རིག་པའི་དཔའ་བོ་དག་གི་ཐུགས་རེར་ཁྲམ་རྟགས་དམར་བོ་བྱིན། ཁྱེད་ཚོས། ཕ་མ་བྱམས་སེམས་ཅན་དང་ཕུ་ནུ་འདང་བརྩེ་ཅན་དག་གིས་སེན་མགོ་ཁྲག་དང་སེན་རྩ་རྣག་བྱས་ཏེ་དཀའ་སྡུག་འབུམ་ཕྲག་གིས་བསགས་པའི་སློབ་དངུལ་མང་བོ་རང་དགར་བརླགས། ཁྱེད་ཚོས། མི་ཚེའི་ཕྱེད་ཀ་སློབ་སྦྱོང་ལ་གཟད་ཀྱང་སེམས་པའི་མཐོང་སྣེ་མུན་པས་བསྒྲིབས་ཤིང་ཀླད་ཆེན་ཚལ་བ་ནད་ཀྱིས་ཟིན་པའི་ཁ་ཕོ་ཅན་རེ་ལས་ཅི་ཡང་མ་འཁྱོངས། ཁྱེད་ཚོས། གངས་ཕྲུག་བློ་ཤེད་ཅན་ཚོའི་སེམས་ཁོངས་སུ་ཧ་ལའི་དུག་གི་ཆབ་རྒྱུན་དྲངས། སྤྲིན་པ་ཁ་སེར་གཏིང་ནག་གི་རིགས་ཀྱི་འདོད་བློར་ཅང་ཤེས་རྟ་ཕོའི་བང་རྩལ་ངོམ། ད་དུང་། ནུབ་གླིང་རིགས་སྨྲ་མང་བོའི་མདུན་དུ་མཐའ་མི་དཔོག་པའི་ངོ་ཚ་ཉོས་སོང་བ་མངོན་ལྟོས་གྲུབ་རེད། ཁྱེད་ཚོ་རང་ཉིད་ཀྱིས་ཡང་ཡང་གླེང་གིན་ཡོད་པ་བཞིན། ཅི་ནུས་གང་ནུས་ཀྱིས་དག་སེལ་གནང་མུས་འདུག་པ་ལྟར། རྩ་བའི་ཀུན་སློང་དཀར་བོ་དཀར་གཙང་ཡིན་ན། ངས་ཀྱང་སེམས་དྲོན་མོ་སྙིམ་མཐིལ་དུ་བླངས་ཏེ་ཤ་ཚ་བའི་སྙིང་གཏམ་འདི་ཉིད་འཆད། སྤྱིར་རྐང་གཉིས་མི་ཞིག་དང་། དགོས་སུ་རིག་སྨྲའི་གྲལ་དཔུང་དུ་སྙེག་པ་ཞིག་ཡིན་ཕྱིན། སླད་མེད་ཀྱི་ལྷག་བསམ་དཀར་བོ་དང་། དྲང་བདེན་གྱི་ལ་རྒྱ་བརྟན་པོ་རེ་ཅིས་ཀྱང་ཡོད་དགོས། རྩ་བའི་ཆ་རྐྱེན་འདི་འཛོམས་ཡོད་ཚེ། བྱ་བཞག་འགའ་རེར་ནོར་འཁྲུལ་ཡོད་ཀྱང་བཅོས་པས་ཆོག གོམ་སྟབས་ལ་ལ་གཞན་དུ་འཁྱོགས་ཀྱང་བསྒྱུར་བར་འོས། ཆོས་ཉིད་གཞན་ཞིག་ནས་བསམ་ཚེ། མདུན་བསྐྱོད་ལ་བརྩོན་པའི་མི་རིགས་ཤིག་ཡིན་ན་སྣ་ཚོགས་སྨྲ་བརྗོད་ཀྱི་བསམ་བློ་ཅི་ཡང་མེད་པར་ཁུ་སིམ་མེར་འདུག་ཐབས་མེད་པ་ཅིས་ཀྱང་བདེན། བསྲེག་བཅད་བརྡར་གསུམ་གྱི་གོ་རིམ་ཁྲོད་ནས་གསེར་སེར་བོའི་རང་མདངས་རྙེད་པ་བཞིན། གོག་ལངས་འགྱེལ་གསུམ་གྱི་བརྒྱུད་རིམ་ལས་མི་ཚེའི་བཤུལ་ལམ་ཟིན་པ་བཞིན། ཁ་དོག་མི་གཅིག་པའི་བསམ་བློའི་འཐབ་འཛིང་ཀློང་ནས་ཁ་བའི་རྣམ་ཤེས་གསར་བའི་ཞིང་ཁམས་དེ་རྙེད་ཀྱང་སྲིད། དོན་དམ་པར། ཁྱེད་ཚོ་ཉི་མའི་བུ་རྒྱུད་འཁྲུལ་མེད་ཡིན་པས་ཝ་སྤྱང་གི་རིགས་དང་བསྡུར་ན་ང་ཅག་ལ་འདང་བརྩེ་ཧ་ཅང་ཟབ། སྨྱོ་མཚམས་ཞོག་ཅིག  ད་དུང་ཁ་བའི་རི་ལུང་ན་མི་མིན་ཆོ་འཕྲུལ་བཟློག་པའི་པཎ་གྲུབ་གྲངས་མཐའ་མེད། ཕྱིར་ལ་ཕེབས་ཤོག ཁྱེད་ཚོས་སྙེག་བཞིན་པའི་ལམ་དེ་རྨི་ལམ་རིང་མོ་ཞིག་གི་འཇའ་ཚོན་རེད། ལེགས་པར་སོམས་ཤིག གདོང་དམར་བོད་པ་ཚང་གི་རིག་གཞུང་དག་ང་ཚོ་ལྟ་ཅི་འཛམ་གླིང་སྤྱི་ནོར་གྱི་ཡང་རྩེ་ཡིན།

༢༠༠༢ ༨ ༡༠

སློབ་དཔོན་ཐོན་མི།

༡  ཉི་མའི་སྤྱི་འཁོར་སྟོང་ཕྲག་ལྷག་ལྡོག་ཏེ་བགྲངས་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ན། རྟོག་བཏགས་ཏིང་འཛིན་གྱིས་མ་བཞེངས་པའི་རིག་སྨྲ་དཔའ་བོ་ཁྱེད། ཇོ་མོ་བླ་རིའི་ཡང་རྩེ་ནས་འཕུར་ཞིང་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ངོགས་སུ་བབས་ཚེ། ད་གཟོད་ལྷིང་འཇགས་ཀྱི་གྲུ་ག་འདིར་དབྱངས་གསལ་སོ་བཞིའི་རུ་དཔུང་བསྟར་ཞིང་སྔོན་རྗེས་མིང་གསུམ་སྦྱོར་ཀློག་གི་དབྱངས་སྙན་མཆེད། དེ་ནས་བཟུང་མི་བུ་གདུང་དྲུག་གི་ཕ་ས་སྣུམ་པོ་སྲིད་འབྱོར་རིག་གསུམ་གྱི་གཏེར་དུ་གྲུབ་ལ།  རྒྱལ་ཕྲན་གང་མང་གི་ཕྱྭ་གཡང་སྤྲིན་བཞིན་འདུས་སྐད།   
༢ ན་ཚོད་མ་སྨིན་ཀྱང་ཕུགས་འདུན་ཟབ་པའི་ཁྱེའུ་ཆུང་ཆུང་། ལྷོ་གཉལ་བ་སྣང་གྲགས་ཀྱི་ཚོམས་ཆེན་བདེ་དགའ་འབུམ་འཁྱིལ་རྒྱབ་ཏུ་བསྐྱུར་ཞིང་ལྷ་བཙན་པོའི་བཀའ་ལུང་ལྕི་མོ་ཕྲག་པར་ཁུར་དུས་གསེར་བྱེ་བྲེ་གང་དང་བསིལ་སྨན་ཕོར་བ་གང་གི་ལམ་བརྒྱགས་ལས་ཅི་ཡང་མེད་མོད། སྐུ་འཁོར་ཧྲག་བསྡུས་ཀྱིས་རམ་འདེགས་འོག་གཅན་གཟན་གྱི་རྫོང་དུག་སྦྲུལ་གྱི་ལྗགས་རྩལ་འགྲན་སའི་བཤུལ་ལམ་རིང་མོར། ལྷག་བསམ་གཙང་མ་ཞིག་དང་སྤོབས་སེམས་མཐོན་པོ་ཞིག་གིས་མི་རིགས་འདིས་རྨིས་མ་མྱོང་བའི་རྨི་ལམ་འཚོལ་ཕྱིར་ཉམ་ཆུང་གིས་ཕེབས་ཚེ། ཇི་འདྲའི་སྐུ་ཚེགས་ཤིག་མྱངས་ཡོད་འགྲོ་ཨང་། སྐབས་དེར་ཉི་འོད་ལྟ་བུའི་དྲོད་ཁོལ་དང་ཟླ་འོད་ལྟ་བུའི་མདུན་ལྗོངས་དཀར་བོ་ཞིག་ལྗོངས་འདིར་འདྲེན་འོང་བ་སུ་ཡི་རྟོག་ངོར་འཆར།
༣ ང་དང་ང་ལྟ་བུའི་སྤྱིར་བཏང་བའི་མི་ཞིག་ལ་མཚོན་དེ་བཤད་ན། ཧ་ཅང་ཐུང་དྲགས་པའི་ལོ་ཡི་འཁོར་ལོ་(བོད་མཁས་པའི་དམ་ཆོས་གླེགས་བམ་སྒྲུབ་ཚུལ་ལས་སློབ་དཔོན་ཐོན་མི་རྒྱ་གར་དུ་ལོ་བདུན་ལ་བཞུགས་པར་བཤད།) བདུན་གྱི་ཐོབ་འབྲས་ནི་གླེང་རིན་མེད་པའི་སོས་ཀའི་རྨི་ལམ་ཐེངས་གཅིག་ཡིན་སྲིད་ཀྱང་། གཙང་མ་ལྷ་ཡི་རྒྱུད་ལས་མཆེད་ཅིང་རིག་པས་རྒྱལ་ཁམས་བསྐོར་བའི་དཔའ་བོ་ཁྱོད་ཀྱིས། རིག་པའི་རྩལ་ཕྱེས་ཤིང་ཤེས་རབ་ཀྱི་སྒྲོན་མེ་བཏེགས་ཏེ། ཡིག་རིགས་དྲུག་ཅུ་རྩ་བཞི་དང་མདོ་རྒྱུད་བྱེ་བའི་ཉིང་བཅུད་ཧུབ་ཀྱིས་བཞེས་པས། ངེས་དོན་གྲགས་སྙན་ཧི་མ་ལ་ཡའི་རི་རྩེ་ནས་མཛེས་སྡུག་གིས་འཕུར་ཚེ། འཕགས་ཡུལ་པཎ་གྲུབ་མང་བོས་ཀྱང་ཁྱེད་ལ་བོད་མི་ཡང་དག་སྟེ་སཾ་བྷོ་ཊའི་ཆོ་ལོ་བསྩལ་བས་སྐབས་དེར་ཡམ་ལྷ་ཤམ་པོའི་འདབས་ཀྱི་སྤྲེལ་རྒྱུད་འདིའི་དབུ་འཕང་ཡང་དགོང་སྔོན་གནམ་ཡིན་ངེས།
༤ སཾ་བྷོ་ཊ་ཤེསརིག་གི་གོང་བུར་གྱུར་མོད། སྤྱི་ལོ་དྲུག་བརྒྱ་སོ་དགུ་ལོའི་དབྱར གཞུང་ཞིག་གི་ཞོགས་པའི་ཉི་གཞོན་བུ་མོའི་བརྩེ་འཛུམ་ཁྲོད་སློབ་དཔོན་རྣམ་གཉིས་དང་འབྲལ་དཀའ་བའི་སྤྱན་ཆབ་མཚོ་རུ་བསྐྱིལ་ཟེར། དེ་ཡང་ཡ་རབས་དམ་པའི་རང་གཤིས་ངོ་མ་ཞིག ཁྱེད་བོད་ལ་ཕེབས་པར་དགའ་སྟོན་ཇི་འདྲ་བཤམས་པ་སུས་ཀྱང་བཤད་དཀའ་མོད། དུས་དེ་ནས་བཟུང་རྒྱལ་རབས་ལྔ་ལ་མ་གྲོལ་བའི་གཉན་པོ་གསང་བའི་མདུད་རྒྱ་གྲོལ། བོད་རང་སྐད་དང་མཐུན་པའི་ལུང་སྟོན་པའི་བསྟན་བཅོས་བརྒྱད་ཀྱི་གླེགས་བམ་བརྩིགས། མདོ་རྒྱུད་ཉེར་གཅིག་གི་བྱིན་རླབས་པོ་ཏ་ལའི་གཟི་འོད་དང་སྙོམ་པར་སྦྱར་བས། ངོ་མ་ཆོས་རྒྱལ་སྲོང་བཙན་སྒམ་པོའི། ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་བོར་གྱུར། དེ་ནས་བཟུང་མ་བོས་ཕྱོགས་ཀྱི་མགྲོན་པོ་སྤྲིན་བཞིན་འདུས། རྒྱལ་ཕྲན་སྡེ་ཕྲན་མང་བོའི་ཕྱྭ་གཡང་བཀུག གངས་དཀར་བོའི་གཟི་མདངས་སྔར་ལས་རྒྱས་ཏེ་ངའི་ཡབ་མེས་སེམས་བཟང་རྣམས་ཀྱང་འཛམ་བུའི་གླིང་གི་རྒྱ་ཕིབས་སུ་ཁེངས་དྲེགས་ཀྱིས་འགྱིང་སྐལ་ཐོབ། སྒྲོ་བཏགས་འཇའ་རིས་ཀྱི་ཁ་རྒྱན་མི་དགོས་པའི་མཛངས་བློན་ཆེན་པོ། ལོ་རྒྱུས་ལ་དྲང་ངེས་ཡོད་ཀྱང་ཆོག དུས་རབས་ལ་འཕོ་འགྱུར་མང་ཡང་རུང་། པོ་ཏ་ལའི་གཟི་བྱིན་མ་ཉམས་བར་དུ། ཡིག་དྲུག་གི་དབྱངས་རྟ་མ་འགག་བར་དུ། སློབ་དཔོན་མཆོག་གི་ཕྱག་རྗེས་ནི་ནམ་ཡང་ཕྱག་རྗེས་ཏེ། གཙང་ཆབ་སྔོན་མོའི་རྒྱུན་དང་མི་འགྱུར་བྲག་རིའི་གཤིས་ལས་གཞན་དུ་ཅི།
༥ གངས་རིའི་སྒྲོན་མེ་སྟེ་དཔོན་ཐོན་མི། ཐུགས་སེམས་ལྷོད་པོས་བདེ་ལྡན་ཞིང་དུ་བཞུགས་རྐྱང་མཛོད། དུས་རླུང་འཚུབ་མའི་ངར་ཁ་འདིར། ཡོད་ཚད་ལ་དོགས་པ་ཟ་ཁུལ་གྱིས་རང་ཉིད་ཟད་པའི་ཞིབ་འཇུག་པ་གླེན་པ་དང་། གསར་བ་ནང་འདྲེན་ཡིན་རློམ་གྱིས་གཞན་གྱི་ཕྱགས་ལུད་རྒུམ་པའི་བོད་ཕྲུག་རྫུན་མ་རེ་ཟུང་གིས། ཁྱེད་དང་ཁྱེད་ཀྱི་ཕྱག་རྗེས་ལའང་བསྙད་འདོགས་སམ་ཐ་ན་ལྷ་སྒྲུང་གི་ངོས་ནས་ཀྱང་མ་གླེང་བ་མིན་མོད། འོ་དོད་ལ་མོས་པའི་ཅང་མེད་སྤྲང་ཁྱུ་ཞིག་གིས་འཇིག་རྟེན་མི་བསྒུལ་བར་ངས་སྔ་མོ་ནས་ཤེས་ཡོད། དེའི་ཕྱིར་ཡང་དག་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་པའི་མཆོག་གི་ཕྱག་རྗེས་ཟབ་མོ་དཔྱོད་ལྡན་ཕྱི་རབས་པའི་སེམས་ཁུངས་ན་རྟག་བརྟན་རྡོ་རྗེའི་གཤིས་སུ་གྲུབ་ལ། ཁྱེད་ཀྱི་མཛད་འཕྲིན་དཀར་བོ་ཆོལ་ཁ་གསུམ་དང་གླིང་ཆེན་ལྔ། མདོར་ན་ཁྱིམ་བཅུ་གཉིས་ཀྱིས་བཟུང་བའི་ལྗོངས་སུ་ངེས་མེད་དུ་འབབ་པའི་ཁ་བ་བཞིན་ཁྱབ་ངེས། སློབ་དཔོན་ལགས་གཟིགས་དང་། དུས་རབས་ཉེར་གཅིག་པའི་དབྱངས་སྙན་དང་འགྲོགས་ཏེ་རིགས་ཞེན་གྱི་ལྷ་རྒྱལ་འཐེན་བཞིན་པའི་ང་ཚོ། དབྱངས་གསལ་སོ་བཞིའི་རུ་དཔུང་དང་བསྡོངས་ཏེ་མདུན་སྐྱོད་ཀྱི་གོམ་སྟབས་མྱུར་བའི་ང་ཚོ། ཁྱེད་ཀྱི་རྒྱུད་འཛིན་པ་ཏག་ཏག་ཡིན། ང་ཚོ་ཡུན་མི་རིང་བར་འཛམ་གླིང་ཡང་རྩེར་སོང་སྟེ་སཾ་བྷོ་ཊའི་བ་དན་བསྒྲེང་ངེས། སྐབས་དེར་ཁྱེད་ཀྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོར་ཡིག་ཕུད་དུ་ཕུལ་བའི་ཤིས་ཚིག་ལྟ་བུ་ཞིག་བསྣམས་ཏེ་ཐོག་མའི་སྐུ་མགྲོན་དུ་ཕེབས་ཤོག་དང་། ང་ཚོར། རྒྱ་གར་དབྱངས་གསལ་ལས་ཇི་ལྟར་འདོར་ལེན་བྱས་ཚུལ། ཡི་གེ་དྲུག་གང་ནས་རྙེད་པ། ཁྱོད་ཀྱི་བརྡ་སྤྲོད་བསྟན་བཅོས་བརྒྱད་པོ་གང་དག་ཡིན་པ། ཡང་འཇུག་གཉིས་པོ་གཞུང་གང་དུ་བསྟན་པ་སོགས་མང་བོ་ཞིག་འདྲི་རྒྱུ་ཡོད་ལགས།
   རྩོམ་ཡིག་འདི་ལ་ཉིས་སྟོང་གཅིག་ལོའི་མཚོ་སྔོན་ཞིང་ཆེན་གྱི་སྣང་གསལ་བུམ་པའི་ལྷུག་རྩོམ་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ།

ཟླ་བ་མཚོ་ལ་ལྷུང་བ།   

    ཉི་ཟླ་སྒོར་མོ་ནུབ་ཕྱོགས་ཆུ་ལྷའི་ཞལ་ཟས་སུ་བརྫངས་རྗེས་ཀྱི་ཟླ་བ་ཞིག་ལ། ཏག་ཏག་ཟླ་བ་འདི་ཤར་རིའི་རྩེ་ནས་དལ་བུར་འཕགས་བྱུང་མོད། སྐབས་དེར་ད་དུང་མཁའ་མཐའ་སྤྲིན་གྱིས་བཟུང་ཡོད་པས་སུ་ལའང་འོད་དཀར་གྱི་སྣང་བ་མ་འདྲ། ལོ་དུ་མའི་རྗེས་སུ་ཟླ་བ་དེ་ཟླ་བཅུ་གཅིག་པར་སྟེས་དབང་གིས་ཤར་བའི་གསང་བ་ཕྱི་རུ་གྱར་བས་ཁོར་ཡུག་ངེས་ཅན་ཞིག་ལ་འུར་ཟིང་བཟོས། འུར་ཟིང་གི་ཁ་རླངས་སྨུག་པར་གྱུར། སྨུག་པ་སླར་ཡང་སྤྲིན་དུ་གྱུར་ཏེ་འཕེལ་ཆ་མ་རྫོགས་པའི་ཟླ་འོད་ཡོངས་སུ་བསྒྲིབས་པས་ཡང་བསྐྱར་འཇིག་རྟེན་མུན་པའི་ཀློང་དུ་ཚུད།
    ཟླ་བ་ཤར་བྱུང་། འཇའ་ཚོན་རྐྱང་རྐྱང་གིས་སྤྲས་ཏེ་ཤར་བྱུང་། ཐེངས་འདིར་ཟླ་བ་མཁའ་ལས་མ་ཤར་བར་མཐའ་མེད་རྒྱ་མཚོའི་ཀློང་ནས་དཀྲུགས་བྱུང་བས་ཚངས་པ་དང་བརྒྱ་བྱིན་གྱི་ནུས་མཐུར་ཧ་ལས་ཏེ་ཚེ་སྲོག་ཚོན་པོ་དག་རེ་རེ་ནས་སྨྲ་མེད་འཇིམ་སྐུའི་ངོ་བོར་འཕོས། ནེ་ཙོ་ཁ་ཤས་ཀྱིས་ཟླ་བ་ཤར་སྟངས་འདི་དུས་རབས་འཕོ་འགྱུར་གྱི་ཟུར་མཚོན་དུ་སྒོམ་བཞིན། ཧ་ཅང་སྒམ་བརླིང་གིས་མི་སེམས་སྒུལ་བའི་སྐད་ཆ་འགའ་བཤད་པས། ངོ་མ་ཟླ་བ་བྲམ་ཟེ་རྣམས་ཀྱིས་རྒྱལ་བོར་བསྐོས་པ་ཡིན་སྙམ་པའི་མུར་ལྷ་སྒྲུང་ལ་དགའ་བའི་རིགས་རྒྱུད་ཅིག་གིས་རིག་བྱེད་གཏམ་རྒྱུད་ཅིག་ཤུབ་བུར་བཟླས་རྗེས་ཐམས་ཅད་སྨྲ་བ་མེད་པར་གཉིད་དུ་ཡུར་སོང་། ཁོ་ཚོའི་རྨི་ལམ་དུ་ཟླ་བ་མཁའ་རུ་ཤར་ཡོད་ངེས། དུས་ཚོད་གང་འཚམ་གྱི་རྗེས་སུ་མི་རྣམས་རེ་རེ་བཞིན་གཉིད་ལས་སད་དེ་གན་རྐྱལ་དུ་ཉལ་ནས་ནམ་མཁར་བལྟས་ཚེ། རྒྱུ་སྐར་ཕྲ་མོའི་མུ་ཁྱུད་ཙམ་ལས་ཅི་ཡང་མ་མཐོང་བས། ཟླ་བ་གཟའ་ཡིས་བཟུང་ཟིན་པར་ངེས་པ་རྙེད་ཀྱང་ཡོད་ཚད་འཕྱིས་དྲགས་འདུག  དེ་བས་གདུང་ཡུས་ཟབ་མོའི་རྨ་ཁ་སྙིང་ལ་འདེབས་བཞིན། སྟོན་ནམ་ཁུགས་པ་བཅོ་བརྒྱད་ཤུགས་རིང་ནར་ནར་གྱིས་བསྐྱལ། དུས་ཡུན་གང་འཚམ་གྱི་རྗེས་སུ་ཕྱི་རོལ་ནས་གཡུགས་བྱུང་བའི་རླུང་སྒྲ་ཞིག་ལས་ཟླ་བ་མཚོ་ལ་ལྷུང་འདུག་ཟེར། ཁོ་མཚོ་ལ་ལྷུང་བ་ཡོད་ཚད་ལས་ཆེས་ཆུང་ཤོས་དེ་ཡིན་ངེས། ཟླ་བ་ནི་མཚན་མོའི་རོལ་དབྱངས་ཤིག་སྟེ། རོལ་དབྱངས་འདི་མང་བོ་ཞིག་ལ་ཚེ་སྲོག་ལས་ཀྱང་རིན་ཐང་ཆེ། ཟླ་བར་རྟ་མཆོག་བདུན་དང་གསེར་གྱི་ཤིང་རྟ་མེད་མོད། ཟླ་བའི་གཏམ་རྒྱུད་ཉི་མ་ལས་རིང་ཞིང་ཟླ་བའི་འོད་ཟེགས་བསིལ་ལ་འཇམ་པས། ཟླ་བ་མཚོ་རུ་ལྷུང་བའི་ཕམ་ཉེས་ལ་སུས་ཀྱང་སྐྱོ་བ་སྒོམ་སྲིད། ཟླ་བའི་རང་ཞལ་མཁའ་ལམ་ནས་མ་གསལ་བར་དུ། ཟླ་བ། བསྐལ་བ་འདི་ཆགས་རྗེས་ཤིག་ལ་སྟོང་སང་རླུང་དཀྱིལ་ཡངས་བོར་རང་བྱུང་གིས་འཁྲུངས་ཤིང་རང་དབང་གིས་འཁོར་བའི་ལོ་རྒྱུས་ཤིན་ཏུ་རིང་མོད། ང་ལ་གསལ་ཆ་ཆེ་བ་ནི་རྩིས་དབང་ཆེ་གེ་མོས་ཟླ་བའི་གསང་བ་བརྟོལ་ཏེ་གཏན་ལ་ཕབ་རྗེས་ཤིག་ཡིན། དེ་དུས་མི་རྣམས་ཀྱིས་ཉི་མའི་འཁོར་བསྐྱོད་ཙམ་ལས་སྐར་ཕྲན་གཅིག་ཀྱང་ངོས་བཟུང་བྱས་མེད་པས་ཟླ་བའི་དབུ་འཕང་ཆེས་ཆེར་མཐོ། སྐབས་དེ་ཤེད་དུ་ཟླ་བ་མཚོ་ལ་ལྷུང་བའི་སྐད་ཆ་ཙམ་བཤད་ན། བཤད་མཁན་དེ་སྨྱོས་འདུག་ཟེར་སྲིད། ང་སློབ་ཆུང་འགྲིམ་ཚེ། ཟླ་བ་ཁྲོན་པར་ལྷུང་བའི་སློབ་ཚན་ཞིག་སྦྱངས་མྱོང་། སྤྲེལ་ཕྲུག་ཚོས་ཟླ་བ་ཁྲོན་པ་ལས་སྐྱོབ་པའི་སྙིང་སྟོབས་བློར་མི་ཤོང་བའི་ཚོད་དུ་འདུག  དགེ་རྒན་གྱིས་དེ་ནི་ཕུལ་བྱུང་སྙིང་སྟོབས་མཚོན་པའི་སློབ་ཚན་ཡག་ཤོས་ཤིག་རེད་ཅེས་ཡང་ཡང་གསུངས། ངོ་མ། ད་ལྟ་ཟླ་བ་ཁྲོན་པར་མ་ལྷུང་ཡང་མཚོ་ལ་ལྷུང་སོང་བའི་དངོས་དོན་འདིས། ཡང་བསྐྱར་མི་རྣམས་ལ་བློ་སྒོ་ཅི་ཞིག་ཕྱེས། འགྲོ་བ་མི་འདི་སྤྲེའུ་ལས་བློ་རིག་བཀྲ་ཞིང་འཆར་སྒོ་མྱུར་བ་ཞིག་མ་རེད་ཅེས་བརྗོད་ན་སུས་ཀྱང་ཁས་མི་ལེན་མི་འདོད་མོད། དོན་དངོས་ཁྱོད་ཚོར་སྤྲེའུ་ལས་ལྷག་པའི་སྙིང་སྟོབས་ཅི་ཙམ་མཆིས། སྤྲེའུ་ལས་འཕགས་པའི་འཆར་སྒོ་ག་ཙམ་གདའ། ཡབ་མེས་གོང་མས་ལྷ་རུ་བཀུར་བའི་ཟླ་བ་དེ་ཁྱེད་ཚོས་གཏིང་ཟབ་མུན་པའི་མཚོ་རུ་བསྐྱུར་རྒྱུ་ཡིན་ནམ།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།