གཡུ་སྲས་ཀྱི《ལྷ་སའི་ཉི་འོད》སོགས་སྙན་ངག་ཁག་བཞི།
རྩོམ་པ་པོ།:གཡུ་སྲས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-06-24 09:13:00
ཀློག་གྲངས།:
གཡུ་སྲས་ཀྱི་སྙན་ངག་ཁག་བཞི།
གཡུ་སྲས།(ལྷ་ས)
འཚེར་སྣང་ཁྲོད་ལུས་པའི་ལྷ་སའི་ཉི་འོད་ནི
ཕ་བོང་ཁའི་སྐུ་མཁར་མ་རུ་ཇི་བཞིན་ལྷིང་ཞིང་འཇགས་ལ
ལྷ་སའི་ཇོ་བོ་སེམས་ལ་བསྙལ་བའི་རྒྱང་རིང་གི་མཇལ་བ་དག་ཀྱང
འཕན་པོ་བའི་ཤིང་རྟའི་འདྲུད་འཐེན་གྱི་ཀློང་ན་འཚུབ་ལོང་ལོང
སྐད་རིགས་འདྲ་མིན་ལབ་ཀྱིན་པའི་མི་ཚོགས་ཀྱི་རླབས་རྒྱུན་རིང་མོ
ནོར་བུ་གླིང་གའི་སྐྱེད་ཚལ་ནས་ཐོན་ཏེ
སྐྱིད་ཆུའི་འགྲམ་ངོགས་སུ་འཕྱམ་འཕྱམ་ལ་བསྐྱོད་ཅིང
སླར་ཡང་ཟམ་མ་ཆད་པར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གཤར་གྱིན་གདའ
ལྷ་སའི་ཉི་འོག་ནས་སྲིད་རྩེར་ཟུག་པའི་གཞས་གདངས་སྙན་མོ
རི་རྩེའི་སྤྲིན་དཀར་ཇི་བཞིན་དཀར་ཞིང་གཙང་ལ
མདང་ནུབ་ཀྱི་རྨི་ལམ་ཇི་བཞིན་མཛེས་སྡུག་ཁྲོད་བཟི་བག་གིས་འཁྲིལ་ནས་ཡོད
ལྷ་སའི་སྦི་རག་དང་ཨ་རག་གི་བཟི་སྟོབས་ཁྲོད་ན་འདུར་གྱིན་པའི
ལྷ་སའི་བུ་མོ་དང་ཆང་མ་དག་ནི
ཆང་མཁན་ཚོའི་སེམས་ཁོང་དུ་ཡུན་རིང་འཇགས་པའི་ལྷ་སའི་ཆང་ཁང་དག་དང་འདྲ་བར
འཁོར་བའི་ཟང་ཟིང་གི་གྲུ་ག་གང་སར་ཤིན་ཏུ་ལྷོད
མི་ཚོགས་ཀྱིས་བསྐོར་བའི་ལྷ་སྐུ་དང་ལྡེབས་རིས་ཀྱི་ཡང་སྟེང་ཁོ་ན
མིག་ཟུང་མང་པོའི་འཚོལ་སྙེག་གི་ཀློང་ན་གཡེར་བག་ལྡན
སྙིང་ཆུང་གི་བུ་གར་འཚངས་པའི་འཆར་ཡན་གྱི་གླུ་སྒྲ་སྣ་ཚོགས
མུ་མེད་ཀྱི་ས་ཆེན་བརྟོལ་ནས་རི་རབ་ཀྱི་རྔམ་བརྗིད་ལ་འཐིམས
ལྷ་སའི་ཉི་འོད གནམ་གྱི་སྲུབས་ཀ་ནས་འཐོར་བའི་དངུལ་མདོག་གི་ནོར་བུ་ཞིག་དང་འདྲ་བར
ལྷ་སའི་གླིང་ག་དང་སྐྱིད་ཆུའི་འགྲམ་ངོགས་སུ་མཇལ་སྐོར་ལ་འགྲོ་བའི
མི་རྣམས་ཀྱི་སེམས་པའི་སྡུག་བསྔལ་དང་མུན་པ་དག་གསལ་ལེར་བཀྲུས་སོང
བར་སྐོར་གླིང་།
ལྷ་སའི་སྣམ་བུ་དང་རྒྱ་གར་གྱི་འདོགས་རྒྱན
བལ་བོའི་ཞྭ་མོ་དང་ནག་ཆུའི་སྐམ་ཤ་སོགས
བར་སྐོར་གླིང་དུ་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་དང་ཚོང་ཟོང་གི་འདུ་འགོད
ཕྱི་གླིང་བ་དང་རྒྱ་མི་ཚོའི་པར་ཆས་ཀྱི་སོ་ཁ་ན་མཚམས་མེད་དུ་འཁོར་གྱིན་འདུག
བར་སྐོར་གླིང་དུ གཏམ་རྒྱུད་སྣ་ཚོགས་ཀྱི་ཁ་དོག་འཚོལ་བའི
འཁྱམ་པོ་དག་ཀྱང་དུས་ངེས་མེད་དུ་རྒྱུ་ཞིང
ཡུལ་སྐོར་བ་སྤྲིན་ལྟར་གཏིབས་པའི་མི་ཚོགས་ཀྱི་འདུ་འགོད་སྟུག་པོས
བར་སྐོར་གླིང་ལ་དུས་བཞིར་ཁོམ་ལོང་བྲལ་བའི
བརྗོད་བྱ་ཆ་མ་འཚལ་བའི་གཏམ་རྒྱུད་མང་པོ་ཞིག་སྣོན་གྱིན་གདའ
བར་སྐོར་གླིང འགྲོ་ཞོར་ལ་ཕྱིར་མིག་ཁྲོད་དུ་ལུས་པའི་རྒྱ་གར་གྱི་བུ་མོ་དེ་དང་འདྲ་བར
རྣ་རྒྱན་སིལ་སིལ་ཁོ་བོའི་གློ་དང་རྒྱུ་མའི་མཚམས་ལ་ཉུལ་སོང
མ་སྐྱེས་ཨ་མའི་དབུ་མེད་ཀྱི་ཚུགས་རིས་དེ་དག་ཀྱང
སྐྱིད་ཆུའི་བཞུར་རྒྱུན་དང་འདྲ་བར་ཤིན་ཏུ་རིང
ལྷ་སའི་ཇོ་བོར་ཐོད་པ་གཏུགས་པར་བྲེལ་བའི་མཇལ་བ་དག
སྡོང་རྒན་ལྟར་འགྱེལ་བའི་ཕྱག་ལེན་གྱི་ཁྲོད་ན
ཚེ་འདི་ཕྱིའི་དངོས་གྲུབ་ཀྱི་འོ་མ་ཆར་དུ་འཇོ་བའི་སྨོན་ལམ་འདེབས
པར་ཆས་བསྣམས་པའི་རྒྱ་སེར་དག་ནི
དགུན་ཟླ་ར་བ་འདིས་ཀྱང་མ་ཁོགས་པའི་གཙང་བོའི་རླབས་རྒྱུན་ཞིག་དང་འདྲ་བར
ཁ་ཆེ་ལྷ་ཁང་གི་སྲང་ལམ་རིང་བོ་བརྒལ་ཞིང
ཁྲོམ་གཟིགས་སྒང་གི་བོད་ལྭ་འཚོང་བའི་ཨ་ཅག་དེ་དང་ལྷན་དུ
དབུས་སྐད་ཏ་མ་ཏིག་ཅིག་ལབ་ལ་བརྩོན་གྱིན་འདུག
ཉི་འོད་འཐུང་བའི་གླུ་བ།
ཉི་འོད་ལྟ་བུའི་སྣང་བ་པོ་ཏ་ལའི་ཡང་རྩེ་རུ་བསྐྱོད་ཅིང
བསིལ་རླུང་འདྲ་བའི་སེམས་པ་བུམ་པ་རིའི་ཡང་སྟེང་ནས་འཕྱོ་དུས
རི་ཆེན་གྱི་ངོས་ལ་འབྱར་བའི་ཁ་བའི་ཚོམ་བུ་ངང་གིས་ཞུས་ཤིང
སྐྱིད་ཆུའི་ངོགས་ན་རྩེན་པའི་བྱ་ཚོགས་ཀྱི་གཤོག་ཟུང་ཡང་ལྡེམ་མགོ་བརྩམས་བྱུང
ཉི་འོད་ཀྱི་སྦྱིན་པས་མྱོས་པའི་ལྷ་སའི་ཕྱི་ནང་ཀུན་ནི
ལྷ་ཚོགས་དང་དད་སྟོབས་ལ་རེ་བའི་ལྗོངས་རིས་གཞན་ཞིག་སྟེ
ཉི་འོད་ཀྱི་བྱིན་རླབས་འཁུར་བའི་ལྷ་སའི་མི་ཚོགས་འདིས
ངའི་གྲེ་ངག་གི་དབྱངས་རྟ་སྐྱ་བོ་ཚོམ་མེད་དུ་བསྒུལ་བྱུང
ངའི་བསམ་གཞིག་གི་མེ་ཕུང་དམར་པོ་མཚམས་མེད་དུ་བསྒྲོན་བྱུང
ཉི་འོད་འཐུང་བར་གོམས་པ་ནས་བཟུང
སྨྲེ་ངག་དང་སྐྱབས་འཇུག་ནི་བཞུར་རྒྱུན་རིང་བའི་གཙང་བོ་ཞིག་དང་འདྲ་སྟེ
ར་མོ་ཆེའི་སྔོ་ལང་ལོང་གི་བསང་དུད་ཁྲོད་སྦས་པའི་སྨོན་འདུན་དག་ནི
ངའི་སེམས་པའི་རྒྱ་ཁྱོན་དུ་ཤོང་བའི་རི་མོ་ཞིག་མིན་པ་འདྲ
རྩེ་སྐོར་གྱི་ལམ་ན་ཕྱིར་མིག་འཕེན་པའི་བགྲེས་སོང་ཚོའི་རྒྱབ་གཟུགས་དག་ནི
བསྐལ་བ་དུ་མའི་སྔ་རོལ་ནས་བོར་བའི་ཅ་ག་རྙིང་བ་ཞིག་དང་འདྲ་བར
ལྷ་སའི་མ་ཎི་འཁོར་ལོ་དང་ངའི་ཚ་ལམ་ལམ་གྱི་ཞེ་རྩར་མིག་ཆུའི་ཕྲེང་རྡོག་སྤུངས
ཉི་འོད་ལྷུག་ལྷུག་འཛུམ་པའི་ཀློང་དུ
ལྷ་ས་ཁོ་ན་ནི་བགྲང་མི་ཚར་བའི་སྨུག་པ་གྱ་གྱུའི་གསེང་གི་ཉི་ཟེར་དང་མཚུངས་ཏེ
ལག་ཟུང་གི་ཕྱི་ནང་ལ་འཐིམས་པའི་བདེ་སྐྱིད་ཀྱི་བྱིན་རླབས་རེ་རེ
འོ་མཚོ་ཐང་དང་འདམ་རའི་གཞུང་གི་བར་གསེང་ནས་མངོན་ཡོང་ཞིང
རི་རྩེར་འཁྱིལ་བའི་སྤྲིན་དཀར་གྱི་འདབ་མ་དག་ལས་བཞུར་ཡོང
ལྷ་ས་ཞེས་པའི་མཐོ་སྒང་གི་གྲོང་ཁྱེར་འདིར
སྒེའུ་ཁུང་ཕྱི་རོལ་དུ་མགོ་བོ་བསྲིངས་པ་ཙམ་གྱིས་སྔོ་བསངས་ཀྱི་ནམ་མཁའ་མཐོང་ཞིང
གོམ་ཁ་ཡང་མོ་ཕྱི་རོལ་དུ་སྤོས་པ་ཙམ་གྱིས་རྔམ་བརྗིད་ཀྱི་པོ་ཏ་ལ་མཐོང་ཡོང
ཉི་འོད་ཁྲོད་ལུས་པའི་ངའི་སྨོན་འདུན་དང་སེམས་གཞས་དག་ཀྱང
ངས་འདི་ལྟར་དྲོད་ལམ་ལམ་གྱི་ཉི་ཟེར་འཐུང་བཞིན་གྱེར་དགོས་བྱུང
སྐྱིད་ཆུར་སྨྲས་པ།
ལོ་ཟླ་འཁྱགས་རོམ་གྱི་དབྱིངས་སུ་ལྷུང་བ་ནས་བཟུང
ཁྱེད་ཀྱི་ཕང་བར་བཞུར་གྱིན་པ་མཛེས་སྡུག་ཁོ་ན་མ་ཡིན་ཏེ
བྱ་ཁྱུའི་གཤོག་འགྱུར་ལ་བྲེས་པའི་ཁེར་སྡུག་གི་རི་མོ་དེའང
སྟོང་ཧང་ཧང་གི་འབོད་པའི་ཁྲོད་ན་དངངས་ཤིང་འཚེར
འཁྱགས་པས་བསྡམས་པའི་གཙང་འགྲམ་དང་ཁེར་རྐྱང་གི་ས་གཞི
རྣམ་ཤེས་ཀྱི་ཁྲག་རྒྱུན་དང་བྲལ་ཏེ་ལོ་མང་འགོར
རི་རབ་ལྟ་བུའི་བརྟན་བརླིང་དང་གཙང་བོ་འདྲ་བའི་ཚེ་སྲོག
བུ་ཡུག་གི་འདུ་འཛི་དང་འཐོར་རླུང་གི་ཧམ་སེམས་ཀྱིས་བགམ་དུས
ལྷུང་ལྷུང་གི་བཞུར་རྒྱུན་དེའང་ཇི་འདྲའི་འཁྲེང་ཞེན་གྱི་འོ་དོད་ཅིག་རེད་ཨང
གང་ལྟར ཁྱེད་ཀྱི་འབབ་རྒྱུན་སྙེག་ན་གངས་དཀར་གྱི་རི་བོ་ཞིག་མཐོང་ཡོང་ཞིང
ཁྱེད་ཀྱི་བཞུར་རྒྱུན་དེད་ན་སྔོ་ལྟེམས་ལྟེམས་ཀྱི་མཚོ་མོ་ཞིག་མིག་མཐར་འཁྱིལ་ཡོང
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།