ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > རྡོ་སྦིས་དགེ་བཤེས་ཆེན་པོའི་རྣམ་ཐར་མདོར་བསྡུས་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
རྡོ་སྦིས་དགེ་བཤེས་ཆེན་པོའི་རྣམ་ཐར་མདོར་བསྡུས་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
རྩོམ་པ་པོ།:དོར་ཞི་གདོང་དྲུགས་སྙེམས་བློ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-09-02 08:53:00
ཀློག་གྲངས།:
རྡོ་སྦིས་དགེ་བཤེས་ཆེན་པོའི་རྣམ་ཐར་མདོར་བསྡུས་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
དོར་ཞི་གདོང་དྲུགས་སྙེམས་བློས་བརྩམས།
འཇམ་དབྱངས་མི་གཟུགས་ས་སྐྱ་པན་ཊི་ཏའི།།
སྐུ་ཡི་སྐྱེ་བར་གྲྭ་ས་ཆེ་རྣམས་སུ།།
རླུང་ལྟར་གྲགས་པའི་ངེས་དོན་དགེ་བཤེས་ཆེ།།
དབུ་ཡི་ཟུར་ཕུད་བྲེགས་པའི་འཇམ་པའི་དབྱངས།།
རི་དྭགས་པགས་པའི་གོས་མེད་སྙིང་རྗེའི་གཏེར།།
རྡོ་རྗེ་ཕྱག་ཏུ་མི་འཛིན་གསང་བའི་བདག།
རྣམ་གསུམ་དབྱེར་མེད་བསྟན་འགྲོའི་དཔལ་དུ་ཤར།།
མཁྱེན་པས་ཤེས་བྱའི་དཀྱིལ་འཁོར་སྙིམ་པར་བསྐྱིལ།།
བརྩེ་བས་རིས་མེད་སེམས་ཅན་གདུལ་བྱར་བསྡུས།།
ནུས་པས་ཆོས་སྲིད་ཟུང་གི་འཁོར་ལོས་བསྒྱུར།།
དྲེགས་ལྡན་ས་སྐྱོང་མང་པོས་སྤྱི་བོར་འཛིན།།
འཆད་ཚེ་གསུང་ཟུར་གཅིག་གིས་གཞུང་བརྒྱ་བཀྲོལ།།
རྩོད་ཚེ་ལུང་རིགས་ཕྲ་མོའི་རྩེ་བརྒྱ་འབར།།
ལྗགས་རྩོམ་ཚིག་དོན་རྒྱ་མཚོའི་རླབས་ཕྲེང་ཅན།།
མཁས་དགུ་རྩོམ་རིགས་བྱེ་མའི་རི་བོར་བཏང་།།
ནན་ཅིན་པེ་ཅིན་གཉིས་སུ་ཞབས་སོར་འཁོད།།
སྲིད་གཞུང་གསར་རྙིང་གཉིས་སུ་བསྟན་སྲིད་བསྐྱངས།།
རྒྱ་བོད་གཉིས་སུ་གཏན་བདེའི་ལམ་ཆེན་སྤེལ།།
རྒྱལ་ཁབ་ཕྱི་ནང་གཉིས་སུ་མཚན་སྙན་འབར།།
རྒྱ་གར་འབར་མ་བལ་བོ་སིང་ག་ལ།།
ཀམ་པོ་ཛ་སོགས་ཆོས་ལྡན་རྒྱལ་ཁབ་ཀྱི།།
ས་སྐྱོང་རྣམས་ཀྱིས་ཞབས་བསིལ་མཆོད་པ་དང་།།
མེ་ཏོག་ཕྲེང་མཛེས་ཕུལ་བའི་རྣམ་ཐར་བརྗིད།།
སྟོན་པའི་དྲུང་དུ་རྒྱལ་རིགས་འདུས་པ་བཞིན།།
ཅང་ཅེ་ཧྲི་དང་མའོ་ཙེ་ཏུང་གཙོ་བྱས།།
རྒྱ་ཡི་དཔོན་ཆེན་མཁས་ཆེན་མང་པོ་ཞིག།
ཆོས་ཁྲིད་གནང་བའི་གྲལ་དུ་ཞུགས་པ་ཐོས།།
ཐུབ་པའི་ཞལ་ཚབ་རྒྱལ་པཎ་རྣམ་གཉིས་ཀྱང་།།
གང་ལ་གུས་པའི་བརྟུལ་ཞུགས་དཔེ་མེད་བཟུང་།།
པཎ་ཆེན་བོད་དོན་ཞུ་ཡིག་ཁྲི་བདུན་མའང་།།
གང་གི་ཕྱག་བྲིས་ཡིན་ཞེས་ཀུན་གྱིས་གླེང་།།
རིག་གནས་གསར་བརྗེར་ནག་ཉེས་ཁག་བཀལ་ནས།།
བཙོན་དང་བརྡེག་བརྡུང་མནར་གཅོད་འཇིགས་བསྐུལ་ཀྱང་།།
མི་འཚམ་མི་འོས་མ་རབས་སྤྱོད་ངན་ལ།།
དྲང་སྲོང་བདེན་པའི་ཚིག་གིས་རྒོལ་བར་བྱས།།
ལྷ་རམས་དགེ་བཤེས་དང་པོ་མིང་ཙམ་མིན།།
དོན་གྱི་ཕྱག་རྗེས་རླབས་ཆེན་འགྲན་བྲལ་བཞག།
གཞུང་ཆེན་གནད་གསང་འབྱིན་པའི་བཀའ་རྩོམ་དང་།།
སྨྲ་ངན་སྲོག་ལ་རྒོལ་བའི་རྩོད་ཡིག་བརྗིད།།
ཤེས་རབ་ཏཱ་ཧྲི་བསྟན་པའི་སྣང་བྱེད་ཆེ།།
མཚན་གྱི་ཉི་འོད་གླིང་བཞིའི་ཁྱོན་ཀུན་ཁྱབ།།
བསྟན་འགྲོར་ཕན་པའི་རླབས་ཆེན་མཛད་རྗེས་ནི།།
སྲིད་མཐའི་བར་དུ་ཉམས་ཤིང་བརྗེད་པ་མེད།།
ཅེས་པ་འདི་ནི་གངས་ཅན་མཁས་པའི་གཟི་དཔལ་མཚུངས་ཟླ་མེད་པ། ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་སྐུ་འཁྲུངས་ནས་ལོ་བརྒྱ་དང་ཉེར་གཉིས་སོང་བའི་སྤྱི་ལོ་ཉིས་སྟོང་དང་ཉག་མ་དྲུག་གི་ཟླ་བ་བཅུ་གཅིག་པའི་ཡར་ངོའི་ཚེས་ལ། དམ་པ་གང་གི་མཛད་རྣམ་རགས་བསྡུས་རྒྱ་ཡིག་ཏུ་བསྒྱུར་བ་དཔར་འཁོད་སྐབས། ཡིག་བསྒྱུར་མཁན་བཀྲ་ཤིས་ཚེ་བརྟན་གྱི་འདོད་མོས་བཞིན། མཚམས་སྦྱོར་མཚོན་བྱེད་ཀྱི་ཚིགས་བཅད་དུ་དོར་ཞི་གདོང་དྲུག་སྙེམས་བློར་འབོད་པས་བྲིས།།
གསལ་བཤད། འདི་ནི་ཕྲན་གྱིས་ལྷ་རམས་པ་བསྐལ་བཟང་རྒྱ་མཚོས་བརྩམས་གནང་མཛད་པའི་རྡོ་སྦིས་དགེ་བཤེས་ཆེན་པོའི་རྣམ་ཐར་བསྡུས་པ་ཕུན་ཚོགས་ལེགས་ལམ་གྱི་རྩེ་མོ་བསྒྱུར་སྒྲིག་བྱས་པ་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༢༠༡༠ལོར་པར་དུ་བསྐྲུན་པའི་རྗེ་བཙུན་ཤེས་རབ་རྒྱ་མཚོའི་རྣམ་ཐར་ཞེས་པའི་དེབ་དེའི་འགོ་བརྗོད་ལ་ཕྲན་གྱིས་ཞུས་པ་ལྟར་དེང་དུས་ཀྱི་མཁས་དབང་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གིས་མཛད་པ་ཡིན་ལ། ད་ལོ་ནི་རྡོ་སྦིས་དགེ་བཤེས་ཆེན་པོ་ཁོང་སྐུ་འཁྲུངས་ནས་ལོ་འཁོར༡༣༠འགོར་བའི་རྗེས་དྲན་གསལ་འདེབས་ཀྱི་ཚུལ་དུ་མཚོ་སྔོན་པོའི་དྲ་བར་འོས་སྦྱོར་བྱས་པ་ཡིན།
བཀྲ་ཤིས་ཚེ་བརྟན་གྱིས་གུས་པས་ཕུལ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།