མི་སེམས་སྒུལ་བའི་གཏམ་བཤད་ཅིག
རྩོམ་པ་པོ།:ཧྲི་བྷང་སེད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-09-26 10:31:00
ཀློག་གྲངས།:
མི་སེམས་སྒུལ་བའི་གཏམ་བཤད་ཅིག
[ཨ་རི] ཧྲི་བྷང་སེད་ཀྱིས་བརྩམས་ཤིང་མི་ཆུང་གིས་བསྒྱུར།
རྗད་སིར་རོད་ཀྱི་གཏམ་བཤད་ལ་སྐུལ་འདེད་རང་བཞིན་ཆེར་ལྡན་མོད། ཡིན་ནའང་ངའི་འཁྲིས་ཀྱི་བུད་མེད་ཅིག་གི་སྤྱིར་བཏང་གི་དཔེ་འཇོག་ལས་ངའི་ཡིད་སེམས་ལྷག་ཏུ་སྒུལ་བྱུང་། ཁོ་མོའི་སྐད་ངག་ཕྲ་ཞིང་འཇམ་ལ། ཁེར་ལབ་རྒྱག་པ་ནང་བཞིན། “འཇིག་རྟེན་ཁམས་ནི་མའི་མངལ་དང་འདྲ་ལ། ང་ཚོ་ཀུན་པོ་དེར་འཚོ་ཞིང་གནས་པས། གལ་ཏེ་ང་ཚོ་སྦྲུམ་ཞིང་བསྐྱངས་པའི་མའི་མངལ་ལ་གནོད་པ་ཐེབས་ཚེ། མི་རབས་རྗེས་མ་དག་ལྟོ་བར་འཆི་ངེས་རེད”ཟེར། ལྷག་བསམ་ཟོལ་མེད་ཀྱི་འཛུམ་གྱིས་ཕྱུག་པའི་བུད་མེད་གཞན་ཞིག་གིས་རྒྱབ་ལ་གཉིད་དུ་ཡུར་བའི་བྱིས་པ་ཞིག་འཁུར་ཡོད། དེའང་དེ་བཞིན་ངའི་མཐོང་ཚོར་རྣོན་པོར་ཕོག་ཐུག་སྦྱིན་བྱུང་། ལས་གོས་གྱོན་པའི་སྦྲག་ཁང་ལས་བྱེད་པ་ཞིག་གིས་བཤད་རྒྱུར། “ཤིང་སྡོང་བཅད་ནས་པང་ལེབ་སུམ་སྦྱར་མ་དང་འཕྲོད་བསྟེན་ཤོག་བུ་བཟོ་བ་ནི། ཙན་དན་སོལ་བར་བསྲེགས་པ་དང་འདྲ་པོ་འདུག”ཟེར། ཁོའི་ལོགས་ཀྱི་ཤིང་བཟོས་མུ་མཐུད་ནས་བཤད་རྒྱུར། “མི་རྣམས་ཀྱིས་ཁོ་ལས་ཀྱང་ལོ་ན་ཆེ་བའི་ལྗོན་ཤིང་གཅོད་པར་བཀག་སྡོམ་གྱིས་ཁྲིམས་གཟུག་ན་འོས”ཟེར། ཚོགས་མི་གཞན་ཞིག་གིས་སྲོལ་རྒྱུན་གྱི་ཡུལ་ཁམས་སྲུང་སྐྱོང་མཁན་ནི“གློག་བཞུ་མེད་པའི་གློག་རྡུལ་རྩེད་ཆས”དང་དབྱེར་མ་མཆིས་ཞེས་སྐྱོན་བརྗོད་གནང་གི་འདུག ཚོགས་ཞུགས་ཀྱི་ཧུར་བརྩོན་ཅན་དག་ལ་མཚོན་ན། འེད་ཡཱད་ཁང་ལ་ཞུགས་པ་ནི་བསླབ་ཚན་གཙོ་བོའི་སློབ་ཐུན་ལ་བྱས་ཉེས་བཟོ་བ་དང་འདྲ་ལ། ཨོ་རྡོད་པོང་མཐུན་ཚོགས(Audubon Sield)(མཐུན་ཚོགས་འདི་ནི༡༩༠༥ལོར་བཙུགས་ཤིང་། རྩ་དོན་ནི་བྱ་རིགས་གཙོ་བྱས་པའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཡིན།)ཀྱི་སྙིང་ཆུང་སྡེར་མ་དེ་དག་ནི“ཚུལ་མིན་གྱི་རྐུན་ཇག”ཏག་ཏག་རེད།
འདི་ནི་མི་ཕལ་བའི་སྐད་ཆ་གསོན་ཉམས་ལྡན་པ་དང་། དཔེ་འཇོག ཞིབ་བརྗོད་བྱེད་ཐབས་ཤིག་རེད། གལ་ཏེ་ཁྱོད་ཀྱིས་སྐད་ཆའི་ཉམས་འགྱུར་ལ་སྦྱངས་པ་བགྱིས་ཏེ། དངོས་སུ་བེད་སྤྱོད་དང་སྤྱོད་ཐབས་ལ་བྱང་ཆ་ལྡན་དགོས་ན། ངེས་པར་ཏུ་མི་ཚོགས་ཁྲོད་འདྲེས་ནས། ཁོ་ཚོས་མིང་དང་ཚིག་ཇི་ལྟར་སྤྱོད་ཚུལ་ལ་ཉན་ན། ཉི་ཟེར་འོག་ཏུ་སྐད་ཆའི་གཟི་མདངས་མངོན་པ་མཐོང་ཐུབ།
ཚོགས་གྲོལ་རྗེས། ངས་རྗད་སིར་རོད་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པའི་གནས་ཚུལ་གོ་བྱུང་།
གསར་འགོད་པས་འདྲི་རྒྱུར། “མི་ཁ་ཤས་ལ་ནགས་སུ་ཤིང་སྡོང་གཅོད་པའི་ཆོག་མཆན་ཐོབ་ཡོད་པ་རེད། ཁྱེད་ཀྱིས་དེ་ཚོར་བརྩི་མཐོང་བྱས་ན་འོས་སམ”ཟེར།
ཁོང་གིས“མི་ཀུན་པོའི་དབང་ཆའི་ཁུངས་འཐབ་འབུ་དང་མི་འདྲ་རྒྱུ་མེད། ས་གཞི་ཆེན་པོ་འདིར་མཚོན་ན། མིའི་རིགས་ཀྱི་དབང་ཆ་དེ་གཞན་པའི་བུ་ཕྲུག་རྣམས་ལ་དབང་ཆ་ཐོབ་པ་དང་བསྡུར་ན་ཁྱད་དུ་འཕགས་པ་ཞིག་མ་རེད། རྫིང་བུའི་འགྲམ་ན་རང་འཁྲོལ་རང་ལེན་བྱེད་པའི་འཐབ་འབུ་དང་། པད་མའི་ཐེའུ་བཞིན་གནས་པའི་སྦལ་བ། མིའི་རིགས་དང་བསྡུར་ན་ཁྱད་པར་ཅི་ཡང་མི་འདུག”ཅེས་གསུངས། གསུང་ཚིག་འདིས་མི་རྣམས་ལ་མིའི་རིགས་དང་། སྦལ་བ། འཐབ་འབུ་ཀུན་པོ་འདྲ་མཉམ་ཡིན་པ་མངོན་པར་རྟོགས་སུ་བཅུག
“ཁྱེད་ཀྱི་དགོངས་པ་ཡིན་ན་སྦལ་བའང་མིའི་རིགས་དང་འདྲ་བར་གལ་ཆེའམ། འབུ་སྐྱོགས་ཀྱང་ཁྱེད་ཀྱི་བུ་ཕྲུག་ནང་བཞིན་གལ་ཆེའམ”ཞེས་གསར་འགོད་པས་རྗད་སིར་རོད་ཀྱི་བརྗོད་ཚུལ་དེ་བསམ་ཡུལ་ལས་འདས་པར་འདོད་པ་སྨོས་མེད་རེད།
“འདི་ད་ཁྱོད་ཀྱིས་བུ་ཕྲུག་གི་མ་ཡུམ་མམ་སྐྱེ་དངོས་ཡོད་རྒུའི་སྐྱེད་ཡུམ་སྟེ་འཇིག་རྟེན་ཁམས་ཀྱི་ངོས་ཐད་ནས་བསམ་གཞིགས་གཏང་དགོས་པ་རེད” ཅེས་གསུངས་བྱུང་།
གསར་འགོད་པས“ངས་བསམ་པར་རང་བྱུང་ཁམས་ཀྱི་ཆོས་ཉིད་ནི་ཡུལ་བབ་དང་མཐུན་པ་རྣམས་འཚོ་ཞིང་གནས་རྒྱུ་དེ་རེད” ཟེར།
སྒྲུབ་བྱེད་འདིས་ཀྱང་རྗད་སིར་རོད་ལ་ཁག་པོ་བཟོས་མ་བྱུང་། ཁོང་གིས་གསུང་རྒྱུར། “དེ་ལྟར་བཤད་ན། བྱི་བ་དང་འབུ་ཀྲང་ལང་གཉི་ག་འཚོ་གནས་ལ་ཆེས་འཚམ་པོ་ཡིན་རྒྱུ་རེད། རྒྱུ་མཚན་རྡུལ་ཕྲན་འབར་མདེལ་གྱིས་ཡང་ཁོ་ཚོ་རྩ་མེད་དུ་གཏོང་མི་ཐུབ་པས་རེད” ཅེས་གསུངས།
“ནུས་པ་ཅན་དག་འཚོ་ཐུབ་པ་རེད་ཅེས་གསུངས་པ་ཨེ་རེད”ཅེས་གསར་འགོད་པས་བསམ་བཟོས་ནས་ཁོང་གི་སྨྲ་ལྕེ་འགོག་པ་ཐག་ཆོད་རེད།
ཁོའི་ཟུར་ཟའི་ཚིག་གི་བཤད་སྟངས་དེས་རྗད་སིར་རོད་ལ་ཁོང་ཁྲོ་སྤུ་ཙམ་ཡང་བསླང་མ་བྱུང་། ཁོང་གིས་དཀྱེལ་ཡངས་སྒོས་གསུང་རྒྱུར། “མིའི་རིགས་ཀྱིས་རྫིང་བུར་གནས་པའི་འཐབ་འབུ་གཅིག་ཀྱང་བསྐྲུན་ཐབས་བྲལ་མོད། འོན་ཀྱང་འཇམ་ཅག་གེར་འཛུམ་པའི་པད་མའི་ཚོགས་དྲུང་ནས་དབྱུང་ཞིང་། རྫིང་བུའི་ཆུ་རྣམས་ལྷག་མེད་དབོ་སྟེ། ནགས་ཀྱི་གླུ་བ་གཏན་དུ་ཁུ་སིམ་མེར་གཏོང་ནུས། དགེ་སྡིག་གི་ཆ་གང་ཡིན་རུང་། མིའི་རིགས་ལ་དངོས་གནས་སྲོག་ཆགས་གཞན་ལས་ལྷག་པའི་ནུས་པ་ཁྱད་པར་ཅན་ཞིག་འཛོམས་ཡོད། གང་ལྟར། དེའི་དབང་གིས་མིའི་རིགས་ཀྱིས་ཀྱང་རང་བྱུང་ཁམས་ཆེན་མོར་འགན་ཆེན་པོ་འཁུར་དགོས་ངེས་ཡིན”ཞེས་གསུངས་བྱུང་།
གསར་འགོད་པས་གཟབ་ནན་གྱིས་འདྲི་རྒྱུར།“ཁྱོད་ཡང་སྙིང་མི་ག་འདྲ་ཞིག་ཡིན་ལགས།”ཟེར།
རྗད་སིར་རོད་ཁ་རོག་གེར་ལན་ཅི་ཡང་མ་གདབ།
སྐབས་དེར། ངས་རྗད་སིར་རོད་ཀྱི་རྒྱབ་ཕྱོགས་ནས་མཆེད་པའི་སྒྲ་གསལ་པོ་ཞིག་ཐོས་བྱུང་སྟེ། “ ས་རྡུལ་ལ་འཐིམ་པའི་ཚེ་སྲོག་ཀུན་ལ། ཁོང་གིས་བཀུར་ཞིང་སྐྲག་ལ་གུས་པའི་སེམས་ཤིག་འཆང་ཡོད”ཅེས་བརྗོད་བྱུང་།
རྗད་སིར་རོད་ཀྱི་མི་སེམས་སྒུལ་བའི་གཏམ་བཤད་འདི་ལྟར་མཇུག་རྫོགས་སོང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།