དུར་བྱང་གི་ཉེ་དུས་ཀྱི་བཅད་རྩོམ་ཁག་དགུ།

རྩོམ་པ་པོ།:དུར་བྱང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-02 09:25:00 ཀློག་གྲངས།:

                                མིག་གི་སྐར་མ།
                                       དུར་བྱང་། (དཀར་མཛེས།)

གལ་ཏེ་ནམ་མཁའ་ཁྱོད་རང་ཡིན་ན། །
སྤྲིན་དང་སྨུག་པ་འཁྲིགས་པའི་ཀློང་ནས། །
ཨ་ཅག་ཁོ་ཚོའི་མིག་གི་སྐར་མ། །
ས་གཞིའི་མེ་ཏོག་འཁྲུངས་ས་དེ་རུ། །
མི་ཏིག་བཞིན་དུ་ཕྲེང་བར་བསྟར་ན། །
ས་ལ་ལྷུང་བའི་ཟེའུ་འབྲུ་ཆ་གཅིག །
སྙིང་གི་སྟེང་སར་སིམ་ནས་བུད་འགྲོ། །

2015/6/16

                                གཏམ་རྒྱུད་ཀྱི་སེམས་ཁྲལ།
སེམས་པ་དེ་གས་སྨྲེང་གླུ་ཐོ་རུ་གྱེར་ན། །
ཞིང་གྲོང་བུ་མོའི་ལག་པའི་ཕྱི་ནིང་རྩེད་ཆོག །
ལོ་ཟླའི་ཕུགས་སུ་བསྙལ་བའི་ས་སྲོད་ཅིག་ལ། །
སྙན་ངག་ཟོ་བ་གང་གི་སྡིག་སྒྲིབ་ཁྱེར་ནས། །
ངལ་གསོ་ཕྲན་ཙམ་ཡིད་ཀྱི་གཏིང་ན་བྱས་འདུག།
ང་རང་ལམ་འགྲམ་དེ་ཡི་སྤྲང་པོ་ཞིག་རེད། །
མིག་གིས་རྒྱང་ལ་ཅེར་ནས་རི་ལམ་བསྙེགས་ཡོད། །
ཐོ་རངས་སྐྱ་ཀའི་རྨི་ལམ་འཁོར་ཚུལ་ཅི་བཞིན། །
ལོ་ཟླའི་ས་སྲོད་ཅིག་ལ་རེ་བས་འཁྲེང་ཡོད། །
སང་ལོའི་དཔྱིད་ཀྱི་དཔལ་ཡོན་རི་ལ་འཐེན་ན། །
སྨུག་པར་འདྲེས་པའི་གཏམ་གྱི་ཡོལ་བ་ཕྱེས་ཤོག །

2015.7.3

                                མིག་གི་ཁམས་ལ།
དབུ་སྐྲ་ཕར་ལ་འཁྱིལ་དུས་གཙང་བོ་བྲུག ། །
གཙང་བོའི་གཞུང་ལ་བརྩེ་བ་ཆར་དུ་སྙིལ། །
མིག་གི་ཁམས་ལ་རྒྱང་རིང་མཛའ་མོ་ཞིག །
ཕར་ལ་བལྟས་ཙམ་ཡིད་ལ་མེ་ཏོག་གད ། །
ཆར་བ་ཟམ་ཟིམ་རླུང་བུ་འཇམ་ཐང་ཐང་། །
གཤོག་པ་ཆུ་ལ་བསྙལ་བའི་བྱེའུ་ཆུང་དེ ། །
འགྲོ་དྲུག་གར་ལ་རྩེན་པའི་བར་མཚམས་དེར། །
རླུང་དང་སྒྲ་དབྱངས་སྟོང་བའི་ནམ་མཁའ་ལ། །
སྤྲིན་དང་སྨུག་པས་བལྡག་པའི་གྲིབ་མ་འཁོར། །

2015.6.19ཉིན་གྱི་ཞོགས་པར།

                                རྨི་ལམ་འཁྲུལ་ཚུལ།
མེ་ཏོག་འདབ་མ་བརྒྱད་ལ། །
ནམ་མཁའི་རྒྱུ་སྐར་འཕྲོས་ན། །
གཟུགས་དང་མཚན་མ་ལྡོག་སྟེ། །
རྨི་ལམ་འཁྲུལ་ཚུལ་རྟོགས་ངེས། །
འཁྱག་རོམ་རྒྱ་ལས་གྲོལ་ཚུལ།
ཏག་ཏག་དཔྱིད་ཀྱི་བུ་མོས། །
ས་གཞི་གཙང་བོའི་ངོས་ལ། །
སྣུམ་ཚོན་སྐྲ་ཡི་ལོ་མས། །
རྒྱུ་མའི་གར་དང་སྡེབས་སྟེ། །
ལམ་གྱི་གོ་རིམ་བསྟན་ན། །
རྒྱ་ལས་གྲོལ་བའི་འཁྱག་རོམ། །
དངུལ་གྱི་ཟླ་བའི་གསེབ་ལ།
ཚ་བའི་སྡུག་བསྔལ་སྦྱར་ནས། །
འཆི་ཁའི་མེ་རུ་གདབ་ཆོག །

2015/6/16 ལ།

                                ཁྱོད་ལ་སྦྱར་བའི་སྙན་ངག་ཅིག
ཉི་མ་རེ་རེ་འདས་ཚུལ་རེ་རེ་མོག་མོག་ཅིག །
དུས་ཚོད་འདི་ལ་ཁྱོད་ཉིད་གར་སྟབས་གང་དུ་བསྒྱུར། །
ཁྱོད་ཀྱི་ས་ཡི་ནམ་མཁའ་རེ་དང་སྤྲིན་པ་རེ་ལ། །
བརྩེ་བའི་ཆར་དང་བདུད་རྩི་འཇོ་བ་ན་ཟུག་ཅིག །
བར་ཐག་རེ་ལ་དགུ་ཆུའི་བཅད་ན་ཚེ་སྲོག་ཅིག །
རྨི་ལམ་གཞུང་ལ་དགུན་ཁ་བཞད་པའི་དངངས་སྐྲག་ཡོད། །
འཇིག་རྟེན་འདི་ན་དབྱངས་ཀྱི་སྙན་ཚིག་ལྷིང་འཇགས་རེ། །
དུངས་ཞེན་ལོ་མའི་ཚངས་དབྱངས་གླིང་བུ་འབུད་པའི་སྲོལ། །
ཡིད་འོང་ལྷ་མོར་སྐད་ངག་དམའ་མོས་ལན་འགར་གཏོང་། །
གལ་ཏེ་འཇིག་རྟེན་ཁྱོད་རང་ཡིན་ན་དབྱངས་ཅན་མར། །
མལ་ཁྲིའི་སྟེང་གི་རྨི་ལམ་ཡོད་ཚད་མཇུག་བསྡུས་ཤིག །

2015/6/167ཉིན་ཕ་ཡུལ་ནས།

                                རྒྱུ་མའི་ལན་བུ།
རྒྱུ་མའི་ལན་བུ་ཕར་ལ་བསྐྱོད་ཙམ་བྱས་ན། །
གཤོག་པའི་སྟེང་ལ་དངུལ་གྱི་ཁ་བ་བབས་ཡོང་། །
ལུས་སེམས་རྩེ་ལ་ཟུག་པའི་རླུང་བུ་ལྡང་ན།
ང་ནི་མེ་ལོང་ནང་གི་ཆར་ཟིམ་དེའོ། །
ཉི་མའི་གཙང་བོ་དེའང་སྐེ་རག་བྱེད་འདོད། །
གཙང་བོའི་མེ་ཏོག་རེ་རེ་སྤྲུག་སྤྲུག་བྱས་ན། །
ལོ་མ་ཙམ་ཞིག་ཁུར་ནས་རི་ལ་ཆས་འགྲོ། །
འཇིག་རྟེན་མདུན་རྒྱབ་འབྲེལ་བའི་སྐུད་པ་དེའང་། །
རང་བྱུང་འཇའ་ཡི་རྨུ་ཐག་འཁྲུལ་བར་བཟོས་ན། །
ལས་ཀྱི་གཙང་བོར་བྲིས་པའི་སྣང་བ་ཕྲ་མོ། །
སྒེའུ་ཁུང་འགྲམ་ནས་འཕུར་བའི་སྦྲང་མ་ཡིན་སྲིད། །
གློ་བ་ཆུང་ཆུང་ཞིག་གི་ཉིན་སྲིབ་བར་ལ། །
རི་དང་རྩྭ་ཐང་ཀུན་པོ་དབྱིངས་ལ་བཏེགས་ཡོད། །
ཟླ་བ་ཁོ་ནས་མདུན་གྱི་རླུང་བུ་དེ་ལ། །
མིག་ཤེལ་ངོས་ཀྱི་སྤྲིན་དང་སྨུག་པ་རིང་ཚུལ།
འཁོར་བའི་གཏམ་སྒྲུང་བཞིན་དུ་ཡི་གེར་ཕབ་ཆོག །

2015/6/15 དགོང་མོར་བྲིས།

                                མ་གཞི།
རླུང་བུ་ཙམ་ཞིག་ལྡང་ན་སྐྲ་ལོ་འགུལ། །
མེ་ཏོག་རྫ་བུམ་གང་དེ་ཟིལ་བས་བཅོམ། །
མིག་གིས་ལོ་མའི་སྟེང་གི་ཟེའུ་འབྲུ་དེར། །
གཅིག་ནི་པད་མ་གཅིག་ནི་སེར་ཆེན་འཁྲུལ། །
པད་མའི་ནང་གི་དྲི་བསུང་ཞིམ་པོ་ཞིག །
སེམས་ཀྱི་བརྩེ་བར་སྦྱར་ན་རྨོངས་པར་གྱུར། །
ཅིག་ཤོས་དེ་ཡི་ལོ་འདབ་ལྷུག་པོར་གྲོལ། །
ཟེའུ་འབྲུ་སེར་པོར་གྱུར་ནས་ཡོངས་སུ་སྨིན། །
སྒྲོ་དབྱིབས་ཧ་ཅང་མཛེས་པའི་གསེར་སྦྲང་དེ། །
རླུང་གིས་ཁུར་ཙམ་ཁུར་ཙམ་གམ་དུ་བཙུད། །
རྨི་ལམ་མེ་ཏོག་དེའང་རྡོ་བར་གྱུར།  །
མིག་ཆུ་རྡོག་གཅིག་སྙིང་གི་གཏིང་སར་ལྷུང་། །
འཚོ་བའི་ནམ་མཁའ་དེ་ཡང་རྒྱང་དུ་གྱེས། །

2015/6/16 ཞོགས་པར་བྲིས།

                                ཚེ་ཡི་ལོ་མ།
རི་དང་རྩྭ་ཐང་སྣང་བར་བསྲེས་ནས། །
གཞས་ཤིག་ཡང་ཡང་རི་ལ་འཐེན་འདོད། །
མཚོ་འདབས་ངང་ཁྱུའི་གཤར་ལམ་དེ་ལ། །
སང་ལོའི་སྟོན་ཟླའི་རི་མོ་བབས་འདུག །

རྩྭ་ལྗང་ཞིག་གི་རལ་བའི་གསེབ་ལ། །
གསེར་དང་དངུལ་གྱི་མེ་ཏོག་བཞད་པ། །
གྱེས་ཁའི་གདུང་བའི་ཕྱིར་མིག་ཕག་ན། །
དུང་བའི་ཕྱི་ནང་དལ་གྱིས་བཀྲབས་ཡོད། །

ཉི་མར་འཐེན་པའི་མེ་ལོང་གཞུང་ལ། །
འཁོར་བར་དཀྲིས་པའི་དབུ་སྐྲ་འཐག་པ། །
ནམ་མཁའི་རྒྱབ་ལ་འཁོར་བའི་གཙང་བོར། །
ཚེ་ཡི་ལོ་མར་འཇའ་ཚོན་བཏེགས་རོགས། །

ལྷོ་ཡི་སྤྲིན་པའི་གཤོག་པའི་སྟེང་ལ། །
སྣང་བ་ཕྲ་མོའི་རྣ་ཆ་སྦྱར་བ། །
ཆང་ཕོར་དམ་བུ་གང་གི་ཟོལ་གྱིས། །
འཁོར་བའི་ལྷ་ལ་མུན་པ་བསྩལ་ཆོག །

མིག་གིས་རྒྱང་ལ་འཁྲུལ་བའི་འཆི་འཕོ། །
ལག་པའི་ངོས་ཀྱི་རི་མོར་བཏེགས་ཀྱང་། །
ཕྱོགས་བཞིའི་མཐའ་ལ་རེ་བའི་བསྙེག་པའི། །
འཚོ་བའི་མནར་གཅོད་སྙིང་ལ་བརྒྱབ་འདུག །

2015/6/17

                                ནང་སེམས་བསྟན་པ།
འདི་ནས་རི་དང་གཙང་བོའི་ཁུད་ན། །
ན་ནིང་བཤད་པའི་བརྩེ་བ་ཉལ་ཡོད། །
ལག་པའི་ངོས་ཀྱི་རི་མོར་གསལ་བས། །
གདུང་སེམས་ཆེ་བའི་དགའ་མ་མཐོང་། །

ཆུང་དུས་རྩེད་ར་གཅིག་ཀྱང་མི་གཅིག །
ལང་ཚོའི་མཆི་སྦྱོར་ཧ་ཅང་ལེགས་ཟེར། །
མདང་དགོང་རྨི་ལམ་མཐའ་མའི་མཚམས་སུ། །
སྤྲིན་དང་སྨུག་པ་ལྡེམ་མཚམས་བཞག་འདུག །

སྲོད་ཀྱི་གཙང་བོའི་ཕྱིར་མིག་དབུས་སུ། །
དུང་བའི་དར་སྐུད་ཆུ་ལ་འདྲེས་པ། །
སེམས་ཀྱི་ལོ་མ་ཁྱེད་ལ་ཕྱོགས་ན། །
དབྱིངས་ཀྱི་རི་མོའི་མཛེས་སྡུག་སྟོན་རོགས། །

ལོ་ཟླ་ཧྲིལ་བོ་འདུས་པའི་མོད་ལ། །
མྱི་ཁ་མདའ་མོ་མེ་ལ་སྦར་བ། །
སུ་ལ་མངའ་བའི་བར་ཐག་རེ་ལ། །
རི་དང་ཆུ་བོས་ནང་སེམས་བསྟན་འདུག །

རང་བྱུང་གསང་བའི་འགྱུར་བག་ཁྲོད་ནས། །
སྤྲོས་པའི་མཐའ་ལ་བསྐོར་བ་བརྒྱབ་ཡོད། །
འཚོ་བའི་གཤོག་པ་རླུང་གིས་འཁྱེར་ན། །
མཆི་མའི་ལེའུ་ཡི་གེར་ཕབས་ཆོག །

2015.7.26 མཚོ་ཁ་ནས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།