མག་མོག་གི་རང་མོས་སྙན་ངག་ཁག་ལྔ།

རྩོམ་པ་པོ།:མག་མོག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-10-14 10:28:00 ཀློག་གྲངས།:
                                              རི་བོ་ཞིག་སྒོམ་ཚུལ།
རྡོ་ཨ་དཀར་ལས་མཆེད་པའི་མེ་སྟག་དང
ལུག་མ་མོ་ཞིག་གི་བ་སྤུ་རྐྱང་རྐྱང་སླས་ནས
སྐྱེ་བ་བརྒྱ་ཡི་མགོ་མཇུག་ལ་སྒྲིལ་བའི་བལ་སྐུད་གཅིག
མཐའ་ཡི་རྒྱ་མཚོའི་ཕ་རོལ་ཏུ་བརྐྱངས་ཐུབ་སོང

ད་ནི    སྔར་གྱི་གསལ་མི་གསལ་བའི
ལྷ་མོའི་རྒྱབ་གཟུགས་དེ་ཚོས   ཁ་ཚུར་ལ་འཁོར་སོང་སྟེ
ཁ་སྣ་མིག་གསུམ་པོ་ནི་བྲིས་བཞག་པ་ལྟར་མཛེས
ཡང་ན་ནམ་མཁའ་ལ་ཤར་བའི
སྐད་གཅིག་གློག་འགྱུ་ཡི་མཛེས་པའོ
བདག་ནི་འཁྲུལ་སྣང་ཆེ་བས
མཛེས་པ་དེ་རི་བོ་ཞིག་ལ་མཐོང་ཞིང
བལ་སྐུད་ཀྱི་སྣེ་མོ་རི་བོ་དེ་ལ་འབྱར་ཡོད

ཕ་ལགས་དང་མ་ལགས་བདེ་བར་བཞུགས་ཤིག
ལག་པ་དང་རྐང་པ་བདེ་བར་བཞུགས་ཤིག
བདག  བལ་སྐུད་འདི་རྒྱུད་དེ་རི་བོའི་ཕྱོགས་སུ་བསྐྱོད་པར་བྱ
དེ་ནི་མཛེས་པའི་ཕྱོགས་སུ་འགྲོ་བའོ

འདི་ཡང་ལྗོངས་རྒྱུ་རིང་པོ་ཞིག་ཡིན་པས
རི་བོ་ལས་ཅིའང་བསམ་པར་མི་བྱ་ལ
ཕྱིར་མིག་ཐེངས་ཤིག་ཤོར་ཚེ  རང་ཉིད་བོར་སྲིད
རི་བོ་ལས་ཅིའང་བསམ་པར་མི་བྱ

                                              སྒྲུང་རྩོམ་དང་བྱ་ཁུག་རྟ།
སྒྲུང་རྩོམ་ཞིག་མགོ་བརྩམས་ནས
ལུང་མདའི་དུད་ཚང་ཞིག་ལ་ཐོན་དུས
སྒྲོམ་ཐོག་གི་བདུན་ཚར་ནང་གི་སྤྲིན་པ
ཆུ་ཁ་ན་ཤུད་པའི་ལུག་རོ་ཞིག་ཏུ་གྱུར་ཏེ
ལྕགས་ཐབ་སྟེང་གི་རྫ་མ་ལ་དུ་བས་ཁྱབ
སྐེད་པ་ཕྲ་བའི་བུ་མོ་དེ་ལ་ཕུལ་བའི་ཆགས་སྲེད་རྣོ་མོས
ཧ་པ་ཆུང་ཆུང་འདིའང་སེང་ཕྲུག་ཅིག་ཏུ་འཛིན་བཅུགས་པས
མེ་ལོང་ནང་གི་རི་རབ་དང་རི་རབ་དེ་དག་རྒྱུད་ཀྱི
ལྕང་སྡོང་གི་ཤུན་པགས་ལ་ནད་འབུ་དུ་མ་འདུས
ཕྲ་མཐོང་རྒྱང་ཤེལ་གྱིས་ཞིབ་དུ་ཉུལ་དུས
སྐྲ་ལོ་སླས་མ་རྣམས་རིམ་བཞིན་འཐོར
ལན་བུ་དུམ་གཅིག་གི་སྣེ་ནས་ཟགས་པའི་ཚེ་སྲོག་དེ
ལྡུམ་ར་ནང་གི་རྩྭ་སྐྱ་སྐམ་པོ་ཞིག་དང་འདྲ

སྒྲུང་རྩོམ་ཞིག་མགོ་བརྩམས་ནས་མཚམས་འདིར་ཐོན་མ་ཐག
ཤར་ཕྱོགས་ནས་གཤོག་ཟུང་ཅན་གྱི་བྱ་ཁུག་རྟ་ཞིག་འཕུར་ཡོང
རྩོམ་པ་པོས་དེ་མཐོང་བས
མཛེས་པ་ནི་མེ་ཏོག་ཁོ་ནས་མི་ཆོག་ཟེར་ཏེ
བྱ་ཁུག་རྟ་གཅིག་འབྲི་མགོ་བརྩམས
དེས་རྩྭ་སྐྱ་སྐམ་པོ་རྣམས་ཟོས་སོང    ཟོས་སོང
                                              ཁྲག་གི་རྒྱ་མཚོ།   བྱེ་མའི་རི་བོ།
                                            སིའི་པཱ་ཏཱ་ཁི་སི་ལ་ཕུལ་བའི་ཡིད་བརྙན་ལྔ།
                  ༡
ཡིག་འབྲུ་ཁྲི་ཕྲག་གིས་བཞེངས་པའི་ཕོ་བྲང་ཞིག་གི་རྩེ་མོར
ཉི་ཟླ་ཆོས་འཁོར་ཆ་གཅིག་གི་གཟི་བྱིན་འོད་དུ་འཚེར
                 ༢
མ་གཞི་བར་སྣང་ནི་རས་ཡུག་གིས་བཟོས་པའི་ཁུག་མ་ཞིག་ཡིན་ཡང
མདའ་སོ་ལྟ་བུའི་ལབ་རྩེ་དེ་ཚོ     ཕྱི་རོལ་དུ་ཟགས
                 ༣
ཆར་བའི་ཁྲོད་ནས་རྐང་རྗེས་སུ་རྒྱུག་པའི་བྱིས་པ་དེ་ནི
ཕ་མའི་ལག་འོག་ནས་ཤོར་བའི    རྟ་མཆོག   རྟ་མཆོག
                  ༤
རྩྭ་ཐང་དང་འདྲ་བའི་བྱེ་ཐང་དེ་ནས
རྔ་མོང་ཁྱུ་གཅིག་རྒྱང་རྒྱུ་བྱེད་ཅིང
གསེེར་དངུལ་ཤིང་སྒམ་གང་གི་ལྕི་ཚད་ཀུན
སངས་རྒྱས་པའི་ལྷ་ཁང་ནང་དུ་བསྐྱལ
                 ༥
མཐའ་མེད་པའི་རྒྱ་མཚོ་ཞིག་སྟེ
ཁྲག་གི་རྒྱ་མཚོ་ཞིག་མེ་རིའི་ལྡེབས་ངོས་སུ་འཁྱིལ
རྒྱ་མཚོའི་དབུས་སུ་བཞད་པའི་དཔག་བསམ་གྱི་ལྗོན་ཤིང
རྩེ་མོ་དག་ཞིང་དང    རྩ་བ་དམྱལ་ཁམས་སོ
                                              ལྷ།
ལྷ     ལྷ    ལྷ
བདག་ལ་ཁྱོད་ཡོད་པས
རྟ་དོར   ཀོ་གྲུ་དོར    རྐང་ཐང་དོར

ལྷ    ལྷ    ལྷ    
བདག་ཁྱོད་དང་ཉེ་བར་བཅར་བས
རླངས་འཁོར་ཡོད   འཕྲུལ་རྟ་ཡོད   གནམ་གྲུ་ཡོད


ལྷ   ལྷ    ལྷ
ནམ་ཞིག་བདག་ཁྱོད་དུ་གྱུར་ཚེ
མེ་འཁོར་མི་དགོས   བཤའ་བཅོས་ལག་རྩལ་མི་དགོས
སྨན་མི་དགོས      གཅིན་པ་དང་གཞན་དག་མི་དགོས

ལྷ   ལྷ   ལྷ
ནམ་ཞིག་བདག་ཁྱོད་དུ་གྱུར་དུས
སྤྲིན་གསེབ་ནས་གཏོར་བའི་ཁ་བའི་པང་ན
སྙན་ཚིག   དུག་གིས་ཕབ་པའི་སྙན་ཚིག
ཆང་ལྟར་སྙལ་བའི་སྙན་ཚིག
བྱང་ཆུབ་སེམས་པ་ཀླུ་སྒྲུབ་ཀྱི་སྙན་ཚིག་དག་ཡོད་ངེས

ལྷ    བདག་ཁྱོད་དུ་གྱུར་ཟིན་རྗེས
ཞལ་ལྕེ་དམར་པོ་འགུལ་བ་ནི
མི་ཡུལ་དུ་གློག་འཁྱུག་པ་ཡིན་ཞིང
མི་སེམས་ཀྱི་མུན་ནག་གློག་གིས་བསལ་བ་ནི་མཛེས་ཨང
དེ་བས་སྤྲིན་གསེབ་ནས་འཐོར་བའི་ཆར་འབྲུ་རྡོག་པོ་རེ་རེ་ནི
མིག་ཆུ་ཡིན་ངེས   ཟུངས་ཁྲག་ཡིན་ངེས    རུས་པ་ཡིན་ངེས

2015.6.12


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།