ཐོ་ཡོར་གྱི་ཉེ་དུས་ཀྱི་སྙན་ངག་གསར་བ་གཉིས།

རྩོམ་པ་པོ།:ཐོ་ཡོར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-06-09 08:34:00 ཀློག་གྲངས།:
                                        སྐྱེ་བ་འདི་ལ།
                                              ཐོ་ཡོར།༼དཀར་མཛེས།༽
མཐོང་ལམ་སྒྲིབ་བྱེད་ཀྱི་ལག་པ་འདི་གང་ནས་བྱུང་བ་རེད
ཆུ་ཤུལ་གྱི་རི་མོའི་སྟེང་གི་ལས་སྐལ་བསུབ་རྗེས
ཁ་བའི་ཁྲོད་དུ་རྐང་རྗེས་རེ་རེར
སྨོན་ལམ་འདེབས་པའི་དུས་ཚིགས་ཤིག་ཤར་འདུག
ཁ་བ་བསྟུད་མར་བབས་པས
ཕ་ཡུལ་དང་ཁ་འབྲལ་དགོས་པའི་སྣང་བ་ཞིག་སྐྱེ་བྱུང
རྡོག་ཁྲེས་བར་དཔྱངས་པའི་ལོ་མ་དག་ས་ལ་ལྷུང

གྲགས་འགུལ་ཅི་ཡང་མེད་པའི་གཙང་ཆུས
ང་རང་བསྟུད་མར་ཉིན་ནས་མཚན་དུ་ཁུར
ས་སྲོད་ཀྱི་མཚམས་སུ་ཕུག་རོན་ཁྱུ་ཞིག་གིས་ངའི་ལུས་སྟེང་དུ་གནས་ཚང་སྤར
ནགས་ཚལ་སྐྱེས་ཡོད་པའི་ལུས་སྟེང་གི་རྨ་ཁས་ཁྱེད་རང་མཐོང་གི་འདུག་ཟེར
ནགས་ཚལ་དེ་རུ་བླ་འཁྱམ་པའི་མེས་པོ་ཚོའི་དྲན་གདུངས་མེ་རུ་འབར
དུས་ཚིགས་འདིར་ཡུལ་གྱར་བའི་ཟླ་བ་ཀེང་རུས་ལྟར་མཁྲེགས་པས
བདག་གི་གྲིབ་མའི་ནང་དུ
སྐར་ཚོགས་འདོགས་པའི་རྨི་ལམ་ཞིག་སླེབས་ཐུབ་བམ

མཐའ་མེད་པའི་མཚན་མོའི་བྱེ་ཐང་དུ་ཉི་འོད་བགྲེས་པོ་དེ་བསྔལ་ཞིང་དུབ
ང་རང་རུས་སྒྲོམ་ལྟ་བུའི་གསང་བའི་ཕོ་བྲང་དེ་རྡིབ་པའི་སྐྱོ་སྣང་གིས་ཚོས
མུན་པའི་བྱ་ཁྱུའི་གཤོག་པས་ཁེར་རྐྱང་གི་སྒོ་མོ་ང་ཡི་ཕྱོགས་སུ་ཕྱེས་ཏེ་འཕུར
བྱ་ཁྱུ་རྒྱང་རིང་དུ་འཕུར་བས
ང་ཡི་སྣང་བ་འདར་ལྕུག་ལྕུག་གིས་རྗེས་སུ་བསྙེགས་ནའང

གློ་བུར་ཏུ་མཚོ་རྫིང་སྟོང་བ་རུ་གྱུར་བའི་མིག་ཟུང་གིས
ང་ལ་ཐེངས་གཅིག་བལྟས་པས
དབུལ་ཕོངས་ཀྱི་ནམ་མཁའ་འདིའི་ཁ་གཏད་དུ་ལུས་པའི
བྱེ་མས་བསགས་པའི་འཚོ་བའི་མཛེས་སྡུག་དེ་དྲན་བྱུང
གཙང་ཆུར་ཁུར་བཞིན་པའི་བདག་གི་བེམ་པོའི་སྟེང་གི་རུལ་མྱགས་ཀྱི་རྒྱན་ཆ
རླུང་དམར་གྱིས་ཟོས་པའི་ཤ་ཁྲག་འདྲེས་སྦྱོར་གྱི་སྲང་ལམ་ཞིག་ཏུ་གྱུར
དུས་དེ་ནས་བཟུང་ངས་རྒྱུན་དུ་རང་གི་སེམས་པར་ཁ་ལག་བཟེད་ནས
ཁ་ཕྱོགས་ནོར་བའི་སྐྱེ་བོ་དེའི
དཔག་པར་དཀའ་བའི་མིག་ཟུང་དེ་དྲན་གྱིན་ཡོད

ལེ་བར་སྟོང་གིས་ཆོད་པའི་སྐྱོ་བའི་གཟེབ་དྲའི་ཁྲོད་དུ་འཕུར་བའི་བྱིའུ
རྒྱ་མཚོའི་ལྷུམས་སུ་ཞུགས་པའི་མེ་མདའི་མཆུ་ཁར་དགོད་པའི་སྐར་མ་ཞིག
སྨུག་པ་སྟུག་པོའི་ལྷན་པ་གསེར་བྱེ་ཟམ་ཟིམ་འཕྱོ་བ་དེས
སྒེའུ་ཁུང་འགྲམ་གྱི་སྣང་བ་ཟ་ཟི་དེ་བཙེམ
གྱང་ངོས་ཀྱི་ལམ་ཕྲན་སྟེང་ནས
ཁུར་ལྕི་བའི་གཟུགས་མེད་ཀྱི་རོལ་མོ་དེའི་བླ་དྲག་ཏུ་བརྡུང
ནགས་ཚལ་དེར་ཁེར་རྐྱང་དུ་ལུས་པའི
སེང་གེ་དང་དུར་བྱང་གདམ་ག་མང་བས་རབ་ཏུ་མོག

ཁྱེད་ཀྱི་ཕྱོགས་ལ་རེ་ཞིང་དུབ་པའི་རི་དྭགས་དེ་གློ་བུར་དུ་མི་གཉིས་སུ་གྱུར
གཅིག་ནི་ངལ་ཞིང་དུབ་པའི་ཚང་རྙིང་ལས་རབ་ཏུ་བྱུང
གཞན་པ་དེ་ཤི་ཟིན་པའི་མཛའ་མོའི་ཚབ་བྱས་དེ་འཁོར་བའི་སྐྱོ་ངལ་བསོགས
ངས་དུར་ཁྲོད་ལྟ་བུའི་ལག་མཐིལ་ནས་ང་རང་འཆར་བར་ཡུན་རིང་བསྒུག
དུར་བྱང་ངོས་ཀྱི་མེ་ཏོག་གི་འཕྲེང་བ་དག
སྐྱེ་བ་འདིའི་མཛའ་མོའི་ཕྱིར་མིག་ལྟར་འཁྱུག་ཙམ་ནས་ཕྱིར་འོང་མེད་པར་གྱུར

ནད་ཁང་ངོས་ཀྱི་མེ་ལོང་དེར་ཡུན་རིང་བར་གད་བརྡར་མ་བྱས་པས
ས་སྲོས་ཀྱི་སྡོམ་རྒྱ་ནི་ང་ཡི་མིང་ཡིག་དང་ཧ་ཅང་འདྲ
རྡོམ་རྒྱའི་སྐུད་པ་རེ་རེའི་སྟེང
ང་རང་འཁུར་བྱེད་ཀྱི་གཙང་ཆུ་དང་སྐད་ཅིག་ལ་མངོན་པའི
ཁ་བ་ལྷབ་ལྷུབ་འབབ་པའི་ལྗང་མདོག་གི་མཚན་མོ་སོགས་ཡོད་པར་ཚོད་དཔག་བྱས
“ཤིན་ཏུ་ཐང་ཆད་པའི་ང་ཡི་སྐྱེ་བ་འདིར་སྐྱོ་བ་ནི་ཁེར་རྐྱང་དུ་ལུས་པ་དེ་མ་ཡིན་པར
ཁེར་རྐྱང་གི་དུས་སུ་ངག་བསྡམས་དགོས་པའི་མུན་པ་དེའང་མ་ཡིན”
འཆི་ཁའི་ཁ་ཆེམས་བཏུམ་བྱེད་ཀྱི་རས་ཕད་ནག་པོ་དེ་རལ
ནས་འགྲོ་བ
ཁྱེད་ཀྱི་གདོང་ལ་བབས་པའི་ཆར་བའི་ཁྲོད་ནས་ངས་མཐོང་གིན་འདུག

2015ལོའི་ཟླ4བའི་ཚེས30ལ་བྲིས།

                                        ཟླ་བ་ཟེར་བའི་བུ་མོ་ཞིག་བུད་སོང་།
ཉིན་ཞིག་ང་རང་འཕྱོངས་རྒྱས་སུ་སོང་བ་ཡིན
འཕྱོངས་རྒྱས་ཟླ་བ་སྒྲོལ་མ་ཟེར་བའི་བུ་མོ་ཞིག་དང་འཕྲད་བྱུང
ཁོ་མོས་དཀར་འཇམ་གྱི་ལག་པས་མིག་ཆུ་འཕྱི་ཞོར
རྨི་ལམ་ལས་ཁྱེད་རང་ང་ཡི་ཆེད་དུ་རྒྱང་རིང་ཞིག་ལ་བུད་སོང་ཟེར
བུ་མོ་དེས་མིག་ཕུར་ཚུགས་སུ་བཏབ་ནས་ང་ལ་བལྟས་པས
མདང་ནུབ་སྒྲོན་པའི་ལ་སྒྲོན་དེ་ཁྱེད་ཀྱི་སྤྱན་གྱི་གཟིགས་ཕྱོགས་ཨེ་ཡིན་སྙམ
ལྕང་གླིང་གསེབ་ནས་བྱིའུ་སྐད་གྲགས་པ་ན་ཁོ་མོས་ཧ་ཅང་གཟབ་ནན་ངང
སྐྱེ་བ་འདི་ལ་ཁྱེད་ཀྱིས་ང་ལ་ཁྲེལ་མེད་བྱེད་དོན་ཅི་ཡིན་ཟེར
སྤྲིན་པའི་ནང་གི་ཆར་ཆུ་ནི་ཁྱེད་ཀྱི་ངག་ལས་ཟླ་བ་སྒོར་སྒོར་ཞིག་ཏུ་གྱུར
ཟླ་བཞི་བའི་ནང་གི་ཞེན་ཆགས་དོད་པའི་ཟླ་བ་ཞིག་ཏུ་གྱུར
རླུང་བུ་ཤུར་ཤུར་ལྡང་ངས་ཁོ་མའི་སེམས་སྒྲར་ཉན་ནས་ཟླ་བ་ལ་སྙན་ངག་ཅིག་གྱེར་བ་ཡིན
སྐར་ཚོགས་ནི་ཟླ་བའི་མིག་ཆུ་ཡིན་ནམ་ང་ཡི་སྙན་ངག་ཡིན
མཚན་མོ་དེར་འཕྱོངས་རྒྱས་ནི་མི་མེད་ལུང་སྟོང་ཞིག་རེད
ང་རང་བུ་མོ་དེའི་གམ་དུ་བསྡད་ནས་རྨ་ཆུ་ཞེས་པའི་ཆུ་བོ་ཞིག་ཡོད་རབས་བཤད
ཆུ་བོ་དེ་ནི་ངས་ཁྱེད་ལ་བྲིས་པའི་བརྩེ་འཕྲིན་ཡིན་ཞེས་བཤད་མྱོང
ད་ལྟ  རྨ་ཆུར་དར་ཆགས་ནས་གང་ལ་བཞུར་བའང་མཐོང་ཐབས་མི་འདུག

དེ་རྗེས་སུ་ཟླ་བ་སྒྲོལ་མ་ཟེར་བའི་བུ་མོ་ཞིག་བུད་སོང་བ་ངའི་རྨི་ལམ་དུ་རྨིས་པ་ཡིན་ནམ
ང་ཡོད་སར་ཁོ་མོས་རྒྱང་རིང་ནས་བསྐུར་ཡོང་བའི་འཕྲིན་ཡིག་ཅིག་འབྱོར་འདུག
མདང་ནུབ་མཚན་གང་བོར་འཕྲིན་ཡིག་དེའི་ནང་དུ་ཅི་ཞིག་བཤད་ཡོད་སྙམ་ནས་གཉིད་པ་ཡིན
འཕྲིན་ཡིག་དེའི་ནང་དུ་མཚོན་དོན་མི་གསལ་བའི་རི་མོ་ཞིག་འདུག
རི་མོ་དེའི་ཆེད་དུ་ང་རང་དབུས་ལ་ཡང་བསྐྱར་འགྲོ་དགོས་བསམ
ནམ་ལངས་པ་ན་ང་རང་དབུས་ལ་སོང་བའི་གནས་ལུགས་གང་ཡང་རྙེད་ཐབས་མི་འདུག
ང་རང་འཕྱོངས་རྒྱས་ཟེར་བའི་ས་ཆ་ཞིག་ཏུ་སོང་མྱོང་བ་སུ་དང་གང་གིས་མི་ཤེེས
ང་རང་གིས་ཀྱང་མི་ཤེས

2015.6.6མཚན་མོར་གསེར་ཐང་ནས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།