ཨ་མ་དྲན་པའི་སྡུག་གླུ་མཆི་མའི་དོ་ཤལ་ཞེས་བྱ་བ་བཞུགས།

རྩོམ་པ་པོ།:ཁང་སར་བསྟན་པའི་དབང་ཕྱུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-10-15 10:24:00 ཀློག་གྲངས།:

ཨ་མ་དྲན་པའི་སྡུག་གླུ་མཆི་མའི་དོ་ཤལ་ཞེས་བྱ་བ་བཞུགས།[1]
ཁང་སར་བསྟན་པའི་དབང་ཕྱུག་གིས་བརྩམས།
1938ལོ་ནས2014ལོའི་བར་བཞུགས་སོ། །

༄༅། །ཀྱེ་མ་འཇིག་རྟེན་འཁོར་བའི་འཁྲུལ་སྣང་། །མི་རྟག་འཇིག་པས་རང་མཚང་སྟོན་ཚེ། །
རྟག་འཛིན་འཆིང་རྒྱས་བཅིངས་པའི་སྤྲང་རྒན། །ཅི་བྱེད་མེད་པར་ཧད་དེ་ལུས་འདུག  །

སྲེད་ལེན་དཔྱིད་ཀྱིས་བསྐྱང་བའི་མ་བུ། །ཕན་ཚུན་བརྩེ་གདུང་དབྱར་གྱི་མེ་ཏོག །
བར་ཆད་སྟོན་གྱི་བ་མོས་བསུས་པའི། །འཆི་རྐྱེན་དགུན་གྱི་དགྲ་དེས་བཅོམ་བྱུང་། །

ཀྱེ་མ་ཀྱི་ཧུད་འཆི་བདག་བདུད་པོས། །ལས་ངན་ཉམ་ཆུང་ཨ་མ་ཁྲིད་སོང་། །
འཇིགས་རུང་ཁྲོ་གཉེར་གཤིན་རྗེའི་བཞིན་ལ། །ཉམ་ཆུང་ཨ་མས་ལྟ་བར་ཕོད་དམ། །

མི་བཟོད་ཁྲག་མདོག་ལས་མཁན་དཔུང་དང་། །ཉམ་ཆུང་ཨ་མ་འགྲོགས་པར་ཕོད་དམ། །
སོད་རྒྱོབ་འབྲུག་ལྟར་སྒྲོག་པའི་སྒྲ་དེ། །ཉམ་ཆུང་ཨ་མས་ཉན་པར་ཕོད་དམ། །

དྲོ་འཇམ་རེག་བྱ་ཨ་མའི་ལུས་དེ། །མི་རྟག་ས་རྡོ་ལྟ་བུར་གྱུར་སོང་། །
ཚིག་བཟང་ཡིད་འོང་ཨ་མའི་ངག་སྙན། །མི་རྟག་བྲག་ཆ་བཞིན་དུ་ཡལ་སོང་། །

བྱམས་བརྩེ་ལྷོད་མེད་ཨ་མའི་རྣམ་ཤེས། །མི་རྟག་བར་དོའི་དྲི་ཟར་གྱུར་སོང་། །
འཇིགས་རུང་བསྐལ་བའི་མུན་ནག་ཆེན་པོས། །ཨ་མ་བསྒྲིབས་ནས་མཐོང་རྒྱུ་མི་འདུག  །

འཆོར་མེད་གཤིན་རྗེའི་ཞགས་པ་ནག་པོས། །ཨ་མ་བཟུང་ནས་གང་དུ་ཁྲིད་སོང་། །
མ་རུངས་ལས་ཀྱི་རླུང་དམར་དྲག་པོས། །ཉམ་ཆུང་ཨ་མ་གང་དུ་དེད་སོང་། །

ཐག་རིང་བར་དོའི་འཕྲང་ལམ་ཆེན་པོར། །གྲོགས་མེད་ཨ་མ་གཅིག་པུར་འཁྱམས་སོང་། །
ཉམ་ངའི་གཡང་ས་གྲང་ལྷགས་ནང་དུ། །གོས་མེད་ཨ་མ་གཅེར་བུར་ཉུལ་སོང་། །

སྔོན་སོང་ཆོས་ཀྱི་སྒུག་མའི་གྲོགས་མེད། །རྗེས་འོང་དགེ་བའི་ར་མདའི་མཐུ་མེད། །
ད་ལྟ་ལྷན་འགྲོགས་ལྟ་བའི་གདེང་མེད། །ལས་ངན་ཉམ་ཐག་ཨ་མ་སྙིང་རྗེ། །

བསླུ་མེད་གཏན་གྱི་སྐྱབས་གནས་རྣམ་གསུམ། །ཁྱེད་ལས་གཞན་པའི་རེ་ས་མི་འདུག །
སྟོབས་བཅུ་མངའ་བའི་སངས་རྒྱས་དཀོན་མཆོག  །མི་འཇིགས་སྐྱབས་ཀྱི་སྦྱིན་པ་གནོངས་ཤིག  །

ཟབ་རྒྱས་བདེན་གཉིས་དམ་ཆོས་དཀོན་མཆོག  །བྱིན་རླབས་བདེན་མཐུས་ཨ་མ་སྐྱབས་ཤིག །
རིག་གྲོལ་གཉིས་ལྡན་འཕགས་ཚོགས་དགེ་འདུན། །མཁྱེན་བརྩེ་ནུས་པས་ཨ་མ་དྲོངས་ཤིག  །

མཚུངས་མེད་བཀའ་དྲིན་གསུམ་ལྡན་བླ་མས། །འཁྲུལ་སྣང་གཞི་ལ་ངོ་སྤྲོད་རེམས་ཤིག །
ཀྱེ་མ་ངེད་ཅག་མ་བུའི་སྡུག་བསྔལ། །ཡེ་ཤེས་སྤྱན་ལྡན་ཡོད་ན་གཟིགས་རན། །

བྱིན་རླབས་ནུས་མཐུ་ཡོད་ན་འཇུག་རན། །མཁྱེན་བརྩེ་ནུས་ལྡན་ཡོད་ན་སྐྱོབ་རན། །
བྱམས་བརྩེའི་འཛུམ་ལྡན་ཨ་མའི་ཞལ་རས། །ཚེ་འདིར་མཇལ་རྒྱུ་རེ་ཐག་ཆད་སོང་། །

སྡུག་གོ་ངེད་ཅག་མ་བུ་སྡུག་གོ། །བྱ་ཐབས་བྲལ་བ་འཁོར་བའི་ཆོས་ཉིད། །
འཆི་བདག་དམག་དཔུང་བཟློག་པའི་ཐབས་མེད། །ཚེ་ཟད་ནད་ལ་བཅོས་པའི་སྨན་མེད། །
ལས་ངན་ཆུ་ཀླུང་འགོག་པའི་མཐུ་མེད། །ཉམ་ཐག་ཨ་མ་རྒན་མོ་སྙིང་རྗེ། །

འཇིག་རྟེན་ཚེ་འདིར་ཨ་མ་གནས་ཚེ། །ཟས་གོས་འབྱོར་བའི་ཨ་མ་མ་སྐྱིད། །
དྲོ་འཇམ་ཚར་གོས་གྱོན་རྒྱུ་མ་རྙེད། །ཞིམ་མངར་ཟས་བཅུད་ཟ་རྒྱུ་མ་རྙེད། །

ལུས་སེམས་བག་ཡངས་སྐྱིད་ཉལ་བརྒྱབ་ནས། །དམ་ཆོས་བསྒྲུབ་པའི་སྐལ་བ་མ་ལྡན། །
ལས་ངན་ཉམ་ཐག་སྤྲང་ཕྲུག་བདག་གིས། །ཨ་མ་རྒན་མོར་དྲིན་ལན་མ་སོད། །

རང་ཡུལ་རི་ལུང་ཁང་ཁྱིམ་འདུག་གནས། །གཉེན་མཛའ་མཐོ་དམན་བར་མའི་འགྲོ་བ། །
སུ་ཞིག་མཐོང་ཀྱང་ཨ་མ་དྲན་རྟེན། །ཇི་ལྟར་བསམ་ཀྱང་སྡུག་བསྔལ་སྣོན་མ། །

ད་ནི་སེམས་ལ་དམ་བཅའ་བྱས་ནས། །བསླུ་མེད་དཀོན་མཆོག་སྲས་དང་བཅས་པ། །
འགྱུར་མེད་གཏན་དུ་དཔང་པོར་བཞག་ནས། །མི་ཚེའི་མཇུག་མ་ཆོས་ལ་དྲིལ་གཏོང་། །

ཉམ་ཆུང་ལས་ངན་དམན་བུ་བདག་ལ། །དུས་གསུམ་བསགས་པའི་དགེ་རྩའི་དངོས་པོ། །
ཅུང་ཟད་ཙམ་རེ་ཡོད་པར་སྲིད་ན། །ལྷག་མེད་ཨ་མའི་ཆེད་དུ་བསྔོའོ། །

དགེ་རྩ་དེ་དག་བསྔོས་པའི་མཐུ་ལས། །ཉམ་ཐག་ཨ་མ་ཚེ་རབས་ཀུན་ཏུ། །
དལ་འབྱོར་རྟེན་རྙེད་ཆོས་དང་འཕྲད་དེ། །རྫོགས་བྱང་གོ་འཕང་ཐོབ་པར་ཤོག་ཅིག  །
     ཅེས་པའང་ཆོས་སྡེ་ཆེན་པོ་ཀ་དག་སྤྲོས་བྲལ་གླིང་ནས་བརྩེ་བའི་ལྷ་གྲོགས་བློ་གསལ་འགའ་ཞིག་གིས་སྔར་ཁྱོད་ཀྱིས་མ་རྒན་མོ་ཤི་ཚེ་ཨ་མ་དྲན་པའི་མགུར་ཡིད་སྐྱོ་མོ་ཞིག་བྲིས་ཡོད་ཅེས་གཞན་གྱི་ངག་ལམ་ནས་ཐོས་ཀྱང་ད་ལྟ་ཡི་གེ་མི་རྙེད་པས་དེ་འདྲ་ཞིག་བྲི་རོགས་ཞེས་བསྐུལ་བ་ན། ཚིག་དོན་རགས་རིམ་ཞིག་འདི་འདྲ་ཡིན་སྣང་ཤར་ཞེས་རྨོངས་རྒན་ཆང་རྐྱལ་པས་བྲིས་སོ། །
[1] ཁང་སར་བསྟན་པའི་དབང་ཕྱུག་གི་གསུང་འབུམ་བཞུགས་སོ། ། དེབ་དང་པོ། ཤོག་ངོས247ནས251བར་བཞུགས་སོ། ། མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ5པར་པར་གཞི་དང་པོ་བསྒྲིགས། 2008ལོའི་ཟླ1པེ་ཅིན་དུ་པར་ཐེངས་གཉིས་པ་བརྒྱབ།
རིག་པའི་ཁུ་བྱུག་གི་ཟིན་བྲིས་ལས་བཏུས་པ། http://blog.amdotibet.cn/ganmugun/index.aspx


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།