འཛི

རྩོམ་པ་པོ།:འཛི_རྡེའུ་དཀར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-06-08 08:52:00 ཀློག་གྲངས།:
                                  མཚན་མོའི་ལེའུ།
དབྱངས་ཀྱི་ལྷོད་བག་གསེང་དུ་དལ་གྱིས་གཉིད།།
འབྲུ་ཡི་སྐྱོ་སྡུག་བར་ནས་གློ་རྡེག་སད།།
ཚོར་བའི་མཐུད་འཕྲོ་ཆད་པའི་སྔ་རྗེས་སུ།།
ཁང་མིག་འདི་རུ་སྟོང་བའི་མུན་པ་མཆེད།།

ཁྱོད་ཉིད་རྒྱང་རིང་ཞིག་ཏུ་ཇི་ལྟར་ལུས།།
ཡང་ན་དོ་ནུབ་འདི་རུ་ཇི་ལྟར་འོང་།།
སླར་ཡང་རྒྱང་ནས་རྒྱང་དུ་ཅི་ལ་ཡིབ།།
བདག་ལ་ཚོར་བའི་གློ་ལུ་ཡང་ཡང་འོང་།།

ཕྱི་ནས་ཁྱི་སྐད་རེ་གཉིས་གྲགས་ནས་འོང་།།
ནང་དུ་སྨག་རིམ་འཐུག་ནས་འཐུག་ཏུ་ཕྱིན།།
ལྐོག་ངུ་བརྒྱབ་པའི་ཡིག་ཆུང་དེ་དག་གིས།།
འོད་ངོགས་ཙམ་དུ་འཆི་བའི་བདེ་དྲོད་འཚོལ།།

དོ་ནུབ་ཁོ་བོར་མིང་ཙམ་མི་འདུག་སྟེ།།
སྒེའུ་ཁུང་འགྲམ་དུ་རླུང་བུས་ཁྱེར་གྲབས་བྱེད།།
མིང་གཟུགས་མེད་པའི་སྐད་ཆ་ཐན་ཐུན་དེས།།
བདག་གི་ཁྱིམ་དུ་སིམ་འཛུལ་ཡང་ཡང་བྱེད།།

མཁུར་གོང་བརྒྱུད་ནས་དལ་གྱིས་མར་མར་འགྲུལ།།
སྙིང་དང་མཆིན་པའི་མཚམས་སུ་བརླན་གྱིས་བབས།།
བྱང་ཐང་སྨུག་པ་རྒྱུ་བའི་ངང་ཚུལ་ཏེ།།
ཚོར་བའི་གཏིང་ན་སྟོང་བའི་ཁམས་ཆེན་གྲུབ།།

འདི་རུ་ཁྱོད་རང་གཏན་ནས་སླེབ་མྱོང་མེད།།
རྒྱུན་དུ་ང་རང་གཅིག་པུ་འདུག་དགོས་ཡོད།།
གཅིག་པུར་རང་ལ་མོལ་བའི་རྨི་བཤད་དག།
རྨི་ལམ་ནང་གི་སྐར་མ་ལེན་འཕྲོ་ཡིན།།

སླར་ཡང་སྟོང་བའི་སྣེ་ལ་སྟོང་བ་མཐུད།།
དགུན་གྱི་མཚན་ལམ་འདི་ཉིད་ཅི་འདྲའི་རིང་།།
དབྱིབས་གཟུགས་མེད་པའི་རབ་རིབ་སབ་སིབ་དག།
ཚོར་བ་རྐྱང་བས་ཡང་ཡང་གསེད་གྲོལ་བྱས།།

2014/10/ 24མཚན་མོར་ཚོར་བ་མ་ནོན་པར་ངུ་བཞིན་དུ་བྲིས།

                                  འོག་འགྱུ་ལྗང་ཁུ།
སྤྲིན་དང་སྨུག་པ་འདི་དག་སུ་ཡིས་བྱས།།
ཉི་ཤར་ཉི་ནུབ་ཟེར་བ་ཇི་ལྟར་འོང་།།
ལམ་ཕྲན་ཀྱག་ཀྱོག་དེ་དག་ཅི་ལ་གྲུབ།།
ངེས་པར་གསོན་འདུག་དགོས་པ་ཅི་ཡིས་བྱས།།

ཁོ་མོས་ལན་བུ་ཤུད་ནས་ལྐོག་ངུ་བྱེད།།
ཁོ་པས་ངོ་གདོང་སྐམས་ནས་འཁངས་ར་བྱེད།།
ཡིན་ཡང་མུ་རུ་འཚོ་བ་ཅི་ཡིན་ནམ།།
ལྷག་ཏུ་འགྲུལ་བཞུད་དགོས་པ་ཅི་ཡིན་ནམ།།

ལམ་ནི་འཕྱོན་མའི་ཞལ་གྱི་འཛུམ་མདངས་བཞིན།།
ཡལ་ག་མང་བོ་ཕྱོགས་བཞི་གང་སར་བསྲིངས།།
རྐང་གི་ལྷམ་ཆུང་ཐེད་ནས་སར་ཟགས་ཀྱང་།།
ཁྱོད་ཀྱིས་འདོད་པའི་གནས་དེར་སླེབ་བམ་ཅི།།

མདུན་བསྐྱོད་གོམ་སྒྲ་རེ་རེར་འཕངས་སེམས་སྐྱེས།།
ཁོ་ཚོའི་སྐྱོ་སྡུག་རེ་རེར་འཁངས་ར་ཤོར།།
ང་ནི་སྨྱོ་ཆུ་འཐུང་བའི་སྨྱོན་པ་སྟེ།།
ཀུན་གྱིས་འདོར་བའི་གད་སྙིགས་ནང་དུ་འཚོ།།

རིམ་བཞིན་གཉོམ་ལག་རྒྱས་པ་ནོར་འཁྲུལ་ཞིག།
བདག་གཞན་གཉིས་སུ་ཤེས་པ་ནོར་འཁྲུལ་ཞིག།
སྔར་བཞིན་མཚར་འདྲི་མང་བའི་བྱིས་དུས་བཞིན།།
ཉི་མ་འཁྱོལ་ཐབས་ཙམ་གྱིས་ཅིས་མ་ཆོག།

མི་ཚེ་ཐུང་ཐུང་འགྲིག་རྡེའུ་དཀར་ནག་བཞིན།།
གཞན་གྱི་མཐེབ་མོའི་རྗེས་སུ་འགྲོ་ལྡོག་བྱེད།།
འདི་ལ་བསམ་ནས་ཆང་ཁང་ནག་པོ་རུ།།
མྱི་སྡོམ་འགའ་རེ་ཆེད་དུ་བསྐྱེད་བསྲིང་འདོད།།

ཁྱེད་ཚོ་ང་རང་དང་ལེན་བྱེད་པར་སྐྲག།
ང་ཡང་ཁྱེད་ཚོར་འགྲོག་པར་ཧ་ཅང་སྐྲག
དེ་བས་དུད་སྣེ་གཅིག་གི་མགོ་རྐང་བར།།
འོག་རླུང་འདི་ལ་ཐེངས་གཅིག་བསྣམ་པར་མཛོད།།

2014/11/3ལ།

                                  ཁྱོད་ཀྱི་རབ་རིབ།
ང་རང་ས་སྲོད་ཅིག་ལ་འདི་རུ་འོང་།།
ད་དུང་ཐག་རིང་ཞིག་ཏུ་འགྲོ་དགོས་སྙམ།།
ཁྱོད་ཀྱང་རྒྱང་རིང་གླེང་གིན་འདི་རུ་ལྷག།
ལས་བྱ་མུ་མེད་ཅན་ཞིག་འབྲི་དགོས་ཡོད།།

ཚིག་གི་འདེགས་འཇོག་བར་ནས་ང་ལ་བལྟས།།
མེ་ཏོག་སོ་མ་འདྲ་ཞིག་ཁྱོད་ཀྱིས་རྙེད།།
ཆར་བ་མཚེའུ་ནང་སིམ་པ་ཅི་འོ་ཞེས།།
ཆོས་ཉིད་འཕྲ་ས་དག་ལ་མགོ་ཡང་འཁོར།།

ཚོར་བའི་ཟབ་ས་ཞིག་ནས་ཁྱོད་རང་བཙལ།།
མཛེས་པའི་སྙིང་རྗེ་འདྲ་ཞིག་ཁོ་བོས་རྙེད།།
མཚན་ལམ་རེ་ལ་གཅེས་ཞེས་བསྐྱར་ཟློས་བྱས།
ཁྱོད་ཀྱི་རབ་རིབ་དག་ཏུ་ཡང་ཡང་ཉུག།

མདང་ནུབ་གཉིད་མ་སད་ལ་བཟློ་བ་ཡི།།
ཚིག་འབྲུའི་བར་གསེང་དག་ཏུ་དེ་རིང་འཁྱམ།།
ར་སྐོར་ཅི་དང་གང་ལ་ཤོང་མིན་པའི།།
སེམས་འདི་ཁྱོད་ཀྱིས་ཇི་ལྟར་ཟིན་པ་ལགས།།

དུས་ཚོད་སྐར་ཆ་དག་ཏུ་འཚུབ་བུ་ལྡང་།།
སེམས་ཀྱི་དབེན་ས་ཞིག་ཏུ་གནས་ཚང་བཅས།།
ཁྱོད་དང་འདྲ་བའི་ཁྱོད་རང་བརྒྱ་ཕྲག་འོང་།།
སྙིང་གི་ལྷུ་ལག་དག་ལ་ཐུབ་ཚོད་བྱས།།

ལས་ལ་རང་དབང་མི་འདུག་མ་བརྗོད་དང་།།
སེམས་པུ་རྒྱང་རིང་ཁོ་ནར་མ་ཕྱོགས་དང་།།
ཟིལ་ཐིགས་འདབ་ལོ་ཁུད་ནས་འགྲིལ་བ་བཞིན།།
མཚོ་ནང་མེ་ཏོག་སྐྱེས་པ་ཇི་ལྟར་བྱེད།།

ཚུར་བཤད་སྐད་ཆའི་འབྲུ་དག་མོག་ཅིང་མོག།
དབྱངས་ཀྱི་འཕར་ལྡིང་དག་ལ་ཚོར་བ་འཕེལ།།
དུས་ཚོད་སྐར་ཆ་དེ་དག་ཇི་ལྟར་བཞུར།།
མཚན་སྨད་འདི་ལ་རང་ཉིད་གཅིག་པུ་སད།།

སྟན་ཐོག་ཁ་སྦུབ་ཉལ་ཏེ་སྙན་ངག་བྲིས།།
ཐ་སྙད་སྙིང་རྗེ་འགའ་ཞིག་གཅིག་སྡུད་བྱས།།
སྔར་བཞིན་ཡོལ་བའི་རྒྱབ་ན་རབ་རིབ་ཅིག།
ཟིན་དེབ་ངོས་སུ་རང་དང་གཞན་ཞིག་བབས།།

རང་བཞིན་ལྕེ་ཡིས་ཤེས་བྱའི་ཉིད་ཀྱང་ཁྲོལ།།
འོན་ཏེ་དེ་ཡི་དུས་ན་ཏ་མ་ཏིག།
མིག་གིས་བདག་ལ་འཆད་རོགས་འདྲ་ཞིག་བྱས།།
ལག་པས་ལག་པ་འཕུར་བཞིན་སེམས་ངོས་བསྟན།།

ད་ནི་ཁྱོད་ཀྱང་བདག་གིས་རྙེད་ཙམ་བྱུང་།།
ལམ་གྱི་ཀྱག་ཀྱོག་དག་ལ་གཞའ་མི་འཚལ།།
ལུས་འདིས་གཉིད་ཐུན་ཙམ་ཞིག་འཁྱོངས་མིན་ཡང་།།
སེམས་འདིས་ཞིང་གཞན་དག་ཀྱང་དྲན་འགོ་བརྩམས།།

2013.12.3ལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།