གངས་སྙེག་གིས་སྦྱར་བའི་རང་མོས་སྙན་རྩོམ་ཁག་གསུམ།

རྩོམ་པ་པོ།:གངས་སྙེག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-23 10:17:00 ཀློག་གྲངས།:
                        ལམ་འགྲོ་བ།

སྣང་བས་ཁྱེད་ལ་མིག་ཟུང་བསྩལ
ལོ་ཟླས་ཁྱེད་ལ་ཞབས་ཟུང་བསྒྱུར
ལམ་འགྲོ་བ    འཁོར་བའི་ངལ་དུབ་ཀྱི་ཀློང་ན
ཁྱོད་ཀྱིས་ལུས་རྟེན་འདི་འཁུར་ནས་གང་དུ་འགྲོ

ལམ་འགྲོ་བ    ནམ་ཡང་ལམ་དུ་ཞུགས་ནས་ཡོད
གྲོག་མའི་ལས་སྐལ་གྱི་སུག་འགྲོས་ཤིག་གིས
འཚོ་ཚིས་ཀྱི་ཞབས་རྗེས་རེ་རེ
གཤིན་རྗེ་ཕྲེང་ལ་ཕབ་ཡོད་པས་ཨེ་ཁྱབ

ད་དུང་བཞི་མདོ་ཞིག་ལ་འཚང་སྟེ
ལམ་བུ་དོག་སོང   གོམ་འགྲོས་དལ་སོང་ཟེར
འཁང་ར་དང་ཞེན་ཆགས་ཀྱི་ཉོན་མོངས་ལས
སྡོམ་རྒྱ་ཞིག་གི་རྟུལ་ཞུགས་བཟུང་ཡོད་པ་ཨེ་ཤེས

ལམ་འགྲོ་བ    ཉི་ཤར་གྱི་རྩེ་མོ་དང་ཁ་ཆར་འདིའི་རྩུབ་ས་ན
ཆུ་ཕྲན་ཞིག་གི་རང་གཤིས་ལ་གོམས་སོང་པས
ཁྱེད་ཀྱི་འཇིག་རྟེན་ལ་ཉིན་མཚན་གྱི་དབྱེ་བ་འབྱེད་དཀའ
ཁྱེད་ཀྱི་འཇིག་རྟེན་ལ་དུས་བཞིའི་འགྱུར་བ་མེད་སོང

དག་དག་དགུན་ཟླ་འདིས་ཁྱེད་ལ་མལ་གོས་ཤིག་གཡོག་བྱུང
མནལ་ལམ་དུ་ཞུགས་ཆོག་པའི་མལ་གོས་འདིས་ཡོད་ཚད་བཟི་སོང
ཁྱོད་ནི་འཁྱག་དར་འདིའི་ཐུ་འོག་ཏུ་གཟིམ་ནས
ཅི་མི་སྙམ་པར་འཁྱག་འཁྱོག་གི་གོམ་ཁ་སྤོས་ནས་བུད་ཐལ

ལམ་འགྲོ་བ    ཁྱོད་ནི་འཇམ་མཉེན་གྱི་ཆུ་ཕྲན་ཞིག་ཡིན་ན
ངས་ཁྱོད་ཉིད་ལྷ་བསང་གི་མཆོད་པ་རུ་འདྲེན་ཆོག
ཁྱོད་ནི་མིག་མེད་ཀྱི་གྲོག་མ་ཞིག་ཡིན་ན་ཁག་མི་འདུག
ངས་ཁྱོད་ལ་བསྟོད་ཚིག་གི་མཐེ་བོང་བསྒྲེང་ངེས

ལམ་འགྲོ་བ   ཁྱེད་ནི་ལམ་འགྲོ་བ་ཞིག
རི་བོ་གཤགས་ནས    ཆུ་བོ་བརྒལ་ནས
ཡོད་ཚད་དྲུས་ནས    གོམ་པ་སྤོས་ནས
ཞབས་རྗེས་ཀྱི་རི་མོ་ཕབ་པའི་ལམ་འགྲོ་བ་ཞིག
                          
ལྷ་བསང་གི་དྲི་ངད་ཐུལ་བའི་མཐོ་སྒང་ཞིག་ལ
རླུང་རྟ་ཡི་གཤོག་རྩལ་ངོམ་པའི་མཁའ་དབྱངས་ཤིག
སློང་མོ་བས་ལག་པ་སྲིང   ལམ་འགྲོ་བས་གོམ་ཁ་འཁྱོར
རྒན་མོ་ཞིག་གི་རུམ་བྲོ་ཁྱེར་ཐལ
བུ་མོ་ཞིག་གི་རྨི་ལམ་བརྐུས་ཐལ

ལམ་འགྲོ་བ་ཇེ་མང་རེད
རི་མོ་ཞིག་ངའི་ཡང་སྙིང་དུ་བཤམ
རི་མོ་དེ་ནི་ས་རྡུལ་གྱི་མནན་པའི་རྐང་རྗེས་ཞིག

2015-3-4

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།