གཡང་མོ་ལུག་གི་སྐྱོ་གླུ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-04 14:44:00 ཀློག་གྲངས།:

གཡང་མོ་ལུག་གི་སྐྱོ་གླུ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ སྟག་རིག་འབྲུག་ཐར།༼ཁྲི་ཀ༽

གཡུ་སྔོན་མོ་གནམ་གྱི་འོག་ན།།
ས་དོག་མོ་སྤང་གི་ཁུད་ན།།
ཆུ་གཙང་མོ་ལྷུང་ལྷུང་དབུས་ན།།
མདོག་སྣ་ཚོགས་མེ་ཏོག་དཀྱིལ་ན།།
འབའ་དི་རེ་རྩེད་བྲོ་འཁྲབ་ནས།།
སྔོ་ལྡེམ་མེའི་རམ་དཀར་རྩྭ་མཆོག།
སོས་དལ་ལེ་བག་ཡངས་སྤྱོད་མཁན།།
ང་བལ་དཀར་གཡང་མོ་ལུག་ཡིན།།
ཕྱིང་ཚར་ཞྭ་མགོ་ན་ལྡེམ་པ།།
གོས་ཚ་རུ་གདང་ལ་དཔྱངས་པ།།
བལ་རྒྱུ་སྤུན་ཐག་རིང་ཐག་ཐུང་།།
ནག་རིལ་མ་འབུད་ཆ་བཟང་བོ།།
འདི་ཚང་མའི་ཐོན་ཁུངས་གཅིག་པུ།།
ང་དྲིན་ཆེན་གཡང་མོ་ལུག་ཡིན།།
སྟོད་གངས་དཀར་རི་བོའི་འདབས་ནས།།
ལྷོད་གྱི་ལེར་སྤྲིན་དཀར་འཁྱིལ་འདྲ།།
སྨད་མེ་ལོང་མཚོ་མོ་ཁ་ནས།།
བྱ་ངང་བས་གཤོག་དཀར་བརྐྱངས་འདྲ།།
བར་གཡུ་གཞོང་བདེ་མོ་ཐང་ནས།།
ཆུང་བྱིས་པས་རྩེད་དགོད་གཡེང་འདྲ།།
ནངས་སྔ་མོའི་ཉི་ཟེར་འོག་ན།།
ལྷོད་ཤ་ལེའི་དུ་སྤྲིན་གསེང་ན།།
རྐང་སུག་བཞིའི་རྡོག་མགོ་རྩོམ་དུས།།
ནེམ་ཁྲོམ་མེའི་བསིལ་རྩྭར་རོལ་མཁན།།
གདངས་སྙན་མོའི་འབའ་གླུ་འཐེན་མཁས།།
ལུག་གཡང་དཀར་ང་ལས་སུ་ཡོད།།
ངའི་བྱིན་ཅན་འཚོ་གཞེས་ཕྱུག་མོར།།
རི་མཐོན་པོ་གནམ་གྱི་ཀ་ཡོད།།
མཐོ་རྩེ་མོར་ཁ་བས་བཀླུབས་ཡོད།།
བར་རྐེད་པར་ཚང་ཚིང་ནགས་ཡོད།།
གསོམ་ཙན་དན་ཤུག་པས་ཁེབས་ཡོད།།
སྨད་རི་འདབས་ཀྱ་ཀྱུའི་ཆུ་ཡོད།།
དྭངས་ཡན་ལག་བརྒྱད་ལྡན་འཛོམས་ཡོད།།
ཐང་བདེ་མོ་འབྱམས་ཀླས་རང་བྱོན།
ཤེལ་མེ་ལོང་གཡང་དུ་ཆགས་འདྲ།།
རྩྭ་རྩི་ཏོག་མེ་ཏོག་སྣ་ཚོགས།།
འདི་ཡོད་ཚད་འདྲ་མིན་སྨན་ཡིན།།
དྭངས་རྫ་ཆུ་གངས་ཆུ་ཡོད་ཚད།།
རོ་མི་འདྲ་ཐུན་མིན་སྨན་ཡིན།།
ངའི་རྒྱུན་སྤྱོད་འཚོ་རྟེན་འདི་ཡིན།།
བཅུད་སྙིང་བོས་གཉོམ་ལག་རྒྱས་ཡོད།།
དགུན་ཐ་ཆུང་གྲང་ངར་རྒོད་དུས།།
མའི་མངལ་ནས་ཚེ་སྲོག་རྒྱས་ཏེ།།
ཕྱིའི་འཇིག་རྟེན་ཐོག་མར་རིག་སོང་།།
རྩེད་ལྡིང་སྐོར་རླུང་ལ་བཅོལ་ནས།།
སུ་གང་མགྱོགས་རྩལ་གྱིས་འཇལ་སོང་།།
འབའ་གསུང་སྐད་བྱིའུ་ཆུང་སྔོན་མོར།།
སྐད་བསྡེབས་ནས་སུ་ཡག་འགྲན་སོང་།།
དུས་ཉིན་མཚན་ཁོར་མོ་ཡུག་ལ།།
ལུས་གྲིབ་མ་ཨ་མར་འགྲོགས་ཤིང་།།
རྩེད་མཉམ་འདུག་ལུ་གུའི་གྲས་ཡོད།།
འགྲོ་གོམ་པ་རང་དབང་ལྡན་ཡོད།།
ལྟོགས་སྐོམ་དུས་འབའ་སྐད་བསྒྲགས་ན།།
ངའི་ཨ་མས་སྙན་གྱིས་ཐོས་ནས།།
རྒྱུག་གོམ་པ་ངའི་གམ་བསྒྱུར་ཏེ།།
དུས་མྱུར་བར་ལྟོགས་སྐོམ་སེལ་གི།
འགྲོ་རྡོག་ལམ་དཀའ་ཚེགས་འཕྲད་དུས།།
ངའི་ཨ་མས་བདེ་སར་ཁྲིད་གི།
ལམ་རིང་བགྲོད་ཨ་ཐང་ཆད་དུས།།
ངའི་ཨ་མས་ཕྱིར་མིག་སྒུག་གི།
ཟས་རྩྭ་མགོ་བཟའ་སྲོལ་ཁྲིད་གི།
ཆུ་དྭངས་མོ་མཉམ་འཐུང་ཁྲིད་གི།
དུས་བགྲོད་པའི་འགྱུར་བའི་ཀློང་ནས།།
ཆུང་ལག་ག་སོ་གཉིས་སོ་བཞི།
འཕྲོར་སོ་དྲུག་ཁ་གང་བརྒྱུད་ལེ།།
ཡུན་རིམ་བཞིན་ན་སོ་རྒྱས་སོང་།།
བལ་དཀར་པོ་ཁ་ཆུ་མཛེས་སོང་།།
ལུས་གཟུགས་པོ་ཇེ་ཆེར་ཆགས་སོང་།།
རྭ་རྩེད་ཐུག་བཟང་ངན་བཤམས་སོང་།།
རྩྭ་གང་བཟའ་རང་གིས་བདམས་ཆོག།
ཆུ་གར་འཐུང་རང་གིས་བསལ་ཆོག།
རླུང་བསེར་བུ་སྔུན་ནས་གཡུག་ཀྱང་།།
ཆར་བསིལ་མ་དབྱིངས་ནས་བབས་རུང་།།
དགུན་གྲང་ངར་གཞུག་ནས་ཐོན་རུང་།།
སྐད་གཉོམ་པོའི་འབའ་སྒྲའི་ཁྲོད་ནས།།
ཉིན་གཅིག་གི་རྒྱང་སྐྱོད་རིང་མོ།།
ལུས་འཚོ་རྟེན་དོན་ལ་འདུར་ཡོད།།
ལས་བཙོག་རུང་སྐྱིད་སྣང་ཤར་ཡོད།།
ཚེ་ཐུང་རུང་བདེ་བ་རེག་ཡོད།།
ཕྱུགས་འཚོ་སྐྱོང་བདག་པོའི་གདོང་ན།།
སྐྱིད་མེད་རུང་ཟོལ་འཛུམ་ལངས་ནས།།
རིགས་ང་ཚོའི་རྗེས་ལ་དེད་ཡོད།།
རྩྭ་གང་བཟང་ཡོད་སར་བསྐྱིལ་གི།
ཆུ་གང་ཞིམ་ཡོད་སར་འདེད་གི།
འདང་མེད་རུང་ཡོད་མདོག་སྟོན་གི།
གཅེས་ཡོད་ཚུལ་སྦྱོར་བ་མངོན་གི།
གན་བདག་པོའི་སེམས་ཁམས་སྤྲིན་རེད།།
དབྱར་དྲུག་པའི་འདུ་འགོད་སྤྲིན་རེད།།
ཁམས་མ་སྐྱིད་ཉིན་མོར་འཁེལ་དུས།།
རྩྭ་རྩི་ཤིང་མེད་སར་བསྐོར་གི།
མཚོན་འུར་ཆས་བདའ་འདེད་བྱས་ནས།།
གནས་གཅིག་ལ་ཡང་ཡང་བསྐྱིལ་གི།
ལྟོགས་མ་བཟོད་ཡར་མར་བཙལ་ཡང་།།
ཁ་རྣོན་པོ་སེན་མོ་འདྲ་བོས།།
སྔོ་རྩི་རྐང་གཅིག་ཀྱང་མི་ཟིན།།
ཉིན་འདི་འདྲའི་བར་མཚམས་རེ་ལ།།
སྡུག་བཀྲེས་ལྟོགས་ཚོར་མཁན་སུ་ཡོད།།
ཟས་ཁ་སྣོན་བྱེད་མཁན་སུ་ཡོད།།
དགོང་ཉི་མས་གྲིབ་སོ་གོན་དུས།།
གནམ་སྐར་མས་འོད་འདར་རྒྱག་དུས།།
ཁྱི་གདའ་ལུས་ཟུག་སྐད་འབྱིན་དུས།།
སྦྲའི་ཁ་ཚུབ་དུ་ཞགས་འཁྱིལ་དུས།།
སྤྱང་དར་མའི་ངུ་འབོད་རྩུབ་དུས།།
ངའི་སྙིང་ཆུང་ལྟིགས་སེ་ལྡིང་གི།
གན་གཤེད་མ་སྤྱང་ཐོང་དཔུང་ཚོགས།།
འཇབ་དལ་ལེར་ལོས་ཡོང་བསམ་ན།།
ངའི་ཡ་ཆུང་འཁྱག་གིས་བསྡམ་གི།
ཁྱིམ་བཟའ་ཚང་གོ་ཁར་འདུས་ནས།།
སྐྱིད་དགོད་སྒྲ་བྲག་ཅར་འཁྱིལ་ཡང་།།
ངའི་ཕྱོགས་ལ་འགེབས་སྲུང་བྱེད་མཁན།།
བརྩེ་སྙིང་རྗེ་སྟོན་མཁན་སུ་ཡོད།།
དུས་ཏག་ཏག་དགོང་མོ་ཞིག་ལ།།
བཙག་ཁ་བ་བུ་ཡུག་འཚུབ་ནས།།
རྩྭ་འཇག་མས་སྡུག་གླུ་ལངས་ཐལ།།
སྤྲིན་ནག་པོས་མཐའ་ནས་བསྐོར་ཏེ།།
མཚན་སྨག་རུམ་གཏིང་མཐའ་ཉུལ་ཐལ།།
བཀྲ་མི་ཤིས་རྟགས་ཤིག་བསྟན་ཐལ།།
ངའི་རིགས་གཅིག་གཡང་དཀར་ལུག་ཚོགས།།
དབྱིབས་གྲུ་བཞིའི་ལུག་ར་ནང་ན།།
སོས་དལ་ལེར་ལྷོད་བག་གྱི་ལེར།།
འགྲོས་དལ་མོས་སྐྱུག་བལྡད་བྱེད་ཞོར།།
མིག་ཧྲིག་གེར་ཕན་ཚུན་འཚོས་ཡོད།།
ནམ་གུང་གི་གུང་དཀྱིལ་ཞིག་ལ།།
རྒྱང་ཐག་རིང་གྲོག་རོང་མཐིལ་ནས།།
སྤྱང་ནག་སྡང་དར་མ་ཞིག་གིས།།
སྐད་ཕྱུང་ནས་བརྡ་ཞིག་གཏོང་གི།
མཇུག་མཐུད་ནས་མཚམས་ཚིགས་མེད་ལ།།
གཡུལ་བཤམས་པའི་ངུ་འབོད་སྒྲོག་གི།
གན་ཁྱིམ་བདག་བསོད་ནམས་ཅན་པོ།།
སྐྱིད་རྨི་ལམ་ཞིམ་པོའི་ཁུད་ན།།
བདེ་འབོལ་ལེར་གཉིད་ཀྱིས་བཟི་འདུག།
འདི་གར་ཡོང་འདིར་ཡོང་མེད་པའི།།
སྒྲ་ཐན་ལྟས་འཁྱོམ་སྒྲ་ལྷན་དུ།།
བདུད་སྤྱང་ཚོགས་ཟ་རྔམ་ཅན་པོ།།
ཕྱོགས་བཞི་ནས་འཇབ་ཀྱིས་རྒོལ་འོང་།།
ཞོ་ཆགས་འདྲའི་མ་བུ་ལྷན་འཛོམས།།
ཁྲག་དཀྲུགས་འདྲར་ཡར་མར་ཞོགས་ཐལ།།
སྲོག་དམར་པོའི་འབེན་ལ་འཁེལ་ཐལ།།
འབྲོ་འདོད་རུང་ཐར་ས་མེད་གི།
རྒོལ་འདོད་རུང་ནུས་རྩལ་མེད་གི།
དཔའ་ཞུམ་མེར་བྲོས་བྱོལ་བྱས་ཀྱང་།།
རྣོ་སྤུ་གྲིའི་མཆེ་གཙིགས་འོག་ན།།
ང་ཇི་འདྲའི་དུད་འགྲོ་ཉམ་ཆུང་།།
བྱམས་སྙིང་རྗེ་རྒྱུད་ན་བྲལ་བའི།།
བདུད་དཔུང་ཚོགས་སྤྱང་ལྟོགས་རེ་རེས།།
འབའ་ལུག་ཆུང་སྐེ་ལ་འཐམས་ནས།།
ཁྲག་དམར་པོ་དྲུངས་ནས་འཇིབ་གི།
རྣོ་སྟ་རེས་དུམ་སེ་བཅད་ལྟར།།
མགོ་སྐེ་ཚིགས་རྩ་ནས་གཅོད་གི།
ཚད་མགྱོགས་པའི་སྦྱོར་བ་ནག་པོ།།
གློག་དམར་པོ་ཞིག་གི་མྱུར་རེད།།
བདུད་ཞེ་གནག་ཅིག་གི་ཐུ་རེད།།
སང་ནངས་མོར་སྐྱ་མདའ་བཀྱག་རྗེས།།
བྱ་ཁྭ་ཏས་ཐན་སྐད་སྒྲོག་ཐལ།།
གན་བདག་མོ་ཕྱི་སྒོར་བུད་ནས།།
འཇིགས་ཡེར་རེའི་སྐྱོ་གར་རིག་ཐལ།།
ནག་འཚུབ་བེ་ཁྱིམ་ལ་འཛུལ་ནས།།
ཁྱིམ་བཟའ་ཚང་གང་བོ་འབོད་གི།
ད་བོས་རུང་ཡོད་ཚད་འཕྱིས་འདུག།
ད་ཤེས་རུང་བཀོད་པ་གཅིག་མེད།།
སེམས་སྐྱོ་བའི་ཚུལ་ཞིག་སྟོན་ནས།།
ཕྱོགས་ཡར་མར་གོམ་འགའ་སྤོ་གི།
མགོར་ལག་པས་ལན་འགའ་རྡུང་གི།
ཕྱུགས་གོད་ཁ་བཟློག་འདོད་བསམ་ནས།།
དམར་འཚུབ་བེ་བསང་མེ་གསོས་ཏེ།།
ལྷ་གཞི་བདག་བསང་མཆོད་བྱས་ཐལ།།
ནང་བཟའ་མིར་ཁ་བརྡ་གློད་ནས།།
གྲོས་གོར་མོ་ཟླ་འདྲ་བྱས་མཐར།།
ལུག་གཡང་དཀར་གཞན་ལ་འཚོང་བའི།།
བློས་རྦད་དེ་ཐག་གིས་བཅད་ཐལ།།
དུས་ཉི་མའི་གུང་དཀྱིལ་ཞིག་ལ།།
འཕྲུལ་རླངས་འཁོར་དམར་མདོག་ཅན་ཞིག།
ཀྱོག་ཁུགས་སོའི་ལམ་ཕྲན་དེད་ནས།།
ཐག་ཇེ་ཉེར་ཁྱིམ་འདིར་ཐོན་ཐལ།།
དབྱིབས་གོར་མོའི་ཞྭ་དཀར་གྱོན་མཁན།།
རིགས་ཁ་ཆེའི་མི་འགའ་ཐོན་ཐལ།།
ངོས་ཤེས་ཁུལ་ལག་འཇུ་བྱས་ནས།།
གནས་མི་ཚང་ཁྱིམ་ལ་འཛུལ་ཐལ།།
གན་ཕྱུག་བདག་ཁ་བཀོད་ལྟར་དུ།།
ལུག་གཡང་དཀར་ཤ་བཟན་ཞིག་ལ།།
དམིགས་བཙུགས་ནས་རྐང་འཛིན་བྱས་ཐལ།།
མགོ་བསྐོར་རེ་ཐང་ལ་བསྒྱེལ་ཞོར།།
མདོག་ནག་པོའི་འཆིང་ཐག་ཞིག་གིས།།
རྐང་སུག་བཞི་དམ་པོར་བསྡམས་ཐལ།།
དེའི་ཞོར་ལ་མཆུ་མགོ་བསྡམས་ནས།།
སག་དི་རེ་གསོད་གྲི་བརྡར་གི།།
དབུགས་འབྱིན་རྔུབ་ན་བུན་ཡལ་ཐལ།།
བརྟན་རྣམ་ཤེས་གཏང་མེད་འཁྱམས་ཐལ།།
ཚེ་འདི་ཕྱིའི་སོ་མཚམས་བསླེབས་ཐལ།།
ཚད་ཤི་གསོན་རབ་ཁར་བསླེབས་ཐལ།།
ན་མ་བཟོད་འཕག་འཚག་བརྒྱབ་རུང་།།
སྡུག་རྒྱ་མཚོ་སྙིང་ཁར་འཁྱིལ་རུང་།།
གཉེན་མགོན་མེད་སྐྱབས་བྲལ་ང་ཚོར།།
གཉོམ་འཁོས་ཆུང་རྒྱབ་ཆད་ང་ཚོར།།
འདི་སྐྱོབ་པའི་མགོན་ཞིག་སུ་ཡོད།།
ངའི་ཕྱི་སྲོག་རྟ་རྔ་ཆད་ལེ།།
ཡང་བ་སྤུའི་ནང་སྲོག་ཆད་ཐལ།།
ཁྱིམ་བཟའ་ཚང་འགྲུལ་བ་ཚང་མས།།
ཁ་ཟ་རྔམ་ལག་སྔ་བརྩད་ལེ།།
ཤ་རྩིབ་གུའི་སྟེང་འོག་བསྐོར་གི།
ཁྲག་རྒྱུ་མའི་བྲོ་བ་བཤད་གི།
སོས་དལ་ལེར་འཛུམ་ཞིག་ལངས་ངེ་།།
གྲོགས་ཁེ་བར་ཉོ་འཚོང་རྒྱག་གི།
རྒྱུ་གོང་ཐང་ཁྲིགས་སེ་གཅོད་གི།
ཤག་དི་རེ་སྒོར་མོར་བརྗེས་ཐལ།།
ཡིད་འཐད་པའི་བརྡ་ཞིག་བསྟན་ནས།།
འཕྲུལ་རླངས་འཁོར་གྲུ་བཞིའི་ནང་དུ།།
རྐང་རྡོག་བརྫིས་དྲག་པོའི་སྒོ་ནས།།
གཅིག་མ་བསྐྱུར་སྒམ་དུ་བཅུག་ཐལ།།
བྱ་དོན་ཆེན་འགྲུབ་སོང་སྙམ་པའི།།
འཛུམ་ཕྱུང་ནས་སྐྱེལ་མ་བྱས་ཐལ།།
འགྲོ་མི་འདོད་རྐང་ར་བྱས་ཀྱང་།།
ཁ་མི་འབྲལ་རང་དབང་མེད་གི
བསྐྱུར་བསམ་པའི་བདག་པོ་སུ་ཡོད།།
བྱམས་སྙིང་རྗེ་སྐྱེས་མཁན་སུ་ཡོད།།
ཨ་ཤུ་རེ་སྲོག་ལྡན་མགོ་ནག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།